ཀྲུང་གོ་བོད་ཀྱི་དྲ་བ།

ལས་འབྲས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྔ་བ་དཀར་བྷེ།   སྤེལ་དུས། : 2019-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོང་རྡལ་འདིའི་དགུན་ཁའི་ཞོགས་པ་འདི་ན་ནིང་དང་བསྡུར་ན་ཇེ་འཁྱག་རེད། མདང་དགོང་ཡང་ཁ་བ་སྟུག་པོ་ཞིག་བབས་འདུག་ལ། དྭངས་གཙང་གི་ཆུ་མོ་ཐམས་ཅད་སྔར་ནས་འཁྱགས་པས་བསྡམས་ཟིན། གྲང་རླུང་རྒོད་པོ་དག་ནི་ཁབ་ཀྱི་རྩེ་མོ་ཐོགས་པའི་གཟུགས་མེད་ཀྱི་དངོས་པོ་ཞིག་དང་འདྲ་བར་རེག་པ་ཙམ་གྱིས་བཟོད་མེད་ཀྱི་ཟུག་རྔུ་འབྱིན་པར་བྱེད། གཞུང་ལམ་སྟེང་ད་དུང་རྐང་རྗེས་གཅིག་ཀྱང་ཕབ་མེད། གྲོང་རྡལ་འདིའི་འདུ་འཛི་དབེན་སྟངས་ནི་ནད་ཀྱིས་མནར་བའི་རྒན་པོ་ཉམ་ཐག་ཅིག་སྨྲ་བ་མེད་པར་ཁུ་སིམ་མེར་ལིས་འདུག་པ་དང་ཀུན་ནས་མཚུངས།

བོད་ཡུལ་ལ་མཚོན་ན་གྲོང་རྡལ་འདི་ནི་ཅུང་དར་རྒྱས་ཆེ་ཞིང་མི་གྲངས་ཀྱང་ས་ཆ་གཞན་ལས་ལྡབ་འགྱུར་གྱིས་མང་ནའང་དགུན་ཁའི་ཞོགས་པ་འདིར་སྔ་མོ་ནས་ལངས་མཁན་ནི་ཧ་ཅང་ཉུང་།

ཡུད་ཙམ་འགོར་རྗེས་རྫོང་སྨན་ཁང་གི་ཕྱོགས་ནས་ཧཱ་པ་འགས་ཟུག་སྐད་བརྒྱབ་བྱུང་། རྨི་ལམ་གྱི་འདུ་འཛི་ལ་བྲེལ་བའི་བཀྲ་གོ་གཉིད་མཐུག་པོ་དེ་ལས་སད་ཙ་ན། བཀྲ་གོའི་ཁྱིམ་གྱི་སྐར་ཁུང་ནང་ནས་ཁྲོག་སྒྲ་དང་སྡིགས་དམོད་ཀྱི་སྐད་གཉིས་རེས་མོས་ཀྱིས་གྲགས་པས་ཁོ་སུན་ཐག་ཆོད་དེ་སློག་པ་ཐེད་པོ་ཞིག་གཡང་ཤམ་བྱས་ནས་སྒོའི་ཕྱི་རོལ་ལ་རྒྱུག་དུས་བྱིས་པ་འགས་ལག་གཡོན་པར་དར་ཤུད་པང་གདན་གྱི་ལྕགས་ཀྱུ་དང་ལག་གཡས་པར་ཆུ་རྡོ་རེ་བཟུང་ནས་སྐར་ཁུང་གི་ཕྱོགས་སུ་འཕེན་གྲབས་བྱེད་ཀྱིན་འདུག ཁོ་ཚོའི་དང་གར་གཡིས་སྣུམ་དང་འོ་དྲེག་གམ་སྣབས་ལུད་སོགས་གང་ཡིན་མི་ཤེས་པ་ཞིག་གིས་སྦགས་ཤིང་ཡ་ཁ་དང་མ་ནེའི་བར་ན་སེར་ལ་རིང་བའི་སྣབས་རེ་ད་དུང་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་ཅིང་སྐབས་རེར་ཡར་འཐེན་ཞིང་ཡུད་ཙམ་འགོར་རྗེས་མར་བསྣར་ཡོང་བ་རེད། དེ་དག་གིས་མིག་འབྲས་ཆེས་ཆེར་བགྲད་ནས་ཁོའི་ཕྱོགས་སུ་བལྟས་ཡོད་པའི་ཚུགས་ཀ་དེ་མཐོང་འཕྲལ་བཀྲ་གོ་ཁ་སྤོ་ཁ་ནས་ལངས་པས་དེ་མ་ཐག་ས་ནས་ལག་ལ་གང་ཐོན་ཞིག་བླངས་ཏེ་ཁོ་ཚོའི་ཕྱོགས་སུ་འཕངས་ཀྱང་སྣབས་ལུག་དེ་དག་མགྱོགས་དྲགས་པས་སྐད་ཅིག་ཉིད་ལ་བྲོས་ཚར་བས་ས་རྡུལ་ལང་ལོང་རེ་འཕྱུར་བ་ལས་ཅི་ཡང་མ་མཐོང་།

