ཀྲུང་གོ་བོད་ཀྱི་དྲ་བ།

བུ་བཀྲ་ཤིས་པ་ཕར་གྱུར་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བདེན་བུ།   སྤེལ་དུས། : 2018-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕོ་གཞོན་བཀྲ་ཤིས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་ལས་གནས་ཐོག་ཞུགས་ནས་ད་བར་ཕོ་ལོ་ལྔ་ཙམ་འདས་ཟིན་པ། བཀྲ་ཤིས་ལ་ཆུང་དུས་ནས་ཕུགས་བསམ་ཞིག་ཡོད་པ་ནི་རྗེས་སུ་རང་ཉིད་ལག་ཆགས་རྗེས་དངུལ་མང་པོ་བསོགས་ནས་ཕ་མ་གཉིས་ལ་བཀའ་དྲིན་ཡག་པོ་གསོལ་དགོས་སྙམ་གྱིན་ཡོད་པ་དེ་ཡིན།

ད་ཆ་སློབ་གྲྭ་ནས་ཐོན་རྗེས་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ཏེ་གླ་ཕོགས་མཐོན་པོ་ལེན་བཞིན་ཡོད་མོད། ཕ་མ་གཉིས་ལ་བཀའ་དྲིན་གསོལ་རྒྱུ་ཕར་བཞག ཟླ་རེའི་གླ་ཕོགས་རྣམས་ཐོག་མར་དགའ་རོགས་ངེས་མེད་དང་མཉམ་དུ་ནང་མ་དང་ཨར་ཁང་། ཡུལ་སྐོར་འགྲོ་རྒྱུ་སོགས་ཀྱི་ཐད་ཟད་པར་བྱས་པ་དང་། བར་དུ་དངུལ་དེ་རྣམས་ཤོ་སྦག་རྒྱན་འཛུགས་དང་དུ་བ་ཆང་རག་ལ་རོལ་ཏེ་ཟད་པར་བྱས་པ། ད་དུང་།ཁ་པར་གྲགས་ཅན་གྱོན་གོས་བརྗེ་བརྗེ། རླངས་འཁོར་ཆུང་ཆུང་ཞིག་ཉོས་རྗེས་དེ་བས་འགྲོ་སོང་འཕར་མ་གཏོང་དགོས་པར་མ་ཟད། ད་ཆ་རང་ཉིད་ལ་བཟའ་ཟླ་ཡོད་པས་བཟའ་ཟླར་ཕྲུ་གུ་འཁོར་ཞིང་ཁྱིམ་ཚང་ཡང་ཟིན་གྲབས་ཡོད་པས་ཕ་མ་རྒན་འཁོགས་ཀྱིི་འཚོ་བར་ལྟ་རྟོག་དང་རོགས་རམ་བྱེད་རྒྱུའི་བསམ་བློ་དེ་སྟོན་གྱི་འཇའ་ཚོན་ལྟར་རིམ་བཞིན་ཡལ།

འོན་ཀྱང་། བཟའ་ཟླར་ཕྲུ་གུ་སྐྱེས་པ་དང་རང་ཉིད་ཨ་ཕར་གྱུར་པའི་གནས་ཚུལ་དེ་བཀྲ་ཤིས་རང་ཉིད་ལ་དངོས་སུ་མཐོང་ཐོས་མྱོང་གསུམ་བྱུང་རྗེས། ཨ་མས་རང་ཉིད་སྐྱེས་པ་དེ་དང་ཕ་མ་གཉིས་པོས་རང་ཉིད་ཆེན་པོ་མ་ཆགས་བར་དུ་གསོས་པ་དེ་ལས་སླ་པོ་ཞིག་གཏན་ནས་མ་ཡིན་པ་དང་། དེ་བས་ཨ་མའི་བཀའ་དྲིན་ནི་ཤིན་ཏུ་ནས་གཞལ་དཀའ་བ་ཞིག་ཡིན་པའི་ཤེས་ཚོར་ཟབ་མོ་ཞིག་བཅོས་མིན་དུ་སྐྱེས་པར་མ་ཟད། ལྷག་དོན་དུ་ཕ་མ་རྒན་འཁོགས་ལ་བཀའ་དྲིན་གསབ་རྒྱུའི་ཐད་ཡང་བསྐྱར་བསམ་བློ་གཏོང་དགོས་བྱུང་བ་རེད།

