ཀྲུང་གོ་བོད་ཀྱི་དྲ་བ།

རླུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་སྲས།   སྤེལ་དུས། : 2019-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རླུང་།ཀ་ལོང་མདོ་རུ་རླུང་ལྡང་བྱུང་།

ས་རྡུལ་གྱིས་སྦགས་པའི་ཀ་ལོང་མདོ་ནི་ཐལ་འོག་ནས་བཏོན་པའི་ཞོག་ཁོག་ཅིག་དང་འདྲ་བར་སྐྱ་ལོག་ལོག་བྱེད། ནུབ་ཁའི་ཉི་ཟེར་ལང་ལོང་གི་གསེང་དུ་ལྷོག་ལྷོག་འགུལ་བའི་ས་རྡུལ་ནི་མ་བོས་མགྲོན་པོ་བཞིན་ཀ་ལོང་མདོ་རུ་ཡོད་པའི་ཁང་ཆུང་ཀ་བཞི་གདུང་བརྒྱད་ཀྱི་སྒོ་དང་སྒེའུའི་སྲུབས་ཀ་ནས་འཚང་འོང་།

སྐབས་འདིར། ཆུང་འབྲུག་གིས་ཁ་དམ་པོར་བཙུམ་ཞིང་། ལག་པ་གཉིས་ཀྱིས་འགྲམ་པ་སྐྱོར། མགྲིན་པའི་སྦུབས་ནས“ཨུམ་ཨུམ་ཨུམ”ཞེས་འཁུན་སྒྲ་འབྱིན་ཞོར་རྐང་པ་གཉིས་གཅིག་ཐོག་གཅིག་བསྣོལ་གྱིས་མལ་སའི་ནང་འགྲེ་ལོག་ལན་མང་རྒྱག་གིན་འདུག ཆུང་འབྲུག་གིས་ན་ཟུག་མ་བཟོད་པའི་ངང་ཚུལ་ནི་རལ་གྲི་རྣོན་པོ་ཞིག་དང་འདྲ་བར་ངའི་སྙིང་ལ་མཚམས་ཚིགས་མེད་པར་བསྣུན་བྱུང་།

“དེས་ན་ངས་ཁྱོད་སྨན་ཁང་ལ་འཁྲིད།” སོ་ཙམ་ནའང་ངའི་ཡིད་ལ་སྨན་ཁང་ལས་ཐབས་གཞན་དྲན་རྒྱུ་མི་འདུག

“སྔོན་ལ་དུ་ཐལ(ཐ་མག་གི་ཐལ་རྡུལ)ཞིག་ཚོལ་ཤོག ཕན་པ་མེད་སོང་ན་སང་ཉིན་སྨན་ཁང་ལ་འགྲོ”ཆུང་འབྲུག་ནི་ངའི་ཁྱོ་ག་ཡིན་པས། ནམ་རྒྱུན་ང་ཅི་བྱ་གཏོལ་བྲལ་གྱི་སྐབས་སུ་ཁོས་ང་ལ་བློ་བཀོད་འཐེན་པར་བྱེད།

མི་རིང་བའི་སྔོན་དུ་ངས་ཕུ་བོ་ཙར་བྷེའི་ངག་ནས་སོ་སྨན་ལས་ཀྱང་དུ་ཐལ་སོའི་བར་ལ་གཏིག་ན་སོའི་ན་ཟུག་འཇོམས་པར་ཤིན་ཏུ་ཕན་ཟེར་བ་ཞིག་གོ་མྱོང་མོད། ཀ་ལོང་མདོའི་སྐྱེས་ཕོ་མོ(འདིའི་སྔོན་ལ་སྐྱེས་མའི་ཁྲོད་དུའང་ཆང་རག་འཐུང་ཞིང་དུ་བ་འཐེན་མཁན་ཡོད)ཡོད་དོ་ཅོག་གིས་གསེར་སྨུག་རིན་པོ་ཆེའི་མདུན་ནས་སྡིགས་པ་བཅད་པའི་ཞོར་ལ་དུ་ཆང་ཡང་བཅད་པས་ད་ནི་ཐ་མག་འཐེན་མཁན་ཞིག་འཚོལ་དགོས་ན་ཀ་ལོང་མདོ་ནས་ཐག་ཆེས་ཉེ་བ་ནི་དར་མ་མདོ་ཡིན།

“མུ་མཐུད་ནས་སོ་སྨན་འཐུངས་ན་མི་བཟང་ངམ།” ངས་ཆུང་འབྲུག་གི་སོ་ནད་མྱུར་དུ་གཏིང་དྲག་བྱུང་ན་བསམ་པས་སྐད་ཆ་ཤོད་སྐབས་མིད་པར་ཚ་དྲོད་ཅིག་ཀྱང་རྒྱས་བྱུང་།

“དུ་ཐལ་གྱིས་གཏིང་དྲག་འབྱུང་ངེས།” ཁོས་སྐད་ཆ་བཤད་སྐབས་སྐམ་ཞིང་རིད་པའི་དཔྲལ་མཚམས་སུ་གཉེར་མ་འགའ་བསྡུས་འདུག ལོ་འགའི་སྔོན་ནས་ཁོས་སོ་སྨན་འཐུངས་ཀྱང་དེ་ནི་ཀ་ལོང་མདོའི་མི་ལ་ལས་ཆང་རག་དང་ཐ་མག་ལ་མི་རོལ་བའི་དམ་བཅའ་སྲུང་མ་ཐུབ་པ་དེ་དང་འདྲ་བར་ཕན་ཐོགས་ཅི་ཡང་མེད་སོང་།

“དེས་ན་ང་དར་མ་མདོར་སོང་ནས་དུ་ཐལ་ཞིག་བཙལ་ཡོང་ཨང་།”ངས་ཆུང་འབྲུག་ལ་ངག་འཇམ་པོ་དང་སྐད་དམའ་མོས་བཤད་སྐབས། ཁང་པའི་ཕྱི་རོལ་ནས་རླུང་གི་ཤུ་སྒྲ་འུ་རུ་རུ་བྱེད།

ང་ཡར་ལངས་ནས་སྒོར་ཕྱིན།

ངས་ཁ་ཐུམ་ནག་པོ་ཞིག་བརྒྱབ་ཅིང་ལྭ་ནག་པོ་དེའི་ཞྭ་མོ་མགོར་གྱོན་ནས་དར་མ་མདོར་འགྲོ་སའི་ལམ་དུ་ཞུགས་མ་ཐག ངའི་ལང་ཚོ་འབུར་བའི་བྲང་ག་དང་རྒྱགས་ཐག་ཆོད་པའི་འཕོངས་ཤའི་གྲིབ་མ་ནི་གོམ་འགྲོས་དང་བསྟུན་ནས་ཟླ་བཞི་བའི་རེའུ་གད་པའི་ངོས་ནས་རྩེན་པ་ལྟར་ཉི་འོད་རབ་རིབ་ཁྲོད་ལམ་འགྲམ་དུ་འཁྱུག་བྱུང་། ཡང་ན་རླུང་གིས་ངའི་གྲིབ་མ་སྒུལ་བྱུང་། རླུང་གིས་མིའི་གྲིབ་མ་སྒུལ་སླ་བ་ཡིན་ནམ། དེ་ངས་མི་ཤེས།