“སྡུག་ཅག སྤྲང་ཕྲུག་འདི་ཚོ། ཅུང་མིན་ན་ངའི་རྐང་ཚིགས་གཡས་མ་ཡང་གྱོལ་དུ་བཅུག་སོང་།” བདེན་ཏེ། བཀྲ་གོ་ནི་སྤྲང་རྒན་ཁེར་འདུག་ཅིག་ཡིན། ཁོ་ལ་རྫོང་སྨན་ཁང་གི་ཟུར་ན་ཁང་པ་ཞིག་ཡོད་ལ། ཕྱི་ནས་ཡོང་མཁན་ཞིག་གིས་བལྟས་ན་དེ་ནི་སྤྱོད་ཁང་ཞིག་དང་མཚུངས་ཤིང་། ནང་ལ་འཛུལ་ན་རྟ་ཁང་ཞིག་དང་ཀུན་ནས་འདྲ་བ་རེད། རྒྱུ་མཚན་ནི་ཁང་པའི་ཆེ་ཆུང་ནི་དངོས་འབྲེལ་སྤྱོད་ཁང་ལྟ་བུ་ཞིག་ལས་མེད་ལ་ནང་དུ་འཛུལ་མ་ཐག་རྐང་རུལ་ལམ་དྲི་ངན་བཙན་པོ་ཞིག་གིས་ཁྱབ་ཅིང་ཕྱི་མི་ཞིག་ཚམ་ཚོམ་མེད་པར་ཁང་ཁྱིམ་དེ་ལ་འཛུལ་ན་ཁ་མལ་ནས་ཞེན་པ་ལོག་ཅིང་སྐྱུག་རྒྱུ་ཡོང་ཁོ་ཐག་ཡིན། བཟའ་ཆས་དང་གད་སྙིགས་ལ་དབྱེ་བ་མེད་པར་ནག་དྲེག་གིས་སྦགས་པའི་ལྕགས་ཐབ་རྙིང་པ་དེའི་མཐའ་འཁོར་ན་ཐལ་ཕུང་བཞིན་སྤུངས་ནས་བཞག་ཡོད། ཁང་པའི་བར་གསེང་ནས་རླུང་བུ་ལྡང་བ་འགོག་ཆེད་བཀྲ་གོས་ཚགས་པར་སྣ་ཚོགས་འདམ་བག་གིས་གྱང་ངོས་ཀྱི་བར་གསེང་དག་ཏུ་ལྷག་ལུས་མེད་པར་སྦྱར་ཡོད། ཚགས་པར་དེ་དག་ནི་སྲང་བར་ནས་གང་འདོད་འདོད་དུ་ཁྱེར་ན་ཆོག་པ་རེད། སྐབས་དེར་རིག་གསར་གྱི་རླུང་འཚུབ་མཇུག་བསྒྲིལ་ནས་སྲིད་ཇུས་ཉི་མ་བཟང་པོའི་དྲོད་ཁོལ་རྒྱལ་ཁམས་ཡོངས་ལ་ཤར་བར་མ་ཟད། དགོན་པ་སླར་གསོ་དང་ཆོས་ལུགས་ལ་དད་པའི་དད་ལྡན་པ་དག་འཁོར་ཁང་དང་འདུ་ཁང་གི་མཐའ་འཁོར་ན་སྦྲང་ཚོགས་བཞིན་འདུས་ནས་ཁ་ཏོན་དང་ཆོས་ལ་འབད་ཀྱིན་ཡོད་མོད། བཀྲ་གོའི་ཁྱིམ་ན་བླ་མའི་སྐུ་པར་དང་ཐ་ན་ཁ་བཏགས་ཤིག་ཀྱང་མེད། མཚར་སྣང་སྐྱེ་བ་ཞིག་ལ། ཁོས་སྒོའི་རྐང་གདན་གྱི་མཚམས་སུ་ཕྱེད་ཀ་མེས་ཚིག་ཟིན་པའི་སྒྲོལ་མའི་ཐང་ག་དང་ཕྱག་ན་པདྨོའི་སྐུ་པར་གཉིས་ཁ་བསུམས་ནས་འཕངས་ཡོད། ཁོ་ནི་ལྟ་ལོག་པ་ཞིག་ཡིན་ནམ་ཡང་ན་དེ་དག་ལ་ཁ་ཡ་བྱེད་ལོང་མ་ཡོད་པས་ལན། དེའི་ཁྲོད་ན་གསང་བ་ཞིག་ཀྱང་མངོན་ཆུང་གིས་བསྐུངས་ནས་ཡོད་པ་རེད། བཀྲ་གོའི་ཁང་པའི་ཀླད་ཁེབས་ནི་སྟབས་བདེའི་འགྱིག་རིགས་ཤིག་གིས་བཀབ་ཡོད་ལ། ཁང་རྩ་ནས་ཁང་པའི་ཀླད་ཁེབས་བར་རྩིད་ཐག་ཅིག་གིས་ཡར་མར་སྦྲེལ་ཡོད་ཀྱང་ལྷགས་རླུང་རྒོད་པོ་ཞིག་བསམ་གཟས་ནས་བཀྲ་གོའི་ཁང་ཐོག་ཏུ་གཡུགས་པ་ན་དེ་ནི་བསམ་བཞིན་མི་ཞིག་གི་སྐྲ་ལོ་རིང་པོ་དེ་རྩ་བ་ནས་འབལ་བའི་ངང་ཚུལ་དེ་དང་ཡོངས་སུ་འདྲ་བ་རེད། ཁོའི་རྐང་བ་གཡོན་པ་འཐེང་ནས་འཁར་བར་མ་བརྟེན་ན་རང་ཚུགས་ངང་འགྲེང་ནས་འགྲོ་མི་ཐུབ་ནའང་གནས་ཚུལ་འཚུབ་ཅན་རེ་ལ་ཐུག་དུས་ཁོ་ནི་མི་བུ་ཕལ་བ་དག་ལས་ཀྱང་མགྱོགས་པ་རེད། ཁོ་ནི་རང་བཞིན་གྱིས་ཤ་རྩི་ནག་ཅིང་སྨིན་མ་གཡས་མའི་མཚམས་ན་རྨ་ཤུལ་ཞིག་མངོན་པར་དོད་ཅིང་། མཆུ་ནི་སྐམ་ནས་སེར་ག་གས་ཤིང་ཁྲག་སོ་མ་རེ་ཕྱིར་ཐོན་ལ་ཁད་བྱེད། ཁོས་སྨིན་མ་གུག་གུག་དེ་མར་དྲུད་ཅིང་མིག་ཟུང་ནག་རིལ་རིལ་གཉིས་ལས་རེ་ཆད་དང་ཁུར་པོས་གཟིར་བའི་མདངས་ཤིག་སྐྱོ་ཉམས་ཀྱིས་མངོན་ནས་ཡོད།