དང་པོ། བུ་བཀྲ་ཤིས་ཀྱི་ཆུང་མར་ཕྲུ་གུ་སྐྱེས་པ།

བཀྲ་ཤིས་ཀྱི་བཟའ་ཟླ་སྒྲོལ་མར་ཕྲུ་གུ་འཁོར་ནས་ཟླ་བ་བརྒྱད་ལྷག་སོང་ཟིན། དེང་སང་འཕྲོད་བསྟེན་སྨན་བཅོས་དང་མ་བུ་བདེ་སྲུང་གི་སྲིད་ཇུས་བཟང་པོ་ཡོད་པས་ད་ནི་གང་མགྱོགས་སྒོས་རྫོང་སྨན་ཁང་ངམ་ཡང་ན་ས་ཁུལ་གྱི་མ་བུ་བདེ་སྲུང་སྨན་ཁང་དུ་ཕྲུ་གུ་སྐྱེ་བསུར་བསྒུག་དགོས་ཞེས་གྲོས་བསྡུར་བྱས། ཆུང་མས“བྲེལ་འཚུབ་བྱེད་དགོས་མ་རེད། ད་ཆ་ང་ཐང་ཐག་ཆོད་ཡིན”ཞེས་ཟེར།

དེ་ཉིན་བཀྲ་ཤིས་ལྷ་སར་ཡོད། གོང་རིམ་གྱི་བཀའ་མངགས་ལྟར་ཉིན་ཤས་རིང་ལས་གནས་ཟབ་སྦྱོང་ཞིག་ལ་ཞུགས་ཤིང་ཟབ་སྦྱོང་དེ་ནི་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་གཡས་གཡོན་ལ་གྲོལ་བས་ཁོ་པ་ལས་རོགས་ཁ་ཤས་དང་མཉམ་དུ་ཇ་ཁང་ནང་ངལ་གསོ་བཞིན་གླེང་མོ་ལ་རོལ།

ཏིར……ཏིར……ཏིར……ཞེས་ཁ་པར་དྲིལ་བརྡ་བར་མཚམས་མེད་པར་གྲགས། “གཅེན་པོ་བཀྲ་ཤིས། ག་རེ་བྱེད་ཀྱིན་ཡོད། ང་དང་ཨ་ཅག ཨ་མ་བཅས་ཞང་གི་སྨན་པ་ནོར་བུ་ལགས་དང་སྤེན་པ་ལགས་གཉིས་ཀྱི་རོགས་རམ་འོག་རླངས་འཁོར་དུ་བསྡད་དེ། ད་ལྟ་ས་ཁུལ་གྱི་མ་བུ་བདེ་སྲུང་སྨན་ཁང་ལ་འགྲོ་བཞིན་ཡོད”ཅེས་བཟའ་ཟླའི་གཅུང་པོ་སྐལ་བཟང་གིས་བཤད་པའི་སྐད་ཆའི་མཇུག་མ་རྗོགས་གོང་། བཀྲ་ཤིས་ཀྱིས“ག་རེ། རང་གི་ཨ་ཅག་སྐྱེ་གྲབས་ཡོད་པ་མ་རེད་དམ། ཁྱེད་ཚོ་ལམ་བར་དུ་གཟབ་གཟབ་བྱོས། ཨ་ཅག་ལ་རོགས་པ་ཡག་པོ་བྱོས་དང་། ང་ལམ་སེང་ཚུར་འོང”ཞེས་ཁ་པར་བཞག་སྟེ་བཀྲ་ཤིས་འཕྲལ་མར་ལྷ་ས་ནས་ལྷོ་ཁར་ཐོན།