ཀ་ལོང་མདོའི་ཕྱོགས་བཞི་མཚམས་བརྒྱད་ནས་ལྡང་བའི་རླུང་ལ་རྩལ་ཤུགས་ཀྱིས་ཁེངས་འདུག་ཅིང་། རྩྭ་ཆག་དང་ཐལ་རྡུལ་ནི་སེར་བ་ཇི་བཞིན་ངའི་ཁ་མིག་དང་ལྭ་བའི་ཤུར་ཀར་འཚང་འོང་བས་ངས་ལག་པ་གཉིས་ཀྱིས་མགོ་བསྐྱོར་ཞིང་ཁོག་སྟོད་སྒུར་སྒུར་གྱིས་རླུང་དང་ཁ་གཏད་འཇལ་ཏེ་ཤེད་ཤུགས་བཀོལ་ནས་མདུན་དུ་བསྐྱོད་པ་ཡིན།

ཀ་ལོང་མདོ་ནི་ས་རྡུལ་རབ་རིབ་ཀྱིས་ཡོངས་སུ་གཡོགས་པས་ངས་རང་གི་ཉེ་འཁོར་གྱི་ཆེས་ཐག་ཉེ་ས་དག་ཀྱང་མཐོང་ཐབས་མི་འདུག ཆེས་ཐག་ཉེ་སའང་མཐོང་མི་ཐུབ་པས་ཐག་རིང་གི་ལམ་སྣེ་ནི་མུན་ནག་གཏིང་རིམ་བཅོ་བརྒྱད་ཀྱི་ཞབས་ནས་འཚོལ་བ་དང་གཉིས་སུ་མ་མཆིས་ལ། རླུང་གི་འུར་སྒྲ་དང་མིག་མདུན་གྱི་རབ་རིབ་མག་མོག་གིས་ང་ལ་གར་ཡོང་མི་ཤེས་པའི་དངངས་འདར་ཞིག་ཀྱང་ལངས་སུ་འཇུག ངས་རང་གི་པུས་མོ་འཕང་ལོའི་མན་ཆད་མཐོང་ཐབས་མི་འདུག་པས་དོན་ངོ་མར་རང་གི་རྡོག་སྣེ་དར་མ་མདོའི་ཕྱོགས་ལ་འཁོར་ཡོད་མེད་ཀྱང་ཁ་ཚོན་གཅོད་ཐབས་མི་འདུག

ང་ཆུ་ཚོད་འགར་ལམ་དུ་བསྐྱོད་རྗེས། རླུང་ཤེད་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་། གནམ་སའི་ཧྲག་བར་དུ་འཚང་བའི་ས་རྡུལ་ནི་ཁྱི་སྨྱོན་ཇི་བཞིན་ཕྱོགས་དང་ཕྱོགས་སུ་སྨྱོ་རྒྱུག་བྱེད། ངས་ནི་དར་མ་མདོར་འགྲོ་སའི་ལམ་ཕྲན་གཞི་ནས་བོར་ཟིན་ཅིང་། ལམ་ནོར་ཐེབས་པའི་ངས་ནི་གང་ཞིག་ལ་དུ་ཐལ་འཚོལ་དུ་འགྲོ་བཞིན་པ་གཏན་འཁེལ་མི་ཐུབ། རླུང་གིས་ངའི་རྐང་པའི་རང་ཚུགས་ཀྱི་འཁྲི་ཤིང་རྨང་ནས་བཅོམ་ཞིང་རྨེག་མེད་བཟོས་སོང་བ་འདྲ། རླུང་གང་ལ་ལྡང་ན་ངའི་རྡོག་སྣེ་དེ་རུ་ཕྱོགས་འགྲོ། ང་རླུང་ལ་སུན་བྱུང་། སོ་ནད་ལ་སུན་བྱུང་། ཆུང་འབྲུག་ལགས། ཐ་མག་གི་རྡུལ་གྱིས་སོའི་ཟུག་གཟེར་འཇོམ་ཐུབ་པ་སུས་ཀྱང་ཤེས་མེད་ཚེ།ངས་རླུང་དམར་འདི་འདྲའི་ཁྲོད་དཀའ་སྡུག་མྱོང་དགོས་དོན་ཡེ་ནས་མེད།

རབ་རིབ་བན་བུན་གྱི་མིག་དང་མདུན་གྱི་ལམ་ནི་དོང་ནང་དུ་ལྷུང་བའི་ཤེལ་དམ་སྟོང་བ་ཞིག་དང་འདྲ། ང་ནི་ཤེལ་དམ་དེའི་ནང་ལྷུང་བའི་དབྱར་ཁའི་གྲོག་མ་ཞིག་རེད། རླུང་གིས་ང་ནི་དངོས་གནས་གྲོག་མ་ཞིག་ཏུ་བསྒྱུར་ཐུབ་བམ། གལ་སྲིད་ང་རང་དངོས་གནས་གྲོག་མ་ཞིག་ཏུ་འགྱུར་ཐུབ་ཚེ། དུས་རབས་ཀྱི་རླུང་དང་འབྲེལ་བ་མི་འདུག་པས་ང་ནི་ཅི་འདྲའི་བདེ་སྐྱིད་ལྡན་ཨང་། ང་གྲོག་མ་ཞིག་ཡིན་ཚེ་ན་ནིང་དགུན་ཁར་ཆུང་འབྲུག་ར་བཟི་ནས་ལག་འཁྱེར་ཁ་པར་ལས་ཐད་གཏོང་བྱས་ཏེ་བསགས་པའི་ནག་ཉེས་ལ་འབྲེལ་བ་ཡོད་མི་སྲིད། ལོ་དགུ་བརྒྱའི་སྔོན་ལ་ངའི་ཨ་མྱེས་ཀྱིས་མི་བསད་པའི་གྱོད་དོན་ལའང་འབྲེལ་བ་ཡོད་མི་སྲིད། རླུང་འཚུབ་ཁྲོད་དུ་ངས་དེ་ལྟར་ཅི་ཡང་མིན་པའི་བསམ་བློ་ལྷག་མ་ཞིག་ཀྱང་བཏང་།

རླུང་འཚུབ་ཁྲོད་གར་བགྲོད་ཀྱི་ཁ་ཕྱོགས་སྔ་མོ་ནས་བོར་ཟིན་པའི་ང་ནི་གོག་མ་ལངས་ཀྱིས་སྟོབས་ཤུགས་ཡོད་རྒུས་རླུང་དང་འཐབ་སྟེ་སྒང་གཤོང་འགའ་བརྒྱུད་མཐར་ཆུ་འགྲམ་ཞིག་ཏུ་སླེབས་བྱུང་། ཆུ་འགྲམ་དུ་རྩྭ་ལྡུམ་གྱི་གཞུང་རྟ་ཆག་རོ་རེ་རྡེའུ་ཟེགས་ཀྱི་གསེང་དུ་འུ་ཐུག་གིས་འཚང་ཞིང་། བ་ཚྭས་ཟིན་པའི་རྡེའུ་ཆག་འགའ་རེ་ས་ངོས་སུ་ཨུ་ཚུགས་ཀྱིས་འབྱར་འདུག་པ་སྟབས་ལེགས་ན་རླུང་འཚུབ་ཅུང་ཙམ་འཇགས་པའི་སྐབས་སུ་མཐོང་ཐུབ། “བཀའ་དྲིན་ཆེ། བཀའ་དྲིན་ཆེ། གྲོགས་པོ་གྲོགས་མོ་ཚོ།”རླུང་འཚུབ་ཁྲོད་ནས་ངས་སྐྱེས་པ་ཞིག་གི་སྐད་གོ་བྱུང་། ཁོའི་མིད་ཐག་ལ་ལུད་པ་འཚང་བའི་སྐད་གདངས་དེར་གཞིགས་ན་ནམ་རྒྱུན་ཐ་མག་གཅིག་འཕྲོར་གཅིག་མཐུད་ནས་རྔུབ་བཞིན་ལོས་ཡོད་སྙམ་པའི་ཉམས་སྣང་འཆར།