“སྡུག་ཤི་རྒྱག་རྒྱུ་བོ། ཡང་འབབ་རན་ཐལ། ཁ་དམྱལ་ཁམས་ལ་བསྐོར་རྒྱུ་བོ། ”བཀྲ་གོ་དངོས་གནས་ཁ་བ་འབབ་པར་མི་དགའ་བས་ནམ་རྒྱུན་མཛུབ་མོ་གནམ་ལ་ཀེར་ཏེ་འཁང་ར་ཡང་ཡང་བྱེད་ཀྱིན་ཡོད། དངོས་གནས“སྐྱིད་པོ་ཉིས་བརྩེགས་མེད་པར། སྡུག་པོ་སུམ་བརྩེགས” ཞེས་པ་ལྟར་བཀྲ་གོས་སེམས་ལ་ཐ་ན་གནམ་སྔོན་པོས་ཀྱང་ཁོ་ལ་མནར་གཅོད་གཏོང་བཞིན་པའི་སེམས་ཚོར་ཞིག་ངང་གིས་སྐྱེ་བཞིན་ཡོད། དོན་དམ་དུ་ནམ་ཟླས་ཁོའི་ཉིན་རྒྱུན་གྱི་འཚོ་བ་ལ་བར་ཆད་ཅིག་གཏོང་གིན་ཡོད་པ་ཡིན་ནམ། ཡང་ན་ཁང་པ་རལ་ཧྲུལ་འདིས་ཐིགས་ཆུའང་མི་ཁོགས་པ་ཡིན་ནམ། དེའང་བཀྲ་གོ་ཁོ་རང་ཉིད་མ་གཏོགས་གཞན་སུ་ལའང་གསལ་ཆ་མེད། གལ་ཏེ་ཁྱེད་མཐོ་སྒང་གི་ཞོགས་པ་འདི་ལྟ་བུ་ཞིག་ལ་སྲང་ཉུལ་བྱས་ན་ཁྱོད་ལ་གྲང་རླུང་བཙན་པོ་འདིས་ལུས་ཀྱི་ཆ་ཡོངས་སུ་གཙབ་པར་བྱེད་སྲིད་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་སྲིད། “སྡོད། ཁྱི་རྐུན་ཁྱོད། ཐེངས་གཅིག་བརྐུས་པས་མི་ཆོག་ཐེངས་གཉིས། ” མི་དེས་མུ་མཐུད་དུ “རྗེས་མར་གཅིག་རིག་ན་ངས་ཤུན་ལྤགས་གསོན་བཤུ་མ་བྱས་ན”སྐད་ཉམས་དེར་ཉན་ན་མི་དེ་ཧུའེ་རིགས་ཤིག་ཡིན་པ་ཐག་གིས་ཆོད། ཁོའི་ཟ་ཁང་གི་སྒོ་ནས་མི་ཞིག་ལ་དེ་ལྟར་སྡིགས་མཛུབ་སྟོན་གྱིན་འདུག མི་དེ་གྱོལ་མ་ལྡིང་གིས་རྫོང་སྨན་ཁང་ལ་སྐོར་བ་ཞིག་བརྒྱབ་པའི་ཞོར་ལ་ཕྱེ་ཐོ་དང་བག་ལེབ་འགའ་བཟུང་ནས་བཀྲ་གོ་ཡོད་སའི་ཁང་པ་དེ་ལ་འཛུལ་སོང་། བདེན་ཏེ། དེ་ནི་བཀྲ་གོ་རེད། ཁོ་ལ་ཕྱེ་ཐོ་དེ་དག་རྐུ་བའི་བྱང་ཆ་ལྡན་ཡང་ད་ཐེངས་རྐང་བ་སྔར་ལས་གྱོལ་ཞིང་ནམ་ཟླ་གྲང་བས་ཆམ་ནད་ཅིག་ཀྱང་ཕོག་ཡོད་པ་དེ་ཇེ་ཐུ་ལ་བུད་སོང་། མདོར་ན་ཁོའི་གྲོད་ཁོག་སྟོང་བ་ཡིན་ཡང་ཕྱེ་ཐོ་དེ་དག་ཟ་ཐེངས་གཅིག་གིས་ཟ་བའི་སྟོབས་དེ་མེད་པ་འདྲ།

ཁ་བ་སྔར་བཞིན་འབབ་ཀྱིན་འདུག བཀྲ་གོའི་སྒོ་འགྲམ་དུ་བྱིས་མོ་ཆུང་ཆུང་ཞིག་རྩེ་བཞིན་འདུག་པ་ཁོས་མཐོང་བྱུང་། ཅི་ཡིན་ཆ་མ་འཚལ་མོད་བཀྲ་གོ་འདང་རྒྱག་ཟབ་མོ་ཞིག་གི་ནང་དུ་སྟུག་སེ་ལྷུང་སོང་བ་དང་། ཇ་ཡུན་ཙམ་སོང་རྗེས་ཁོས་ད་གཟོད་རང་ཉིད་ཀྱི་མིག་མཐའ་མཆི་མས་བརླན་ནས་མིག་ཆུ་རྡོག་གཅིག་སྒྲོལ་མའི་ཐང་གའི་ངོས་སུ་ཐིགས་སོང་བ་གཞི་ནས་ཤེས། “འཆི་མེད་སྒྲོན། རང་ཁྱིམ……” ཁོས་ཐ་སྙད་དེ་དག་ངག་ནས་ཡང་ཡང་སྐྱོར་ཞོར་ལོ་ངོ་ཉི་ཤུའི་ཡར་སྔོན་གྱི་གཏམ་རྒྱུད་ཅིག་དྲན་འཛིན་གྱི་ངོས་སུ་གཟུགས་བརྙན་བཞིན་ཤར་ཡོང་།

དེ་ཡང་དགུན་ཁ་ཞིག་ཡིན་ཏེ། ཁང་པའི་ཕྱི་རོལ་ན་གྲང་ལྷགས་འུར་འུར་ལྡང་ཞིང་ཁ་བའི་ཚོགས་ནི་སྒྱུ་མ་མཁན་གྱིས་གར་འཁྲབ་པ་བཞིན་ལྷབ་ལྷུབ་ངང་གཅིག་འཕྲོར་གཅིག་མཐུད་དེ་ཐུར་ནས་ཐུར་དུ་འབབ་ཀྱིན་འདུག བཀྲ་གོས་ཟ་མ་གཡོས་སྦྱོར་བྱེད་ཅིང་ཁྱིམ་ལ་གད་བདར་བྱེད་པ། བླ་མའི་སར་སོང་ནས་མོ་འདེབས་པ། གྲྭ་ཚང་བོས་ནས་རིམ་གྲོ་སྒྲུབ་ཅིང་འབུལ་བ་ཡང་རྩ་ཆེན་ཏག་ཏག་འབུལ་བཞིན་ཡོད་ལ། འགྲོ་གྲོན་ཡང་མང་པོ་གཏོང་བཞིན་ཡོད། ཁོས་ཁྱིམ་ལས་ཙག་ཙིག་མཐའ་དག་རང་གཅིག་པུས་ཁུར་དུ་ལེན་ཞིང་གདོང་ལ་ཡིད་ཆེས་ཀྱི་ཉམས་ཤིག་རྒྱས་དོན་ནི་ཆུང་མ་སྒྲོན་སྐྱིད་ལ་ཐེངས་དང་པོར་བྱིས་པ་བཙའ་རན་ལ་ཐོན་པ་རེད། དེ་བས་ཁོ་དགའ་ཐག་ཆོད་དེ་ཆུང་མར་སྲི་ཞུ་སྒྲུབ་ཅི་ཐུབ་བྱེད་ཅིང་། སྒྱུག་མོས་ཀྱང“འོ་ལེ། སྐྱིད་ཉི་མ་ལྷ་ས། ད་ནི་སྡོང་སྐམ་བཞིན་ནངས་སྔ་ཕྱི་ནུབ་མེད་པར་འཁོར་ཁང་གི་སྒོ་ལ་ལོ་ལོན་ཚོ་དང་མཉམ་དུ་སྡོད་མ་དགོས་པ་རེད། ཨུ་ཧུ། ཨུ་ཧུ།” སྒྱུག་མོ་བཀྲ་མཚོས་དེ་ལྟར་ནན་ཏན་དང་བདེ་སྣང་འདྲེས་མས་ཤོད་དུས་ཁ་ཡང་སུམ་གྱིན་མེད་ལ་ཁ་ཆུ་ཡང་འཛག་ལ་ཁད་བྱེད། སྒྱུག་མོ་ལ་གློ་ཡུའི་གཉན་ཚད་ཕོག་ཡོད་པས་དགུན་ཁ་ཐོན་ཐེངས་རེར་ལུད་པ་ལུ་མཚམས་མི་འཆད་ལ། དེའི་ཁར་མོ་ནི་སེམས་གུ་དོག་ཅིག་ཡིན་པས་སྨན་པས“ཁྱོད་ཚོད་མེད་ལ་ཁོང་ཁྲོ་མ་ལངས་མ་གཏོགས་རང་སྲོག་རྟ་རྔ་འདྲ་བོ་རང་གིས་མ་བཅད་ན་ངས་ཁག་ཁུར”ཞེས་གསལ་འདེབས་དང་ཁ་ཏ་འདྲེས་མས་བཤད་མྱོང་། བཀྲ་གོ་ཚང་ལ་ད་སོ་མ་བུ་མོ་ཞིག་སྐྱེས་པ་དེ་གོ་འཕྲལ། ཚོ་བའི་ནང་གི་མི་མང་པོ་བཀྲ་གོ་ཚང་གི་སྒོ་རའི་འགྲམ་ན་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད། སྤྱིར་རོབ་ཁོག་སྡེ་བ་འདིས་ཁྱིམ་དུད་ཅིག་གིས་གཉེན་སྟོན་བྱས་ན་ཡང་མི་དེ་འདྲ་འདུས་མ་མྱོང་ཡང་ཁོ་ཚང་ནི་དམིགས་བསལ་ཅན་ཞིག་སྟེ། གནའ་ནས་ད་བར་དཔོན་རྒྱུད་ཚང་ཞེས་མཚན་སྙན་གྱི་གྲགས་པ་རྒྱས་ནས་རྒྱུ་འབྱོར་བ་དང་གཉེན་ཉེ་འབྲེལ་གང་གི་ཐད་ནས་ཀྱང་གཞན་གྱིས་ཡིད་སྨོན་བྱེད་སའི་ཚད་ལ་སླེབས་ཡོད། དེའི་ཁར་སྲུ་མོ་སྒྲོན་སྐྱིད་ནི་ངང་རྒྱུད་བཟང་ཞིང་སྐྱེ་འབྲས་མཚར་ལ་ཀུན་ལ་དགོད་འཛུམ་གྱི་སོ་ཕྲེང་སྟོན་མཁན་ཞིག་ཡིན་པས་ཚང་མས་འབྲུག་མོ་གཉིས་པ་ཞེས་མིང་ནས་འབོད་བཞིན་ཡོད་ལ་རོགས་གང་ལའང་ཆད་དུས་ཤིག་མེད་ཁར་ཁོ་ཚང་ལ་སྔར་ལས་ལྷག་པའི་མཚན་སྙན་དང་ཁ་དབང་ཞིག་རྒྱས་ནས་ཡོད།