ལམ་བར་དུ་སྐྱེ་སྲིད་དམ། སྐྱེ་མི་སྲིད། སྨན་ཁང་ལ་མ་འབྱོར་བར་དུ་ཆུང་མས་སྡུག་རུས་བྱེད་ཐུབ། གལ་ཏེ་སྐྱེས་ཚེ། མ་བུ་གཉིས་ཀ་བདེ་ཐང་ཨེ་ཡོང་། ད་ནི་གང་དྲག་ལ་སོགས་ཁོ་པའི་སེམས་སུ་འདྲི་རྟགས་སྣ་ཚོགས་དང་རེ་དོགས་གང་མང་གིས་ཁྱབ་ཅིང་། རང་ཉིད་ལམ་དུ་ཇི་ལྟར་ཞུགས་མིན་ཡང་མ་ཚོར་བའི་སྐབས་དེར་ཡང་ཁ་པར་ཞིག་སླེབས། “གཅེན་པོ་ལམ་དུ་རླངས་འཁོར་ག་ལེར་བཏང་ནས་ཤོག ཨ་ཅག་སྨན་ཁང་དུ་འབྱོར་རྗེས་གཟུགས་པོ་གྲོལ་སོང་། ད་ཆ་སྐྱོན་མི་འདུག ཕྲུ་གུ་ཡང་ཐང་པོ་རེད། ཕྲུ་གུ་བུ་མོ་རེད”ཅེས་པའི་གཏམ་དེ་ཐོས་མ་ཐག བཀྲ་ཤིས་ཀྱི་སེམས་པ་ལྷོད་ལ་བབས་ཤིང་སྨྲ་མི་ཤེས་པའི་དགའ་ཚོར་སྐྱེས་ཏེ་མུ་མཐུད་དེ་ལམ་དུ་ཞུགས།

བཀྲ་ཤིས་ས་ཁུལ་གྱི་མ་བུ་བདེ་སྲུང་སྨན་ཁང་དུ་འབྱོར། སྨན་ཁང་གི་སྐྱེ་བསུ་ཁང་དུ་སླེབས་རྗེས་སྨན་པ་མང་པོ་བྲེལ་འཚུབ་ཆེན་པོས་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག་ལ་སྨན་ཞབས་པ་ཞིག་གིས་སེམས་རྩ་འཁོལ་པོས“ཅོག་ལགས། སྐྱེ་བསུ་ཁང་ལ་འཛུལ་ཕེབས་དུས་ཞབས་ལ་འགྱིག་ཤོག་གི་ལྷམ་འདི་མཆོད་ཨང”ཞེས་ཟེར་བ་དེ་བཀྲ་ཤིས་ཀྱི་རྣ་ལམ་དུ་རབ་རིབ་ཙམ་གོ་བས་རྟབ་རྟབ་པོར་ལྷམ་དེ་གྱོན་ཞིང་ཆུང་མའི་གམ་དུ་སོང་།

ཆུང་མ་བདེ་ཐང་ཐོག་ཉལ་ཁྲིར་འདུག་ཅིང་གདོང་གཤིས་སྐྱ་བོར་གྱུར་ལ་མཆུ་སྒྲོས་ཀྱང་ཅུང་ཟད་སྐམ་ཡོད་ནའང་འཛུམ་དམུལ་ཞིག་གིས་བསུ་བ་བྱས་ལ་གཞོགས་གཡས་སུ་བལྟས་ནས“ང་གཉིས་ཀྱི་བུ་མོ”ཞེས་དགའ་ཚོར་ཆེན་པོས་བཀྲ་ཤིས་ལ་བཤད། བཀྲ་ཤིས་ཀྱིས“ཡག་ཡག ཁྱོད་ཀྱིས་སྡུག་པོ་མཐོང་སོང་། ད་ནི་བཟང་། ཁྱོད་གྱོང་པོ་བྱུང་སོང”སོགས་སེམས་གསོ་དང་ངོ་སོས་བསྟོད་ཀྱིན། ཁོ་པས་མིག་ཟུང་ཁྲ་སྒོར་རེར་གནས་པའི་རང་གི་བུ་མོར་ལྟ་སྐབས། གཅིག་ནས་རང་ཉིད་དེ་རིང་ནས་བཟུང་ཏེ་འཇིག་རྟེན་པ་ཕར་གྱུར་པས་དགའ་བ་སྐྱེས་པ་དང་གཉིས་ནས་རང་ཉིད་ཀྱིས་བུ་མོའི་ཨ་མ་དང་བུ་མོར་དུས་ཐོག་ཏུ་སྐྱེ་གཡོག་ཡག་པོ་ཞིག་བྱེད་མ་ཐུབ་པས་པ་ཕ་ཞིག་གི་ངོས་ནས་ངོ་གནོང་ཅུང་ཟད་ཀྱང་སྐྱེས།