ཆུང་འབྲུག་གིས་མིག་གཉིས་བཙུམ་ཞིང་ལག་ཟུང་གིས་འགྲམ་པ་བསྐྱོར་བའི་རྣམ་པ་དེ་ཡིད་ལ་དྲན་ཚེ། ངས་ཐལ་རྡུལ་ཞིག་རྙེད་ན་བསམས་བྱུང་། རླུང་འཚུབ་ཁྲོད་དུ་ཅི་ཡང་མི་མཐོང་མོད། ངས“ཨ་ཁུ། ཨ་ཁུ།”ཞེས་མུན་ནག་མདའ་འཕེན་བྱས་པ་ཡིན། རླུང་བསེར་བུའི་ཤུ་སྒྲ་བཙན་པོ་དེས་ངའི་སྐད་ནི་དུམ་བུ་གྲངས་མེད་དུ་བགོས་ནས་ཕྱོགས་དང་ཕྱོགས་སུ་ཡལ་སོང་། མིད་ཐག་ལ་ལུད་པ་འཚང་འདྲའི་སྐད་གདངས་དེས་ང་ལ་ཨ་ལན་མ་བྱིན་མོད། དུ་ཐལ་ཅིག་མགྱོགས་པོར་རྙེད་ན་བསམ་པའི་ཕུགས་རེས་སྐུལ་ངོར་ངས་ཅི་ཡིན་འདི་ཡིན་མེད་པར“ཁྱེད་ཀྱིས་ཐ་མག་རྔུབ་བཞིན་ཡོད་དམ”ཞེས་སྐད་མཐོན་པོས་དྲིས། སྔར་བཞིན་ཨ་ལན་མ་བྱུང་བས་ངས་རང་ཉིད་ལ་འདྲེ་མཐོང་འབབ་བཞིན་འདུག དེ་མིན་ན་རླུང་དམར་འདི་འདྲ་ཆེ་སྐབས་འདིར་གྲམ་ཁ་རུ་མི་ཞིག་ཡོད་མི་སྲིད་སྙམ།

ང་འཆུག་མེད་ན་སྐད་དེ་གྲམ་ཆུའི་ཕར་ངོགས་ནས་མཆེད་པ་འདྲ་བས་ང་གྲམ་ཆུའི་ཁར་བརྒྱུགས། རླུང་འཚུབ་ཅིག་ཤེད་ཀྱིས་ལྡང་བ་དང་ངའི་རྐང་སྣེ་ཅི་ཞིག་ལ་ཐོགས་པས་ང་ནི་ཁ་སྦུབ་ཏུ་ནམ་ལངས་པ་ལྟ་བུ་ཞིག་འགྱེལ་ཞིང་མགོ་ནང་ཧྲིལ་པོར་ནག་འཐོམ་མེར་བཏང་། 

ངའི་དྲན་པ་དང་ཤེས་པ་ནི་རྩྭ་ཆག་རླུང་གིས་ཁུར་པ་བཞིན་རེས་གསལ་རེས་མོག རྣའི་མདུན་རྒྱབ་ཀྱི་ཧྲག་བར་ནས་ཁྲག་དམར་ནི་གློག་སྐུད་ལ་གློག་རྒྱུ་བ་བཞིན་བཞུར་འོང་། རླུང་འཚུབ་ཀྱི་ཁྲོད་དུ་ཁྲག་དྲི་མཆེད། ཟུངས་ཁྲག་དྭངས་མ་ས་རྡུལ་གྱིས་སྦགས། རླུང་གིས་གར་འགྲོ་གཏོལ་མེད་བཟོས་པའི་རྩྭ་ཆག་དང་ས་རྡུལ་ནི་སྦྲང་ནག་བཞིན་ཆུ་འགྲམ་གྱི་ཤ་རྗུད་པ་དང་འདྲ་བར་གཡོ་མེད་འགུལ་མེད་ངང་གན་རྐྱལ་དུ་ལོག་པའི་ངའི་ལུས་ཐོག་ཏུ་བབས་ཡོང་། རླུང་གིས་ངའི་ལུས་ཀྱི་ས་རྡུལ་དང་རྩྭ་ཆག བ་སྤུ་སོགས་ཡང་ཡང་སྒུལ། ཡང་ཡང་འགུལ། ཡང་ཡང་འགུལ་བ་དང་ལྷན་དུ་ངའང་གང་ཞིག་ལ་མགྱོགས་པོར་དུ་ཐལ་འཚོལ་དུ་འགྲོ་བཞིན་པ་འདྲ་བའི་འཁྲུལ་སྣང་བྱུང་། རྣམ་ཤེས་རླུང་གིས་གཡོས་པའི་ང་ནི་གྲོང་ཚོ་ཞིག་གི་སྲང་ལམ་དུ་གོམ་པ་ཐག་ཐག་སྤོ་བཞིན་འགྲོ་ཡི་ཡོད་པའི་འཁྲུལ་སྣང་རབ་རིབ་བན་བུན་ཞིག་སྐྱེ་བྱུང་།