“ཨུན། སྲས་མོ། ཨ་ལགས་ཚང་ལ་ཞུས་ན་འགྲིག་རྒྱུ་རེད། ” སྒྱུག་མོ་བཀྲ་མཚོའི་གམ་གྱི་སྡེ་དཔོན་གྱིས་གཅམ་ཚིག་དང་གུས་ཚིག་གང་ཡིན་མི་ཤེས་པའི་གདངས་ཀྱིས་དེ་ལྟར་བཤད་པ་དང་མཉམ་དུ་བཀྲ་གོ་ཚང་གི་མཐའ་སྐོར་གྱི་སྡེ་མི་གཞན་ཞིག་གིས་ཀྱང་། “དེ་འགྲིག་གི། ”“བླ་མ་ལ་བཀའ་ལུང་རེ་གནང་རྒྱུ་ཡོད་ན་ཐང་། ”རྒན་པོ་སྨ་ར་ཅན་ཞིག་གིས། “རྩ་བའི་བླ་མས་གཟིགས། སྐྱབས་ཀྱི་བསླུ་བ་མེད་པར་སྨོན ”སྒྲོན་སྐྱིད་ཀྱི་གམ་ན་ལུས་པོ་ཅུང་རྒྱགས་པའི་སྡེ་མི་དེས་སྒྱུག་མོ་བཀྲ་མཚོར་ལྟ་བཞིན་དེ་ལྟར་སྨོན་ལམ་བཏབ་བྱུང་། གནས་སྟངས་འདིར་གཞིགས་ན་སྒྱུག་མོ་ནི་ཁྱིམ་འདིའི་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་གདོན་མི་ཟ། འོན་ཀྱང་། བཀྲ་གོ་ནི་སྤྱིར་ན་སངས་རྒྱས་ཆོས་ལུགས་དང་བོན་ལུགས་པ་ཞེས་ཆོས་ལུགས་དེ་གཉིས་ཁྱི་དང་ར་མ་འཕྲད་པ་ལྟ་བུ་གཏོང་མཁན་ཞིག་ཡིན་ལ་ཨ་ལགས་ཚང་ལ་མི་དད་མཁན་དང་འཁོས་ཀ་ཞན་པའི་དུད་ཁྱིམ་དག་ལ་རྩ་བ་ཉིད་ནས་རྣམ་རྟོག་སྐྱེ་ཞིང་བཙོག་ལ་ལྟ་བར་མ་ཟད། གོ་ཐོབ་དམའ་མོ་དག་གཉའ་ནས་གནོན་མཁན་ཉག་གཅིག་ཡིན་པས་ཁོས་དེར་འདུས་ཀྱི་སྡེ་མི་དག་དཔོན་ཚང་གི་ཁང་ཁྱིམ་དེ་ནས་སྡོད་དུ་འཇུག་འདོད་མེད་པར་ཁོ་ཚོར་གོས་ཡུག་གཅིག་རེ་དང་ཤོག་སྒོར་མང་ཙམ་རེ་གཏང་རག་ཏུ་བྱིན་ནས་ཕྱིར་ལ་མངགས་པའི་ཐབས་བཀོད་འཐེན་བཞིན་ཡོད། སྐྱིད་ལོ་སྟོད་སྒུར་གྱིས་སྔར་ནས་བཀྲ་གོའི་བྱ་སྤྱོད་དེ་སེམས་ལ་བཟུང་ཡོད་པས་མིག་འབྲས་དཀར་པོ་དེ་དང་མགོ་བོ་གཉིས་འཕྲེད་དུ་གཡུགས་ཞོར “རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་ཟེར་བ་ཅིས་མ་བདེན། མི་འགྱང་བར་བདུད་དཔུང་དེ་དག་གིས་ཁྱོད་ང་ཚོ་ནང་བཞིན་སྡུག་གི་མཚོ་མོ་ལ་བསྐྱལ་ངེས་ཡིན། བསྐྱལ་ནོ་ཤག་ཤག་ཡིན” ཞེས་བཤད་ཞོར་དུ་ཁོ་ཚིག་པ་ཟོས་ཏེ་གོམ་འགྲོས་ཀྱང་ཇེ་མགྱོགས་སུ་བསྒྱུར་ནས་ཕྱིར་ཁྱིམ་ལ་ལོག་སོང་།