གཉིས་པ། ཕྲུ་གུ་སྐྱེ་སྐབས་ཀྱི་ན་ཟུག

བཀྲ་ཤིས་ཀྱི་ཆུང་མའི་ཨ་མ་གསལ་སྒྲོན་ནི་གཏམ་མོད་ཅིང་ཁ་སངས་པ་ཞིག་རེད། “ད་ཆ་བུ་མོར་སྐྱོན་བྱུང་མ་སོང་། ལམ་བར་དུ་སྐྱེ་ཟུག་ཆེན་པོ་ཞེ་དྲགས་བརྒྱབ་ཀྱང་བུ་མོས་སྡུག་རུས་ཆེན་པོ་བྱས་བྱུང་། འཇིག་རྟེན་གྱི་ཁ་དཔེར‘བུད་མེད་ཕྲུ་གུ་སྐྱེ་དུས་རྐང་པ་ཡ་གཅིག་དམྱལ་བ་དང་ཡ་གཅིག་མི་ཡུལ་དུ་བརྐྱངས་ནས་བསྡད་ཡོད’ཟེར་བ་ལོས་བདེན། དངོས་གནས་འཆི་གསོན་ཧ་གོ་དཀའ་བ་རང་རེད། དེ་རིང་ཡིན་ན་བུ་མོ་འདིས་སྨན་ཁང་འདིའི་ནང་སྐད་གྲགས་བཞག་སོང་། སྨན་པ་ལགས་དང་ནད་གཡོག་ཚང་མའི་རྣ་བ་འོན་ལ་ཁད་བཏང་སོང་། ནམ་རྒྱུན་བུ་མོ་གཟུགས་པོ་ཐང་པོ་དེ་ཙམ་མེད་པས་དེ་རིང་སྐྱེ་ཟུག་དེས་ང་ནི་ཧ་ཅང་ཞེད་བྱུང་། ཡིན་ཡང་དཀོན་མཆོག་གིས་གཟིགས་ནས་སྲོག་ཉེན་ལས་ཐར་ཙམ་བྱུང”ཞེས་ལམ་བར་དུ་ན་ཟུག་བཏང་ཚུལ་དང་སྨན་ཁང་ནང་དུ་འབྱོར་རྗེས་སྐྱེ་ཟུག་གང་འདྲ་བརྒྱབ་ཚུལ་བཀྲ་ཤིས་ལ་ཞིབ་ཕྲ་བྱས་ནས་བཤད།

ད་དུང་། ཨ་མས་ཨམ་ཕྲག་ནང་ནས་སྐྲ་ཏོག་ཙམ་ཞིག་བསྟན་ནས“ལྟོས་དང་འདི་ནི་བུ་མོ་སྐྱེ་ཁང་དུ་འབྱོར་རྗེས་སྐྱེ་ཟུག་མ་བཟོད་པར་རང་གི་སྐྲ་རང་གིས་འཐེན་ཏེ་བཀོག་པ་དེ་དག་རེད”ཟེར། ཉལ་ཁང་གཅིག་པའི་ཨ་ཅག་ཅིག་གིས་གཟབ་ལྷིང་གིས་སྒོ་ནས“རེད་རེད། བུ་མོ་འདིར་སྐྱེ་ཟུག་ཆེན་པོ་བརྒྱབ་པའི་ཟུག་རྔུའི་སྒྲ་ང་ཚོ་ཚང་མས་ཐོས་བྱུང་། ཡིན་ཡང་མགྱོགས་པོར་སྐྱེས་སོང་། དངོས་གནས་ཡག་པོ་རེད”ཅེས་བཤད།

གོང་གི་སྐད་ཆ་དེ་དག་གིས་སྒྲོལ་མའི་བློ་ངོར། གཅིག་ནས་ད་གིན་སྐྱེ་ཟུག་བརྒྱབ་པའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དྲན་ནས་ཞེད་སྣང་དང་དངངས་སྐྲག་ཅིག་ཅར་དུ་ཤར་བ་དང་། གཉིས་ནས་ད་གཟོད་དཀའ་ཚེགས་ཆེ་བའི་ལམ་འཕྲང་དེ་ལས་ཐར་ནས་ཕྲུ་གུ་ཡང་བདེ་ཐང་ཡིན་པས་དགའ་ཚོར་ཆེན་པོ་སྐྱེས་ནས་བཀྲ་ཤིས་ཀྱི་ལག་པར་དམ་པོར་འཇུས་ཐོག མིག་ཟུང་ལས་མཆི་མའི་ཐིགས་པ་ཞིག་དལ་བ་དལ་བུར་མཁུར་ཚོས་ངོས་སུ་ཉིལ།