ངའི་འཁྲུལ་སྣང་ཁྲོད་ཀྱི་གྲོང་ཚོ་དེར་རླུང་གཡུག་གིན་མི་འདུག་མོད། རླུང་སྔར་བཞིན་གཡུག་གིན་འདུག ཉི་འོད་རྣམ་པར་འཚེར་ཞིང་ནམ་མཁའ་གཡའ་དག སྒོ་རའི་ནང་གི་སིལ་སྡོང་གི་མེ་ཏོག་སྣ་ཚོགས་ལས་དྲི་ངད་ཆིལ་ཆིལ་དུ་ལྡང་བའི་གྲོང་ཚོ་རྒྱུས་མེད་དེའི་སྲང་ལམ་གྱི་མགོ་རྔ་ནི་སྒང་མཐོ་སར་འགོ་མི་དགོས་པར་ལག་འཁྱེར་ཁ་པར་ཅིག་གིས་ཀྱང་འདྲ་པར་གསལ་པོ་ཞིག་ལེན་ཐུབ། ངས་གྲོང་ཚོའི་སྲང་ལམ་ནས་སྐྱེས་པ་ཞིག་ལ་ཨེ་འཕྲད་རེ་སྒུག་བྱས། སྐྱེས་པ་དུ་འཐེན་ཞིག་ལ་ཨེ་འཕྲད་རེ་སྒུག་ཟབ་མོ་བྱས། སྔ་དྲོ་ཞིག་གི་རིང་དུ་གྲོང་ཚོ་དེའི་སྲང་ལམ་གྱི་སྟོད་སྨད་བར་གསུམ་ལ་ཡང་སྐོར་བསྐྱར་སྐོར་བྱས་མོད། མ་ནེ་མིད་པར་འབྱར་འདུག་པ་འདྲ་བའི་མི་འགའ་ལ་འཕྲད་པ་མ་གཏོགས་སྐྱེས་པ་དུ་འཐེན་ཞིག་ལ་ཕྲད་མ་སོང་། མ་ནེ་མིད་པར་འབྱར་ཡོད་པ་འདྲ་བའི་མི་དེ་ཚོ་མང་ཆེ་བ་མགོ་བསྒུར་ནས་ཁ་རོག་གེར་འགྲོ ལ་ལས་ཁེར་བཤད་རྒྱག་ཅིང་ཁེར་དགོད་བྱེད་བཞིན་བུད་འགྲོ་བར་གཞིགས་ན་ཁོ་ཚོའི་རྣམ་ཤེས་ནི་རླུང་གིས་ཁུར་ཟིན།

“ཁྱོད་ཀྱིས་དུ་བ་ཨེ་འཐེན།” ངས“གཡུ་དཀར་གྲོང་ཚོར་གནམ་ཐང་འདུག”ཅེས་ཁེར་ལབ་རྒྱག་མཁན་གྱི་སྐྱེས་པ་དར་མ་མགོ་སྒུར་ཞིག་ལ་དྲིས། ཁོ་ནི་ཕལ་ཆེར་འོན་པ་ཞིག་ཡིན་པ་འདྲ། ང་ལ་ཁ་ཡ་བྱས་མ་སོང་། ཁོའི་རྣམ་ཤེས་ཀྱང་རླུང་གིས་ཁུར་ཟིན་པ་ཡིན་ནམ། དེ་ང་ཚོ་ལ་འབྲེལ་བ་མི་འདུག་ཨང་། “ང་ལ་མི་མང་པོའི་རོགས་རམ་མཁོ་བས……”མི་དེས་ཁེར་བཤད་རྒྱག་བཞིན་གྲོང་ཚོའི་གྱང་ར་ཞིག་གི་ནང་དུ་འཛུལ་སོང་།

ཉི་འོད་རྣམ་པར་འཚེར། ནམ་མཁའ་གཡའ་དག གྲོང་ཚོའི་མེ་ཏོག་ལས་དྲི་ངད་མཆེད། འོན་ཏེ། གྲོང་ཚོའི་སྲང་ལམ་སྟེང་གི་མི་རྣམས་ཀྱི་གདོང་ནི་དགུན་གྱི་ལྗོན་པའི་ཡལ་གར་རླུང་གིས་ས་རྡུལ་བསྒོས་པ་དང་འདྲ། “ཨ་ཁུ། ཁྱོད་ལ་ཐ་མག་ཨེ་ཡོད།” ངས་ལོ་ན་དྲུག་ཅུར་ཉེ་བའི་རྒན་པོ་ཞིག་ལ་ལག་བརྡ་སྟོན་བཞིན་དྲིས། ཁོས་ཀྱང་ང་ལ་ཁ་ཡ་བྱས་མ་སོང་། “ཧ་ཧ་ཧ། ལོ་ལོན་ཚོས་ཉི་མ་མི་འཁྱོལ་བའི་སྡུག་བསྔལ་མཇུག་བསྒྲིལ་ཟིན་པས……”རྒན་པོ་དེས་ཀྱང་མགོ་བསྒུར་ནས་ཁེར་བཤད་རྒྱག་བཞིན་གྲོང་ཚོའི་གཉའ་ཡི་མཆོད་རྟེན་གྱི་ཕྱོགས་སུ་བུད་སོང་།

ཏག་ཏག་སྐབས་དེར། གར་ཡོང་མི་ཤེས་པའི་བསེར་རླུང་རྩུབ་པོ་ཞིག་ས་ངོས་ནས་གྱི་ལི་ལི་འཁོར་ཞིང་། ཕག་ལུད་འདྲེས་པའི་ས་རྡུལ་ཁ་སྣ་ལ་རྫོང་། ངས་ཁ་ལག་པས་བསྐྱོར་ཞིང་རླུང་ལ་རྒྱབ་གཏད་ནས་བསྡད། གློ་བུར་དུ་ངའི་ཕྲག་སྒང་ལ་དངོས་པོ་ཅི་ཞིག་གིས་ལན་འགའ་རྡེག“ཁྱོད་ཀྱིས་ཅི་ཞིག་འཚོལ་བཞིན་པ་མིན་ནམ” མདུན་སོ་གཉིས་སེར་ལ་འཁྱོར་ཞིང་། བར་ཐག་ཡོད་པ། ཨོལ་བའི་སྐྱི་མོ་རྙིད་ཅིང་ཐུར་ལ་ལུག་པ།སྐེ་ཡི་ཤ་མདོག་སྐྱ་ཧྲལ་དུ་གྱུར་ལ་དབུ་སྐྲ་དཀར་པོ་ཅན་གྱི་ཨ་ཕྱི་རྒན་མོ་ཞིག་གིས་གོང་མཛུབ་དང་མཐེབ་རྒན་མའི་བར་ལ་སྣ་ཐལ་ཞིག་འཚིར་བཞིན་ང་ལ་བལྟས་འདུག “ཆུང་འབྲུག་གི་སོ་ན་བས……”ངས་བཤད་མ་ཚར་གོང་ལ་ཨ་ཕྱི་དེས་རུམ་ནས་ཁུག་མ་ནག་པོ་ཞིག་ཕྱིར་བཏོན། “ཁྱོད་ཀྱི་ལྭ་ནག་པོ་དེ་ཤིན་ཏུ་ཡག”ཅེས་བཤད་ཞོར་ཁུག་མ་ནག་པོ་དེ་ལས་སྒམ་ཆུང་གྲུ་བཞི་འོད་འཚེར་བ་ཞིག་ངའི་ཕྱོགས་ལ་གཏད་བཞིན“ད་ནི་ཁྱོད་ཀྱི་བསམ་དོན་འགྲུབ་ངེས”ཞེས་བཤད་མ་ཐག ང་ནི་ཆར་ཐིགས་བྱེ་མར་སིམ་པ་ལྟར་རང་དབང་མེད་པར་སྒམ་ཆུང་དེའི་ནང་ལ་བཅུག་སོང་། སྒམ་ཆུང་གི་ནང་དུ་ཅི་ཡང་མི་འདུག་མོད། སྒམ་ཆུང་དེའི་གྲུ་ག་བཞི་རུ་ཁུང་བུ་རེ་འདུག་ཅིང་། དེ་ལས་ཕྱི་རོལ་གྱི་ཡུལ་ལྗོངས་གསལ་པོར་མཐོང་ཐུབ།