འཆི་མེད་སྒྲོན། དེ་ནི་བུ་མོ་དེའི་མིང་རེད། ཟླ་ཚེས་བཟང་པོ་ཞིག་ལ་བླ་མའི་དྲུང་ནས་མིང་དེ་བཏགས་ཤིང་། ཏག་ཏག་བཀའ་ལུང་ཞིག་ཀྱང་གནང་སོང་། “བུ་མོ་འདི་ཡང་བུ་མོ་ཞིག་གི་སྐྱེ་བ་བླངས་ཟིན་ཨང་། ” བླ་མས་ཕྲེང་རྡོག་དེ་གོང་མཛུབ་དང་མཐེ་བོང་གཉིས་ཀྱི་བར་ལ་བཙུར་ནས་ཉུག་ཙམ་ཉུག་ཙམ་དང་མིག་སྐྱི་ཡར་བསྡུ་ཙམ་བྱས་ནས་སླར་ཡང“ཨ། ལན་ཆགས་འདི་འདྲ་ཞིག…… ” བླ་མས་ཅུང་གཟབ་ནན་ངང“བཤགས་སྡོམ་བྱེད་ཐབས་ཀྱི་མན་ངག་རེ་ལོས་ཡོད།”ཟེར། བླ་མས་རས་ཐུམ་ཞིག་བླངས་ཏེ་དེའི་ངོས་སུ་ཡིག་འབྲུ་སྦྲུལ་ཆུང་འདྲ་བ་མང་པོ་ཞིག་བྲིས་རྗེས་བཀྲ་གོ་ལ་མཛུབ་སྟོན་བྱས་ཏེ་“ཕ་གིའི་བྲག་སྟོད་ན་རི་ཁྲོད་པ་ཞིག་བཞུགས་པས་དེར་སོང་ནས……” བླ་མ་དང་བཀྲ་གོ་གཉིས་ཀྱིས་ཤབ་ཤུབ་མང་པོ་ཞིག་བཤད་རྗེས་ཁོ་ད་གཟོད་ཁྱིམ་མི་དང་ལྷན་དུ་ཕྱིར་ཁྱིམ་ལ་ལོག སྒྱུག་མོས་བླ་མས་གསུངས་ཚུལ་དེ་རིག་རྗེས་བློ་མ་བདེ་བར་བཀྲ་གོ་ལ་བླ་མས་ཅི་སྐད་གསུངས་ན་དེ་ལྟར་སྒྲུབས་ཞེས་གསལ་འདེབས་བྱས་པས་ཁོ་ད་གཟོད་རི་ཁྲོད་པ་དེའི་དྲུང་ལ་སོང་། སྒོ་ཁར་ཐོན་དུས་ཁོས་སྒོ་རྡུང་ཞོར་རས་ཐུམ་དེ་ལེན་བསམ་དུས་རས་ཐུམ་གར་སོང་ཆ་མེད་དུ་གྱུར། ཁོ་ཁ་ཕྱིར་འཁོར་ནས་ཁ་སང་གི་ལམ་ཡོངས་ལ་བཙལ་ན་ཡང་ངལ་བ་འབྲས་མེད་དུ་གྱུར་པར་མ་ཟད་སའང་རུབ་ལ་ཉེ། དེར་བརྟེན་ཁོས་རྨོ་མོ་ལ་ཤོབ་བཤད་ནས་དོན་དག་ཡོད་དོ་ཅོག་ལྷག་ལུས་མེད་པར་བསྒྲུབས་ཚར་ཞེས་བཤད་པ་ན། རྨོ་མོའི་སེམས་ལྷོད་ཅིག་གེར་སོང་ནའང་བཀྲ་གོའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས་ནས་ཡུན་རིང་ཞིག་ལ་མཚམས་མ་བཞག

སྟོན་ལོ་སེར་པོ་དག་ས་ལ་ལྷུང་ཞིང་དེ་དག་སླར་ཡང་རླུང་གིས་བདས་ནས་ཆུ་ཕྲན་གྱི་རྒྱུན་དང་འདྲེས་ཏེ་ཐག་རིང་ཐག་རིང་ཞིག་ལ་ཁུར་སོང་། ལོ་ངོ་ལྔ་ནི་ཅི་འདྲའི་མགྱོགས་ཨང་། འཆི་མེད་སྒྲོན་ནི་ནར་སོན་ཞིང་ཆུ་ངོགས་སུ་རྩེད་གྲོགས་འགའ་དང་མཉམ་དུ་རྩེད་མོར་གཡེང་ནས་བསྡད་ཡོད། “འདྲེ་མོ་ཐོན་ཐལ། འདྲེ་མོ་ཐན་ཐལ། ” རྩེད་མོར་གཡེང་བའི་བྱིས་པ་དག་གིས་སྨད་ཤམ་ཐེད་པོ་གྱོན་ཞིང་མགོའི་སྐྲ་རྣམ་གཟེངས་པ། ལག་ལ་འཇོར་རིང་ཐོགས་པའི་བུད་མེད་དེ་མཐོང་འཕྲལ་རང་རང་སོ་སོའི་ཁྱིམ་ཕྱོགས་སུ་བརྒྱུགས་སོང་། དོན་དམ་པར་མོ་ནི་ད་སོ་མ་ལས་ཀ་ལས་ས་ནས་ཕྱིར་སླེབས་ཤིང་འདྲེ་མོ་ཞེས་པ་ནི་མོའི་མཚང་མིང་ངམ་ཉེས་མིང་ཡིན་ལ། ཉེ་སྔོན་རོབ་ཁོག་སྡེ་བ་ནས་བྱུང་བའི་དོན་རྐྱེན་ཞིག་ལ་གཞི་བྱས་ནས་བཏགས་པ་རེད། དེ་ནི་མོས་རང་གི་ཁྱོ་བོ་རྒྱ་མི་ཞིག་ཡོད་པ་དེ་དང་མ་མཐུན་པར་རྒྱ་མི་དེ་ལ་ཤིང་དུམ་ཞིག་གིས་རྒྱག་དུས་སྟབས་མ་ལེགས་པ་ཞིག་ལ་ཤིང་དུམ་དེའི་སྟེང་ན་ལྕགས་གཟེར་ཞིག་ཡོད་པ་ཀླད་སྙིང་ལ་ཕོག་ནས་ཤི་སོང་བའི་དོན་དག་དེ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། དོན་རྐྱེན་དེས་མོ་ལ་འདྲེ་མོ་ཐོགས་པས་མི་ཚད་མོའི་ཁྱིམ་ཚང་ལའང་མི་རབས་གཅིག་ལ་འདྲེ་རྒྱུད་ཚང་ཞེས་བཙོག་ལ་བལྟས་ནས་མི་གྲལ་ལ་མི་འཇོག་པ་དང་། རྣམ་ཀུན་ཐོབ་སྐལ་སོགས་བཅད་ནས་བརྙས་བཅོས་ཡང་ཡང་མྱོང་དགོས་པ་རེད། མོས་སྣང་དོགས་ཅི་ཡང་མེད་པར་ཐད་ཀར་བཀྲ་གོ་ཚང་ལ་གཏད་ནས་ཐོན་བྱུང་། འཆི་མེད་སྒྲོན་འཚབ་འཚུབ་ངང་ཁྱིམ་ལ་སོང་ནས “ཨ་ཕ། འདྲེ་མོ་ངེད་ཚང་ལ་ཐོན་ཐལ། ཨ་མ། འདྲེ་མོ་ངེད་ཚང་ལ་ཐོན་ཐལ” ཞེས་འུར་བརྒྱབ་ཅིང་བཀྲ་གོ་ཚང་གི་བཟའ་ཚང་གང་པོ་ཡང་འཐབ་འཁྲུག་ལ་བྲེལ་བའི་དམག་མི་བཞིན་དེ་མ་ཐག་ཁྱིམ་གྱི་སྒོ་ཐེམ་ཁར་དུས་མཉམ་དུ་ཐོན་བྱུང་།