བཀྲ་ཤིས་ནི་རེ་ཞིག་བེམ་པོ་ལྟ་བུར་གྱུར་ཅིང་ཅང་མི་སྨྲ་བར་ཆུང་མའི་ངོ་གདོང་ལ་ལྟ་ཞིང་ཧ་ལམ་ཁོ་པའི་རྣ་ལམ་དུ“ཨ་ར་ར……ང་ཤི་པ་འདུག་གོ……ཨ་མ……པ་ཕ……བཀྲ་ཤིས……སྨན་པ་ལགས……”ཞེས་པ་སོགས་རང་གི་ཆུང་མ་ཕྲུ་གུ་སྐྱེ་དུས་བཟོད་དཀའ་བའི་ཟུག་རྔུ་འདོན་པའི་ངང་ཚུལ་རྣམས་ཡིད་ངོར་འཆར་བ་དང་འདྲ་ལ་ཕྲུ་གུ་སྐྱེ་དུས་ཨ་མའི་ལུས་སྨད་ཀྱི་ཤ་རུས་བྲལ་གྱིན་ཡོད་ཚུལ་ཡང་བདེན་པར་སེམས་ནས་རང་གི་ཆུང་མར་སྔར་ལས་ལྷག་པའི་དུང་བ་ཞིག་ངང་གིས་ཆགས་སོ། །

གསུམ་པ། གཉིད་མེད་པའི་མཚན་མོ།

སྒྲོལ་མས་བཀྲ་ཤིས་ལ“ད་ཉི་མ་བཞུད་གྲབས་འདུག བཀྲ་ཤིས་རང་འཐོམས་ནས་མ་བསྡད་པར་ཁྲོམ་ལ་ཕྱིན་ཏེ་བུ་མོའི་གཟན་ཆུང་དང་ཆུ་གདན། ཕོ་ཁེབས་སོགས་ཁ་ཤས་ཉོ་བར་སོང་། མ་གཞི་ད་གིན་གཅུང་པོ་སྐལ་བཟང་གིས་འཚབ་འཚུབ་ངང་ཁ་ཤས་ཉོས་འདུག་ཀྱང་ད་དུང་མང་པོ་དགོས་ཀྱི་རེད། མགྱོགས་ཙམ་ཕྱིན་ནས་མགྱོགས་ཙམ་ལོག་ཤོག”ཅེས་ཟེར་བ་དང་བཀྲ་ཤིས་ཀྱིས“ཡ་ཡ། ང་ཕྱིན་ཆོག”ཅེས་བཤད་དེ་ལམ་སེང་ཁྲོམ་ལ་སོང་།

བཀྲ་ཤིས་དགའ་སྤྲོའི་ངང་རྩེད་ཐང་ཁྲོམ་གཞུང་དུ་བུ་མོའི་ཉལ་གཟན་དང་ཆུ་གདན། ཕོ་ཁེབས། འཇིབ་རུ་སོགས་ཕྲུ་གུ་དམར་འབྱར་ལ་མཁོ་བའི་དངོས་པོ་མི་ཉུང་བ་ཞིག་ཉོས་ཏེ་ཕྱིར་ལོག སྨན་ཁང་དུ་ཕྱིར་སླེབས་དུས་ས་རུབ་ཚར་ཞིང་བཀྲ་ཤིས་ཀྱི་ངོས་ནས་བཤད་ན། ཉིན་དེ་ནི་དངངས་འཚབ་དང་བྲེལ་འཚུབ། དགའ་སྣང་བཅས་གསུམ་གྱི་སྒོ་ནས་འདས་པ་རེད།

ཨ་མ་གསལ་སྒྲོན་ལགས་ཀྱིས“བཀྲ་ཤིས། ད་རང་ངལ་གསོ་ཏོག་ཙམ་རྒྱོབ། ཕལ་ཆེར་ཁྱོད་ལ་ཁ་ལག་རག་ཡོག་མ་རེད། འདི་ན་ཇ་དང་རྩམ་པ། མར་ཕྱུར་བཅས་ཡོད་པས་སྤགས་ཟོ་དང”ཞེས་བཤད། བཀྲ་ཤིས་ཅུང་ཟད་ཐང་ཆད་པའི་སྒོ་ནས“ལགས་སོ”ཞེས་ཞུས་ཤིང་སྤགས་བཟས་ཇ་འཐུང་ལ་རོལ་རྗེས་སྨན་ཁང་གི་ཤེལ་ཁྲའི་མདུན་དུ་ལངས་ཏེ་རྒྱང་ལྟ་ཞིག་བྱེད་སྐབས། སྐར་ཚོགས་རྣམ་པར་བཀྲ་བའི་མཚན་དགུང་འོག ཁྲ་ཆིལ་གློག་འོད་ཀྱིས་ཡོངས་སུ་བརྒྱན་པའི་རྩེད་ཐང་གྲོང་རྡལ་ནི་དེ་འདྲའི་མཛེས་སྡུག་རྣམ་པར་བཀྲ་བའི་མཚན་ལྗོངས་ཤིག་རེད་ཨང་།