ཉི་འོད་སྔར་བཞིན་འཚེར། ཨ་ཕྱིས་ང་ནང་དུ་བཅུག་པའི་སྒམ་ཆུང་ཁྱེར་ནས་ཡུལ་ལ་ལོག་སོང་། ངས་སྒམ་ཆུང་གི་ཁུང་བུ་བརྒྱུད་ནས་བལྟས་པ་ན། ཨ་ཕྱིས་སྒོ་རའི་ཤིང་སྒོ་དལ་མོར་ཕྱེས་ནས་གཡོན་ཕྱོགས་ཀྱི་གྱན་གང་ཅན་གྱི་ཁང་མིག་ཅིག་ལ་ཕྱིན། མོའི་ཁྱིམ་དུ་མི་མང་པོ་ཞིག་འདུག་མོད། ཨ་ཕྱི་ལ་སྐད་ཆ་བཤད་མཁན་གཅིག་ཀྱང་མི་འདུག དོན་ངོ་མ་བཤད་ན། ཨ་ཕྱིའི་ཁྱིམ་དུའང་སྲང་ལམ་སྟེང་གི་མི་མགོ་སྒུར་མ་ནེ་འོག་འབྱར་དེ་ཚོས་ཁེངས་འདུག

“ཁྱོད་དར་མ་མདོ་ལ་འགྲོ་འདོད་དམ།”ཨ་ཕྱིས་སྒེའུ་ཁུང་དམ་པོར་གཏན་རྗེས་མར་བསྡད་ནས་ང་ལ་དྲིས་བྱུང་།

“མི་འདོད།”

“ཅི་ལ།”

“རླུང་ལ་སྐྲག་གི”

“རླུང་གིས་ཅི་ཞིག་བྱེད་ནུས་སམ།”

“རླུང་ལ་ཡིད་རྟོན་མི་འདུག”

“ཧུ་ཧུ་ཧུ། དེས་ན་ཚེ་གང་པོར་ངའི་སྒམ་ཆུང་ནང་དུ་སྡོད།”ཨ་ཕྱིས་སྣ་ཐལ་ཞིག་གོང་མཛུབ་དང་མཐེབ་རྒན་མའི་བར་དུ་བཙུར་ཏེ་སྣ་ཁུང་མདོར་གཏད་ཅིང་། ཡུད་ཙམ་རིང་གདོང་པ་གཉེར་ཞིང་མིག་བཙུམ་ནས་བསྡད་བྱུང་།

“ཁྱེད་ལ་ཐ་མག་ཡོད་དམ།”ངས་དྲིས།

“ང་ནི་ལ་མགོའི་ཉི་མ་དང་འདྲ་བ་འདི་རེད། གལ་སྲིད་ཁྱོད་ཀྱིས་ང་ལ་འདུག་རོགས་བྱེད་ཐུབ་ན། ངས་ཁྱོད་ལ་དུ་ཐལ་སྤར་བ་གང་བྱིན་ཆོག”

“མི་ཆོག ཡང་ཅིག་བཤད་ན། ཁྱོད་ལ་ཚ་བོ་ཚ་མོ་ཁྱིམ་གང་ཡོད་པས་ངས་འདུག་རོགས་བྱེད་དགོས་པའི་རྒྱུ་མཚན་མི་འདུག”

“ཨ་ཙི། ཁྱོད་ལ་དུ་ཐལ་དགོས་པ་མིན་ནམ། དེང་སྐབས་མི་ཁྱོད་འདྲ་འདྲའི་འདོད་པ་དངོས་གནས་ཚིམ་རྒྱུ་ཞིག་མི་འདུག”ཨ་ཕྱིས་སྡུག་སྨྲེ་བཏོན་བྱུང་།

“མིན། ངས་ཆུང་འབྲུག་ལ་དུ་ཐལ་ངེས་པར་འཕྲོད་དགོས། ང་ཁྱོད་ཀྱི་སྒམ་ཆུང་འདི་ལས་མ་ཐར་ཚེ་ང་ཇི་ལྟར་འགྲོའམ།”

“འོ། ཨ་ཧ་ཧ་ཧ། དེ་སླ་མོ་རེད་ཨང་། འོན་ཀྱང་ཁྱོད་ངའི་སྒམ་ཆུང་ནང་བཅུག་ཡོད་པས་ཁྱོད་ཀྱིས་དུ་ཐལ་རང་གི་ཁྱོ་གར་བྱིན་རྗེས་ཕྱིར་མ་ཡོང་བར་ཐར་ས་གཞན་མེད།”ཨ་ཕྱིས་ཧབ་ཆ་རྒྱག་ཅིང་གད་མོ་དགོད་ཞོར་ཁང་པའི་ཀ་ངོས་སུ་འཛེར་བའི་ཁབ་རིང་ཞིག་ཕྱིར་བཏོན་པ་ན། ང་ནི་བྱིའུ་ཕྲུག་སྒོ་ང་ལས་གྲོལ་བ་ལྟར་སྒམ་ཆུང་ལས་ཐར།ཡིན་ནའང་། མི་སྟོབས་ཆེན་ཁ་སྤུ་ཅན་ཞིག་བརྒྱུགས་འོངས་ནས“འདི་དུ་ཐལ་ཡིན”ཞེས་རས་ཁུག་ནག་པོ་ཞིག་ང་ལ་སྤྲད།ངས་རས་ཁུག་ནག་པོ་དེ་དམ་པོར་བཟུང་ནས་ཡར་ལྟ་མར་ལྟ་བྱས་པ་ན་ལམ་ཕྲན་ཞིག་ངའི་མདུན་ནས་ཐག་རིང་ལ་བྲན་འདུག ང་ལམ་དེར་ཞུགས་མ་འདོད་པར་ཕར་ཚུར་དཀྱོགས་མོད་ལམ་དེ་ནི་ཨ་ཕྱིས་ཆེད་དུ་ང་ཁོ་ནར་བཟོས་པ་འདྲ་བས་གྲིམ་པ་ལྟར་མགོ་བསྒུར་ནས་དྲང་མོར་འགྲོ་བ་ལས་ཕྱིར་བཤོལ་དང་འཁྱོག་བགྲོད་གང་བྱེད་བསམ་ཡང་སྟོང་བསམ་རེད།