ཉི་འོད་ཐག་ཚད་ཅིག་འདས་རྗེས། ད་གཟོད་རོབ་ཁོག་སྡེ་བ་ནས་ཡང་བསྐྱར་དོན་རྐྱེན་གཞི་རྒྱ་ཆེ་བ་ཞིག་བཟོས་སོང་། འདྲེ་མོས་རྣམ་པ་དེ་དག་མཐོང་མཐར“འཇོར་རིང་དེ་ཁྱེད་ཚང་གི་སྲུ་མོས་ང་ལ་གཡར་བ་དེ་ཕྱིར་རྩིས་སྤྲོད་བྱེད་དུ་ཡོང་བ་ལས་ང་ཡང་མི་གསོད་དུ་ཡོང་བ་མིན”ཞེས་མ་རངས་པའི་ཚུལ་གྱིས་འཇོར་དེ་གསིག་རྡེབ་ཅིག་དང་མཉམ་དུ་བཀྲ་གོའི་མདུན་ཐད་དུ་གཡུག་དུས། བཀྲ་གོ་ནི་ཅི་ཡིན་འདི་ཡིན་མེད་པར་སྒྲོན་སྐྱིད་ཀྱི་ཕྱོགས་སུ་བརྒྱུགས་ནས་མོ་ལ་ཉེས་མེད་ཉེས་རྡུང་བྱས། སྒྱུག་མོས་མདུན་བཀག་ནས་མནའ་བསྒགས་ཀྱང་བཀྲ་གོས་སྒྲོན་སྐྱིད་ནི་རྩམ་ཁུག་བཞིན་ཕར་འདྲུད་ཚུར་འདྲུད་བྱས་ཤིང་མཐར་སྒྲོན་སྐྱིད་རྩིག་པའི་ངོས་སུ་ཤེད་ཀྱིས་དེད་པས་མོའི་ནུ་འབུར་དང་མཆན་ཁུང་གི་མཚམས་ནས་ཁྲག་དམར་ཙ་ར་ར་ཕྱིར་ཐོན་སོང་། དེར་བརྟེན། སྒྱུག་མོའི་རླུང་ནད་དེ་གློ་བུར་དུ་འཕར་ནས་སྨན་པར་བསྟེན་ན་ཡང་མ་ཕན་པར་ཉིན་དེའི་ས་སྲོས་ཀྱི་མཚམས་སུ་མི་ཡུལ་འདི་ནས་གཏན་དུ་ཁ་གྱེས་དགོས་བྱུང་སོང་། སྒྲོན་སྐྱིད་ཀྱིས་དོན་དག་དེ་དག་དཀར་འདོན་ཞིག་བྱེད་བསམ་དུས་བཀྲ་གོ་སླར་ཡང་ཁྲོས་ཏེ་སྒྱུག་མོ་ཤི་དོན་ཡང་མོའི་མགོ་ལ་ངན་ཁག་དཀྲིས་པས་སྒྲོན་སྐྱིད་ཀྱིས་ཕུ་བོར་ཞུ་གཏུག་བྱས། སྒྲོན་སྐྱིད་ཀྱི་ཕུ་བོས་གློ་གྲི་གཡུགས་ནས་བཀྲ་གོའི་ཐོད་པར་ཅུང་ཟད་ཁེལ་བ་ན། བཀྲ་གོ་ཁོང་ཁྲོ་གཏིང་ནས་ལངས་ཏེ་སྒྲོན་སྐྱིད་ཀྱི་ཕུ་བོར་གཅར་རྡུང་བྱས་པས་སྨན་ཁང་ནང་དུ་བསྐྱལ་དགོས་པའི་ཚད་ལ་བཏང་།

བདུན་ཕྲག་གཅིག་གི་རྗེས་སུ་དཔོན་ཚང་དང་སྒྲོན་སྐྱིད་ཚང་གཉིས་ཀྱི་གྱོད་བཤད་དེ་བསྡུམས་ཤིང་བཀྲ་གོ་བཟའ་ཟླ་གཉིས་སླར་ཡང་འགྲིག་རྒྱུ་བྱས། འོན་ཀྱང་བཀྲ་གོ་དངོས་གནས་མི་གཞན་པ་ཞིག་ལ་གྱུར་སོང་བ་འདྲ། སྒྱུག་མོ་ཤི་བ་ནས་བཟུང་ཁོ་མཚན་རེ་འགར་མ་གཏོགས་ཁྱིམ་ལ་མི་འཁོར། ཉིན་ཞིག་གི་མཚན་དཀྱིལ་ཞིག་ལ་བཀྲ་གོས་སྒོ་བརྡུངས་ནས་བུ་མོ་འཆི་མེད་སྒྲོན་དང་སྒྲོན་སྐྱིད་གཉིས་ལ་དངངས་འཚབ་སྐྱེ་རུ་བཅུག་པས་སྒྲོན་སྐྱིད་ཀྱིས་མ་དགའ་བའི་རྣམ་འགྱུར་ཞིག་བསྟན་པས་བཀྲ་གོས་ཡང་བསྐྱར་གྱོད་གཞི་ཞིག་བསླངས་སོང་། སྒྲོན་སྐྱིད་ཕྱི་ཉིན་ནངས་མོར་ལངས་རྒྱུ་མེད་པ་ཞིག་ཏུ་བཏང་། སྤྱིར་ན་བཀྲ་གོས་སྔོན་ཆད་མོ་ལ་མཛུ་གུ་གཅིག་ཀྱང་བསྟན་མ་མྱོང་མོད།ད་ནི་ཁོ་ཅི་ཞིག་གི་དབང་དུ་སོང་བ་མི་ཤེས་པར་ཚོད་མེད་ཀྱི་ཉེས་རྡུང་བྱེད་པ་དང་། ཁྱད་པར་དུ་ད་རེས་ཀྱི་ཁག་མེད་ཁག་འགེལ་དང་ཉེས་མེད་ཉེས་རྡུང་དེས་མོ་དངོས་གནས་འུ་ཐུག་སྟེ་རང་གི་ཤ་ཆད་ཀྱི་བུ་མོ་ཡང་བསྐྱུར་ཏེ་མཚན་མོ་དེར་དཔོན་ཚང་གི་ཁང་ཆེན་དང་བྲལ་ཞིང་། འཁྱར་འཁྱོར་གྱི་གོམ་འགྲོས་དེས་རེ་ཆད་དང་སྙིང་རྗེ་བའི་རྒྱབ་གཟུགས་དེ་ཁུར་ནས་རྟབ་རྟབ་པོར་སྨག་རུམ་གྱིས་བསྒྲིབས་པའི་རྒྱང་རིང་ལ་ཕྱོགས་ནས་ཆས་ཤིང་། ཐག་རིང་ནས་ཐག་རིང་ལ་སོང་མཐར་གཞི་ནས་མི་མངོན་པར་གྱུར།