ཉི་འོད་སྤྲིན་གྱིས་བསྒྲིབས་འདུག རྒྱང་རིང་གི་ལམ་དུ་ས་རྡུལ་འཐིབ་ཅིང་མཁའ་དབུགས་ཤིན་ཏུ་འཁྱག སྣེ་མི་མཐོང་བའི་ལམ་ལ་བལྟས་ཚེ་ཤ་གསེང་རུས་གསེང་ལ་ཟུག་གཟེར་རྒྱུག ང་ལམ་དེར་ཞུགས་ནས་རི་ལུང་འགའ་བརྒལ་བ་ན། རྩི་ཤིང་སྟུག་པོར་སྐྱེ་བའི་ལམ་འགྲམ་དུ་རྒད་པོ་ཞིག་ཁེར་རྐྱང་ངང་བསྡད་འདུག་པ་དང་འཕྲད། ཁོས་ང་མཐོང་བ་དང“འོ། ཁྱིམ་མཚེས་སྒྲོལ་མ། ཁྱོད་ཡིན་ནམ”ཟེར། ངས་བསམ་བློ་ཡང་ཡང་བཏང་མོད། ཁོ་རང་ངོ་ཤེས་ཤིག་དང་ཁྱིམ་མཚེས་ཤིག་ཡིན་པའི་བག་ཆགས་ཏིལ་ཙམ་ཡང་མི་འདུག ཁོས་རང་གི་ཁྱིམ་མཚེས་ངོ་མ་བརྗེད་ནས་ང་དེ་ལ་འཆུག་པ་མིན་ནམ། ཁོས་ང་ལ་བརྩེ་སེམས་ཆེན་པོས“ཁྱེད་ཚང་ལ་དོན་དག་ཅི་ཡོད་པ་ངེད་ཚང་གིས་ཀྱང་རེད། ཁྱོད་ཀྱིས་རང་གི་ཁྱོ་ག་ཆུང་འབྲུག་གི་སོའི་ན་ཟུག་གཞོམ་བྱེད་ལ་དུ་ཐལ་འཚོལ་བ་མིན་ནམ། ངས་ཁྱོད་ལ་དུ་ཐལ་ལས་ཀྱང་ལྷག་པའི་སྨན་མཆོག་ཅིག་སྟེར”ཞེས་ཆུ་སེར་པོ་ཤེལ་དམ་གང་ང་ལ་སྤྲོད་སྐབས་ང་དངོས་གནས་ཧ་ལས་སོང་། ཁོ་ནི་དངོས་གནས་ངའི་ཁྱིམ་མཚེས་ཤིག་ཡིན་ནམ། ངའི་ཡིད་ལ་ཅི་ཡང་དྲན་རྒྱུ་མི་འདུག“འདི་པའོ་ཞི་ཀོ་ཝ❋རྒྱལ་ཁབ་ནས་ནང་འདྲེན་བྱས་པའི་སྨན་རེད། བཀོལ་སྤྱོད་བྱེད་དུས་མིད་མི་རུང་།ཁ་ནང་ལ་བཟུང་ནས་ཆུ་ཚོད་ཕྱེད་འགོར་དགོས།”རང་རང་གི་ཁྱིམ་མཚེས་བརྗེད་ཟིན་པའི་ང་ཚོས་ཕན་ཚུན་གྱི་གདོང་ལ་ཅེར་ནས་བསྡད། ཅུང་ཙམ་ནས་ང་དོགས་མ་བདེ་བར་ཁོང་ལ་བཀའ་དྲིན་ཆེ་ཞུས་རྗེས་གྱེས། ཁོང་གིས་ང་ལ“ཁྱོད་ཀྱིས་རང་གི་ཁྱིམ་མཚེས་ཀྱང་ངོས་ཟིན་གྱིན་མི་འདུག་ཨང”ཟེར།

སྐད་གདངས་ལ་མཉན་ན་ཨ་ཕྱི་དེ་རྒད་པོ་ཞིག་ལ་བརྫུས་པ་འདྲ། གང་ལྟར།ང་ནི་ཀ་ལོང་མདོ་རུ་མགྱོགས་པོར་སླེབས་ན་ཅི་མ་རུང་ཨང་།

གློ་བུར་དུ། ང་མུ་མཐའ་བྲལ་བའི་ཐང་ཆེན་ཞིག་ཏུ་སླེབས། བྱ་གླག་དང་འདྲ་བའི་གནམ་གྲུ་ཞིག་ངའི་མགོ་ཐོག་ནས་མདའ་འཕངས་པ་ལྟར་གང་ཞིག་ལ་མི་སྣང་བར་གྱུར་པ་མ་གཏོགས་ཐང་ཆེན་དུ་མི་ཞིག་མ་དགོས་ཁྱི་ཞིག་ཀྱང་རིག་རྒྱུ་མི་འདུག མི་རིང་བའི་སྔོན་དུ་རླུང་མ་ཡིན་པའི་རླུང་ཆེན་ཞིག་གཡུགས་ཏེ་ཐང་ཆེན་འདིའི་མི་ཟོག་ར་བའི་ཚོགས་ནི་གང་ཞིག་ལ་ཁུར་སོང་བ་ཡིན་ནམ། མ་རེད། རླུང་ཆེན་འཚུབ་ཐེངས་ཤིག་ལ་ཁོ་ཚོ་ལམ་ནོར་ཐེབས་ཏེ་གང་ཞིག་ལ་འཁྱར་སོང་བ་ཡིན་སྲིད། གློ་བུར་དུ་ལྕགས་དབྱུག་ཐོགས་པའི་བྱིས་པ་ཞིག་ངའི་གམ་ལ་ཡོང་ནས་ཧ་མི་གོ་བའི་སྐད་ཆ་ཁྱད་མཚར་བ་མང་པོ་ཞིག་བཤད། ཁོས་ཅི་ཞིག་བཤད་ཀྱིན་ཡོད་དམ།ཐང་ཆེན་འདི་ནས་འགྲོ་དགོས་ན་གླ་ཆ་སྤྲོད་དགོས་ཟེར་བ་ཡིན་ནམ། ངས་ནི་ཧ་གོ་ཐབས་མ་བྱུང་།

ངས་བྱིས་པ་བསམ་མེད་ཅིག་གི་གཏམ་ལ་ཉན་རྒྱུ་ཅི་ཡོད་སྙམ་ནས་ཁོར་ཁ་ཡ་མ་བྱས་པར་མུ་མཐུད་དུ་ལམ་ཕྲན་དེད་ནས་ཀ་ལོང་མདོའི་ཕྱོགས་སུ་སྐྱོད་པར་བརྩམས། བྱིས་པ་དེས་སྐད་མཐོན་པོས་ཅི་ཞིག་བཤད་པ་དང་ངའི་ཀླད་པའི་དཀྱིལ་ནས་སྐག་སྒྲ་ཞིག་གྲགས་པ་དང་བསྟུན་ང་རང་དྲན་མེད་དུ་བརྒྱལ། བཟོད་དུ་མེད་པའི་ན་ཟུག་ནི་གློག་གིས་བརྒྱབ་དང་མཚུངས། ཐང་སྟོང་གི་མཁའ་དབུགས་ཤིན་ཏུ་འཁྱག རྩི་ཤིང་གིས་མགོ་ལྕོག་དུད་ནས་སྡུག་སྨྲེའི་ཤུ་སྒྲ་བར་མེད་སྒྲོག བྱིས་པ་དེས་ལྕགས་དབྱུག་གཞོགས་ཤིག་ལ་གཡུགས་རྗེས། 《མཐའ་མཇུག་གི་མོའུ་ཞི་ཀན་པ》(最后一个莫希干人)ཞེས་པའི་སྒྲུང་དཔེ་དེ་སྐད་མཐོན་པོས་འདོན་མགོ་བརྩམས། སྒྲུང་དཔེ་དེ་ངས་སྔོན་ཆད་ཕུ་བོ་ཙར་བྷེའི་ཆུང་མའི་ལག་ནས་རིག་མྱོང་།