ད་ནི་ཁང་ཁྱིམ་འདི་ན་བཀྲ་གོ་དང་བུ་མོ་འཆི་མེད་སྒྲོན་གཉིས་ལས་མེད་པས་བཀྲ་གོས་སེམས་ལ་མདུད་པ་དགུ་མདུད་བརྒྱབ་སྟེ་དཔོན་ཤུལ་འཛིན་པའི་ཆོད་སེམས་བཅངས། ཁོས་ཉིན་རྒྱུན་གྱི་བྱ་བ་དག་ལྷག་ལུས་མེད་པར་ཚགས་ཆུད་བྱས་ཏེ་གཞན་ལ་སྨོན་མི་དགོས་པའི་ཚད་ལ་ཐོན་ནའང་། ཉིན་ཞིག་སྡེ་བའི་ནང་གི་ཆུང་གྲོགས་མི་རྐྱང་ཁ་ཤོ་ཞེས་པ་དེ་ཁོ་ཚང་ལ་ཐོན་བྱུང་། དེ་ནི་ངན་སྤྱོད་དང་མ་རུངས་པའི་བྱ་བ་སྣ་ཚོགས་ལ་བྱང་ཆ་ལྡན་པ་ཞིག་ཡིན་རུང་གྲོགས་ལ་ཕྱི་ཐག་རིང་བ་ཞིག་ཡིན་པས། ཁོ་གཉིས་ཁ་དང་ཁོག་པ་མཐུན་ཞིང་གློ་དང་རྒྱུ་མ་འདྲེས་ཏེ་གཅིག་སེམས་གཅིག་ལ་གཏད་ནས་ཉིན་རེ་ནས་ཉིན་རེ་བཞིན་བརྩེ་བ་ཇེ་ཟབ་ཏུ་སོང་། དེ་བས་མི་རྐྱང་ནི་མི་རྐྱང་སྟེ་གར་འགྲོ་འདིར་འདུག་མེད་ལ་མི་སྣ་གང་ཡིན་ལ་འགྲོགས་སླ་བས་ཆང་འཐུང་སྐོར་ཞིག་ཁོ་ཚང་ལ་ཁྲིད་ཅིང་བཀྲ་གོས་ནམ་རྒྱུན་དེ་ཚོ་དང་མཉམ་དུ་མ་ཅང་བརྒྱབ་ནས་སྐྱུར་འགོང་བྱེད་ཅིང་། སྐབས་འགར་མོ་གཞོན་ཡག་མ་རེ་ཡང་བོས་ནས་རྩེ་རོགས་བྱེད་པས་བཀྲ་གོའི་གདོང་ལ་སྔ་ན་མེད་པའི་གཟི་མདངས་ཤིག་རྒྱས་ནས་ཡོད། སྐབས་དེ་ནས་བཟུང་དཔོན་ཚང་ནི་ཇ་ཁང་དང་ཆང་ཁང་། ཡང་ན་རྒྱན་ཁང་ལྟ་བུ་ཞིག་ལ་གྱུར་པ་ལྟར་སྒོ་ནི་ཉིན་མཚན་དུས་དྲུག་ཏུ་ཕྱེས་ཡོད་ལ། བར་སྐབས་ཤིག་ནས་བཟུང་བཀྲ་གོས་གྲོགས་པོ་དག་བོས་ཏེ་མཆོད་ཁང་ནང་ནས་དུད་ཆང་བག་མེད་འཐུང་ཞིང་སྔོན་ཆད་ལྷ་ཚོགས་ཀྱི་བསྟི་གནས་དེ་ད་ནི་སྲིན་པོ་མགྲིན་བཅུའི་འདྲེ་དམག་འདུས་པ་བཞིན་ཅི་འདྲའི་སྙིང་ལ་གཟན་པ་ཞིག་རེད། གནས་ཚུལ་དེ་དག་ལ་གཞིགས་ན་ཁོ་ནི་དངོས་གནས་རྐྱལ་སྟོང་ཤ་སྟག་ཅིག་ལ་བུད་ཡོད་ཚོད་རེད། མི་རྐྱང་ཁ་ཤོ་ནི་ད་དུང་ཁ་འབྲིད་རྒྱག་མཁན་གཏེ་བོ་ཞིག་ཡིན་ལ། ཁོས་ན་ནིང་ཧུའེ་རིགས་མ་ཅང་རྒྱག་མཁན་ཞིག་ལ་མགོ་བདེ་བྱས་ནས་སྒོར་མོ་མང་པོ་ལོན་རབ་དང་། དེ་ནས་ཡང་བོད་ཀྱི་ཚོང་བ་རྒྱུ་ཆེན་ཞིག་གི་ས་ནས་ཕྱུགས་ཟོག་མང་པོ་ཐོབ་རབ་སོགས་སྒྲོ་འདོགས་དང་འུད་བརྗོད་བྱས་པས་བཀྲ་གོ་ནི་གཏམ་དེའི་རྒྱ་རུ་ཚུད་ཅིང་། འདོད་པ་ཇེ་ཆེར་སོང་ནས་མགོ་སྟོང་དེ་དག་དང་མཉམ་དུ་ཉིན་མཚན་དུས་དྲུག་ཏུ་རྒྱན་བསྐུགས་ནས་ཕྱུགས་ཟོག་དག་གཅིག་འདེད་གཉིས་འདེད་བྱས་ཏེ་སྐམས་ལ་ཁྲིད་ནས་བཙོངས་ཚར་བར་མ་ཟད། འཁྲིས་ཀྱི་ཉེ་འབྲེལ་དག་ལས་སྒོར་གཏའ་མར་བླངས་པ་དག་ཀྱང་གཅིག་འཕྲོར་གཅིག་བྱས་ཏེ་གཞན་ལག་ལ་ཤོར་སོང་། ཁྱིམ་གྱི་རྒྱུ་ནོར་མཐའ་དག་ཟད་པ་དང་བསྟུན་ནས་བཀྲ་གོ་ཚང་གི་ཁྱིམ་ནི་སྟོང་སང་ངེར་བྱེད་ལ། གྲོགས་པོ་དག་ཀྱང་ཚོང་འདུས་མགྲོན་པོ་བཞིན་སྐད་ཅིག་ཉིད་ལ་གར་སོང་ཆ་མེད་དུ་གྱུར་སོང་། དེར་བརྟེན། བཀྲ་གོའི་བཞིན་མདངས་སླར་ཡང་གྱུར་ཏེ་དངོས་གནས་ནད་པ་ཉམ་ཐག་ཅིག་ལྟར་ངལ་དུབ་ཀྱིས་མནར་ནས་ཡོད།