མཁའ་དབུགས་འཁྱག་ཏོ་ཞིག་ཤ་གསེང་རུས་གསེང་ལ་ཟུག་ཡོང་། ངའི་མིག་འདུན་རབ་རིབ་ཏུ་གྱུར་ཅིང་མགོ་ལྟག་འཁྱག་སིབ་སིབ་བྱེད་པས་ཁོས་ཅི་ཞིག་འདོན་མིན་ལ་ངས་ཉན་འདོད་མི་འདུག ངས་ཆུང་འབྲུག་ལ་དུ་ཐལ་བསྐྱལ་ནས་མྱུར་མོར་འགྲོ་དགོས་བསམས་ཀྱང་། བྱིས་པ་ཚེ་ཟད་འདིས་ང་རང་འགུལ་མི་ཐུབ་པ་བཟོས་འདུག་ཨང་།

ཐང་ཆེན་འདིའི་སྟེང་དུ་བྱ་གླག་ཅིག་གིས་ལྡིང་སྐོར་རྒྱག མི་རིང་བའི་སྔོན་དུ་ཐང་ཆེན་འདིར་དྲག་རླུང་ཞིག་ལྡང་ཞིང་།འདིའི་བདག་པོ་རླུང་གིས་གང་ཞིག་ལ་ཁུར་རྗེས། ཚེ་སྲོག་གིས་སྟོངས་པའི་ཐང་ཆེན་འདི་རུ་བྱ་གླག་གིས་ཀྱང་གཟན་འཚོལ་དཀའ་བ་ཡིན་ནམ། དེ་ང་ལ་འབྲེལ་བ་སྤུ་ཙམ་ཡང་མི་འདུག ང་བྱིས་པ་འདིའི་ལག་ནས་ཇི་ལྟར་ཐར་དགོས་སམ། བྱིས་པ་འདིས་ང་ལ་གུ་ཡངས་གནང་སྲིད་དམ། ང་མྱུར་མོར་ཡུལ་ལ་ལོག་དགོས། ཆུང་འབྲུག་གིས་ང་ལ་བསྒུགས་ཡོད།

གློ་བུར་དུ། བྱ་གླག་དེའི་མཆེ་སྡེར་ངའི་སྙིང་ཁར་ཟུག་སོང་། ཤིན་ཏུ་འཁྱག་པའི་ངའི་ཟུངས་ཁྲག་གིས་བྱ་གླག་ཅིག་གི་བཀྲེས་ལྟོགས་ཀྱང་སེལ་མི་ནུས་མོད། དགའ་འོས་པ་ཞིག་ལ་རས་ཁུག་ནག་པོ་དེ་དང་ཤེལ་དམ་དེ་གཉིས་གཤོག་པ་ཆ་གཅིག་ཏུ་གྱུར་ཅིང་། ང་ནི་བྱ་གླག་དེ་དང་འདྲ་བར་ནམ་མཁའ་ལ་འཕུར་སོང་། ནམ་མཁའ་ནས་ཀ་ལོང་མདོའི་ཕྱོགས་སུ་འཕུར་སོང་།

ཀ་ལོང་མདོ་རུ་མི་ཞིག་མ་དགོས་ཁྱི་ཞིག་ཀྱང་མཐོང་རྒྱུ་མི་འདུག ཁང་ཆུང་ཀ་བཞི་གདུང་བརྒྱད་ཀྱི་ཤུལ་དུ་རྒྱ་གྲམ་དབྱིབས་ཀྱི་པང་ལེབ་ཅིག་བཙུགས་འདུག་ཅིང་། དེའི་ངོས་སུ་རླུང་གི་ཉེན་ཁར་གཟབ་དགོས་ཞེས་ཡིག་འབྲུ་འགའ་བྲིས་འདུག མཚེར་ཤུལ་གྱི་གྱང་ཆག་ནི་མི་ཞིག་གི་གདོང་ལ་རྨ་བུད་པ་དང་འདྲ།

ཉི་འོད་ལམ་ལམ་འཚེར། རླུང་བུ་བསིལ་བསིལ་ལྡང་། ཀ་ལོང་མདོའི་གྱང་ཆག་གི་ཕག་ནས་མི་ཞིག་གི་དགོད་སྒྲ་མཆེད་ཡོང་། སྐད་ལ་མཉན་ན་ཆུང་འབྲུག་ཡིན་པ་འདྲ། ཆུང་འབྲུག ངས་སྐད་ཕྱུང་ནས་བོས། ང་ལ་ཨ་ལན་མི་འདུག ང་དལ་བུར་ཕར་གྱང་ཆག་གི་ཕྱོགས་སུ་བསྐྱོད། རླུང་མ་གཡུག་སྔོན་ལ་ད་ལྟའི་གྱང་ཆག་འདིའི་ཕྱི་ནང་བར་གསུམ་གྲ་དག་ཅིང་། ཁང་ཆུང་ཀ་བཞི་གདུང་བརྒྱད་ཀྱི་དར་ཚོན་སྣ་ལྔའི་སྒོ་དར་ནི་དེ་འདྲའི་མཛེས་སྡུག་ལྡན་ཞིང་ཡིད་དུ་འོང་བ་ཞིག་རེད། འོན་ཏེ། ཀ་ལོང་མདོའི་ཡོད་ཚད་རླུང་གིས་ཁུར་སོང་། མིན། ཇི་སྲིད་བར་རླུང་གིས་ཁུར་སྲིད་པ་ནི་ཀ་ལོང་མདོ་དང་ཀ་ལོང་མདོའི་ཁང་པ་ཡིན་མི་སྲིད། ཆུང་འབྲུག་དང་ང་། ང་དང་ཆུང་འབྲུག་གི་སེམས། རྙོག་འཛིང་ཆེ་ལ་རྒྱུས་ལོན་དཀའ་བའི་འཇིག་རྟེན་གཞན་ཞིག་ཡིན་སྲིད་དམ།

“ཆུང་འབྲུག” ངས་སྐད་མཐོན་པོས་བོས།

“ཧ་ཧ་ཧ……”གྱང་ཆག་གི་ཟུར་ཀ་ཞིག་ཏུ་ས་རྡུལ་གྱིས་གཡོགས་པའི་མི་ཞིག་གིས་མགོ་བསྒུར་ནས་གད་མོ་དགོད་བཞིན་འདུག ཁོ་ནི་ཆུང་འབྲུག་རེད། ངས་རས་ཐུམ་ནག་པོ་དང་ཤེལ་དམ་ཆུང་འབྲུག་ལ་གཏད་ནས་ཀི་རིང་ཞིག་བཏབ་མོད། ཁོས་སྔར་བཞིན་གོ་མ་སོང་། མགོ་བསྒུར་ནས་ཁེར་རྐྱང་ངང་གད་མོ་སླུག་སླུག་དགོད་པར་གཞིགས་ན། རླུང་གིས་ཁུར་ཟིན་པ་ནི་ཆུང་འབྲུག་གི་རྣམ་ཤེས་རེད།

“དུ་ཐལ……”ངས་དུ་ཐལ་གཅུད་པའི་རས་ཁུག་གིས་ཁོའི་ཕྲག་མགོར་ཤེད་ཀྱིས་ལན་འགར་གཏགས་པ་ན། ཁོ་གློ་བུར་དུ་གནམ་ལ་ལྡིང་ཞིང་གོམ་པ་འགའ་ཕྱིར་བཀྱེད་བྱུང་།

“འདི་དུ་ཐལ་དང་འདི་སོ་སྨན་ཡིན།” ངས་རས་ཁུག་ནག་པོ་དང་ཤེལ་དམ་ཆུང་འབྲུག་ལ་གཏད་ཅིང་། སོ་སྨན་འདི་པའོ་ཞི་ཀོ་ཝ་རྒྱལ་ཁབ་ནས་ནང་འདྲེན་བྱས་པ་རེད་ཅེས་བཤད།

ཁོས་དུ་ཐལ་བླུགས་པའི་རས་ཁུག་ནག་པོར་ལྟ་ཙམ་ཡང་མི་བྱེད་པར་ཤེལ་དམ་ཕར་བླངས་ཤིང་དཀྲུག་དཀྲུག་འགའ་བྱེད། སེར་དྭངས་དྭངས་བྱེད་པའི་གཤེར་ཁུ་དེས་ཆུང་འབྲུག་གི་ཅི་ཞིག་བཀུག་སོང་བ་འདྲ་མོད། ཁོས་ཁོག་ལ་ཅི་དྲན་དྲང་མོར་མི་བཤད་པར“པའོ་ཞི་ཀོ་ཝ་རྒྱལ་ཁབ་ཀྱི་དངོས་པོ་ཞིག་ཡིན་ན་རྒྱུ་སྤུས་ལ་བཤད་རྒྱུ་མེད། ད་ནི་གདོན་སོ་འདི་ལ་ཕན་ཐོགས་ཁོ་ཐག་ཡིན”ཞེས་གདོང་ལ་འཛུམ་ཞིག་ལངས་བཞིན་ཤེལ་དམ་གྱི་ཁ་གཅོད་ཕྱེས།

“སྨན་འདི་མིད་མི་རུང་། ཁ་ནང་ལ་བཟུང་སྟེ་ཆུ་ཚོད་ཕྱེད་ཀ་འགོར་འགྱང་དགོས།” ངས་ཆུང་འབྲུག་ལ་གསལ་བཤད་བྱས། ཆུང་འབྲུག་གིས“ཕེ་ཕེ་ཕེ། ཨ་ཧ་བོ། པའོ་ཞི་ཀོ་ཝའི་སྨན་ཞིག་མིན་ན་མིན། མཛོ་མོའི་རྫིང་ཡིན་ཁོ་ཐག་རེད། ཁྱོད་ཀྱིས་ང་ལ་མཛོ་མོའི་རྫིང་བླུད་པ་རེད”ཅེས་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་པ་ན་ངའི་མིག་ལམ་ཧྲིལ་པོ་དཀར་གསལ་ལེར་གྱུར།

……

“སྨན་པ། མོས་མིག་ཕྱེ་བྱུང་། སྒྲོལ་མ། སྒྲོལ་མ།”ངའི་མཐའ་འཁོར་དུ་ངོ་གདོང་རབ་རིབ་ཡིན་པའི་མི་འགའ་ལངས་འདུག

“སྒྲོལ་མ། ཁྱོད་ཀྱིས་མིག་ཕྱེ་དང་། ང་ཆུང་འབྲུག་ཡིན་ཡ།” ངའི་དྲན་པ་དང་ཤེས་པ་མག་མོག་ནས་རབ་རིབ་དང་། རིམ་བཞིན་ཇེ་གསལ་དུ་འོང་བཞིན་པ་འདྲ། སྒེའུ་ཤེལ་བརྒྱུད་པའི་དཀར་ཐིག་ཅིག་ངའི་མཐའ་འཁོར་དུ་ལངས་འདུག་པའི་མི་དེ་ཚོའི་གཡང་གཟར་འདྲ་བའི་ཕྲག་བར་ནས་ཐད་ཀར་རྦབ་ཆུ་བཞིན་ངའི་གདོང་ལ་འཕྲོས་བྱུང་།

ངས“ཆུ……ཆུ……”ཞེས་ཁ་ཤ་འགུལ་ཙམ་འགུལ་ཙམ་བྱས་པ་ན། སྐྱེས་པ་ཞིག་གིས“སྨན་པ། མོས་ཆུ་འཐུང་ན……” ཞེས་བཤད་མ་ཚར་གོང་ལ། སྐྱེས་མ་ཞིག་གིས“ཆུ་གཏན་ནས་ལྡུད་མི་རུང་། མོའི་མགོ་ནས་ཁྲག་བཞུར་ཡུན་རིང་དྲགས་པའི་མི་ཚད། རྨ་ཁར་རྡེའུ་ཆག་ཟུག་ཅིང་རྣག་ཐུམ་ཡང་བཅོས་འདུག སྨན་གྱིས་ལུས་ཕུང་གསོ་ན་མ་གཏོགས་ཐབས་གཞན་མི་འདུག”ཟེར།

“ད་ཐེངས་ཨ་ཁུ་ཁྱོད་ཀྱིས་སྒྲོལ་མ་ལུང་ནག་གྲམ་ཁ་ནས་བསྐྱབས་པར་བཀའ་དྲིན་ཆེ། ཁྱོད་མིན་རྒྱུ་ན་སྒྲོལ་མ་ད་སྐབས་དར་མ་མདོའི་སྨན་ཁང་དུ་ཡོད་མི་སྲིད། ལུང་ནག་གྲམ་ཁ་རུ……”ངས་སྐྱེས་པ་དེའི་སྐད་ཆ་ཆ་ཚང་མ་གོ་མོད། ངས་ཆུང་འབྲུག་གི་སྐད་ཡིན་པ་ངོས་ཟིན་བྱུང་།

“དེ་ཟེར་སྲོལ་ཆེ་ཡོད། སྟབས་འགྲིག་སོང་བ་རེད།”སྐད་ཆ་བཤད་སྐབས་མིད་ཐག་ལ་ལུད་པ་འཚང་འདུག

“སྟབས་འགྲིག་པ་ག་ལ་ཡིན། ད་དུང་ཁྱོད་ཀྱིས་བྱིན་པའི་མཛོ་རྫིང་ལའང་བཀའ་དྲིན་ཆེ། མཛོ་མོའི་རྫིང་གིས་སོ་ནད་དྲག་ཐུབ་པ་ཐེངས་དང་པོར་ཤེས་པ་ཡིན། སྔོན་ཆད་ངས་སྨན་སྣ་ཚོགས་འཐུངས་ཀྱང་སོ་ནད་དྲག་མ་ཐུབ།” ཆུང་འབྲུག་གིས་ཞི་འཇམ་གྱི་སྐད་གདངས་ཤིག་གིས་བཤད།

དར་མ་མདོ་རུ་གནམ་ཐང་འདུག ནད་ཁང་ཨང2050ནང་མི་ཚང་མས་མགོ་བསྒུར་ནས་འདུག ཆུང་འབྲུག་ངའི་ནད་ཁྲིའི་འཁྲིས་སུ་ཡོང་ནས“ཅུང་མིན་ན་ཁྱོད་ལུང་ནག་གྲམ་ཁ་ནས་ཤི་སོང”ཟེར།

❋རྟོག་བཟོའི་ཁྲོད་ཀྱི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་གི་མིང་།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།