“གཏམ་རྒྱུད་ཀྱི་བྱུང་བ་ཅི་འདྲའི་མཛེས་ཀྱང་མཐའ་མཇུག་གི་གནས་མལ་ནི། ཉི་ནུབ་དང་འཆི་འཕོ། གང་དུའང་གཡོལ་ཐབས་མེད། གཡོལ་ཐབས་མེད། ”“འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་གྱིས་འགྲོ་ཞིང་། ། རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ། ། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ། ། བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་ཡོང་། །” བཀྲ་གོ་ཞེ་སེམས་གཏིང་ནས་སྨྲེང་བཞིན་སྐྱོ་གཞས་དེ་དག་ལེན་བཞིན་ཡོད་ཀྱང་། དེ་ལ་ཉན་མཁན་ནི་རང་གི་བུ་མོ་འཆི་མེད་སྒྲོན་ལས་གཞན་སུ་ཡང་མེད།

“བཀྲ་གོས་ཟས་སློང་གིན་འདུག་ཟེར་བ་དེ་བདེན་ནམ།” སྡེ་དཔོན་གྱི་ཆུང་མས་སྡེ་དཔོན་ལ་དེ་ལྟར་དྲིས་བྱུང་། “སྡུག་ཐང་ན་ཡོད་པ་རང་ཐོད་ལ་བླངས་ནི་རེད། ད་ལྟོས་ཨ། གཞི་བཅའ་སའི་ཁང་པའང་རྟ་ཁང་ལ་མི་དོ། དེང་སང་གི་གསར་བུ་ཚོས་ཁྱི་སྙིང་ཟོས་པ་མིན་ན་ཅི་ཡིན། ” སྡེ་དཔོན་གྱི་སྐད་ཆ་དེར་གཞིགས་ན་ཁོ་ནི་དངོས་གནས་སྤྲང་པོ་ངོ་མ་ཞིག་ཏུ་གྱུར་ཟིན་པ་ཤེས་ཐུབ། “དཔོན་ཚང་ཞེ་ན་སྟོབས་ཆེ་བ་ནགས་རྒྱལ་སེང་གེའི་དོ་ཡ། རྒྱུ་མང་བ་ཟད་མེད་རི་རབ་རྒྱལ་པོ། གོ་གནས་མཐོ་བ་ཁྱུང་ཆེན་ཁ་གདངས་མིག་ཅེར། དངོས་གནས་བཀྲ་གོའི་ལག་ལ་འཁོར་བ་ཐོན་དུས་ཐལ་བ་དང་རྡུལ་དུ་བཏང་བྱུང་། ” ཞེས་སྡེ་དཔོན་གྱིས་དེ་ལྟར་ཟེར། “སྙིང་རྗེ་ཨང་། ལས་ཀྱི་བཀོད་པ་དང་ཐོད་པའི་རི་མོ་ལ་བསུབ་ཐབས་ཤིག་གང་ན་ཡོད།” ཞེས་སྡེ་དཔོན་གྱི་ཆུང་མས་འདོན་པ་སྣ་རིང་མ་དེ་ལག་ལ་བཟུང་ཞིང་སྙིང་རྗེ་སྐྱེ་བའི་ཚུལ་གྱིས་དེ་ལྟར་ཟེར།

ད་སྐབས་ཁོ་ཕ་བུ་གཉིས་ལ་ཁང་པ་རལ་ཧྲུལ་ཞིག་ལས་མེད་ཀྱང་འདི་ལས་ཙག་རླུང་ཁོགས་ཙམ་དང་ཆར་ཆུ་འཛག་མི་ཐུབ་པ་ཙམ། ཞི་མོ་འཆི་མེད་སྒྲོན་ཁོ་གཉིས་ཀྱི་གྲོད་ཁོག་མི་ལྟོགས་པ་ཙམ་གྱིས་གནས་སྐབས་ཀྱི་འདོད་བློ་ཚིམས་ནས་ཡོད། འོན་ཀྱང་ད་ཡང་ལྟོ་བ་འཚོལ་བའི་དུས་ལ་སླེབས་འདུག་ཁར་བཀྲ་གོས་སྨིན་མ་ཕྱིར་བསྡུ་ཙམ་བྱས་ནས་གདོང་ལ་སྐྱོ་ཡུས་ཀྱི་ཉམས་ཤིག་མངོན་པ་དང་དངན་པ་ཞིག་ཀྱང་དབང་མེད་དུ་ཤོར་སོང་།

བདེན་ཏེ། བཀྲ་གོས་མིག་མདུན་གྱི་གནས་ཚུལ་སྐྱོ་བོ་དེ་ལ་གདོང་གཏད་ནས་ལ་རྒྱ་དང་ཁེ་ཕན་ཞིག་གླེང་རྒྱུ་ནི་རི་མོའི་མར་མེ་ལྟར་གྱུར་པས། ཁོས་རང་གི་ཤ་ལས་ཆད་པའི་བུ་མོ་འཆི་མེད་སྒྲོན་ཉེ་འབྲེལ་ཞིག་ལ་བཅོལ་ཁུལ་བྱས་ནས་རང་ཉིད་གྲོང་རྡལ་འདིར་ཡོང་ནའང་གནས་ཚུལ་དེ་ལས་སྡུག་པ་རེད།

“ཨ། དཀོན་མཆོག་གསུམ་པོ། རས་ཐུམ་དེ་གང་ན་ཡོད། ཅི་ཞིག་བྲིས་ཡོད་དམ། ” སྤྲང་པོར་གྱུར་ཉིན་ནས་བཟུང་བཀྲ་གོས་ནམ་རྒྱུན་བཞིན་དེ་ལྟར་ཁེར་ལབ་རྒྱག་ངེས། འོན་ཀྱང་ད་ལྟ་ཁོ་ལ་འགྱོད་བདའ་དེ་བྱེད་པའི་སེམས་ཚོར་ཡང་མེད་པ་འདྲ། ཁོའི་ལག་གི་ཕྱེ་ཐོ་ཟ་འཕྲོ་དེ་ལག་ནས་ས་ལ་ལྷུང་ཞིང་སྨན་ཁང་འགྲམ་གྱི་ཁང་མིག་དེ་རུ་སྔ་ན་མེད་པའི་གཉིད་མཐུག་པོ་ཞིག་གི་ཀློང་ལ་འབྱམས་སོང་བ་འདྲ། །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།