བཀྲ་ཤིས་ཀྱི་ཆུང་མ་སྒྲོལ་མས་ཁོ་པར་བུ་མོ་སྙིང་རྗེ་མོ་ཞིག་སྐྱེས་ཡོད་པ་དང་བུ་མོ་དེ་སྐྱེ་བའི་ཆེད། སྲོག་འབེན་ལ་བཙུགས་ཏེ་ཕྲུ་གུ་སྐྱེ་བའི་ན་ཟུག་མཐའ་དག་བཟོད་པར་བྱས་ཡོད་པ་ནི་ཁོ་པས་གསལ་པོར་ཤེས། ཁོ་པའི་བསམ་བློར། ད་ཆ་རང་ཉིད་ལ་ཕྲུ་གུ་བུ་མོ་ཞིག་ཡོད་པ་ནི་རང་ཉིད་དང་བཟའ་ཟླའི་དབར་ལྷད་མེད་བརྩེ་དུང་ཞིག་གི་འབྲས་བུ་ཡིན་པས་བུ་མོར་བྱམས་སྐྱོང་གང་ལེགས་དང་ཆུང་མར་བརྩེ་བ་གང་ཟབ་བཅང་རྒྱུ་ཡིན་པའི་དམ་བཅའ་སྙིང་ལ་བརྟན་པོར་བཞག

“ཙིར……ཙིར……ཙིར……”བུ་སླེལ་ནང་ནས་བུ་མོ་ངུས་སོང་། བཀྲ་ཤིས་ཀྱིས་ལམ་སེང་བུ་མོ་ཡར་བླངས་ཏེ“བུ་མོ་གྲོད་ཁོག་ལྟོགས་པ་འདྲ”ཟེར་གྱིན་བུ་མོ་ཆུང་ཆུང་སྒྲོལ་མར་སྤྲད་ཅིང་སྒྲོལ་མས་བུ་མོར་འོ་མ་སྟེར་མགོ་བརྩམས། སྐབས་དེར་སྒྲོལ་མའི་ནུ་མ་གཉིས་ཤིན་ཏུ་ཆེན་པོར་གྱུར་ཡོད་ལ་ན་ཟུག་ཀྱང་ཆེ་རུ་སྐྱེས། ནུ་མ་འཕུར་བ་དང་བཙིར་བ་ལན་མང་བྱས་མཐར་ཆུ་སེར་དང་འོ་མ་འདྲེས་མ་ཞིག་ཐོན།

བུ་མོ་ཆུང་ཆུང་དེ་སྐྱེས་མ་ཐག་ཡིན་ནའང་ཨ་མའི་ནུ་མ་ཁ་རུ་བླུད་ཚེ་ཁ་ཤུགས་ཆེན་པོས་ནུ་མ་འཇིབས་པས་གློ་བུར་དུ་སྒྲོལ་མས“ཨ་ཙ”ཞེས་འབོད་ཀྱིན་མུ་མཐུད་དུ་བུ་མོར་འོ་མ་སྦྱིན། བུ་མོ་ཆུང་ཆུང་གིས་འོ་མ་འཐུང་གིན་འཐུང་གིན་ཡང་ཙིར་ཙིར་ངུ་སྐད་འདོན། ཨ་མ་གསལ་སྒྲོན་གྱིས“བུ་མོ་ཕལ་ཆེར་གཅིན་པ་བཏང་བ་འདྲ། ད་ཆུ་གདན་བརྗེ་རན་པ་རེད”ཟེར་བ་དང་གཟན་ཆུང་བཤིག་ནས་ལྟ་སྐབས་ཏག་ཏག་གཅིན་པ་དང་སྐྱག་པ་གཉིས་ཀ་བཏང་ཡོད། གཟབ་གཟབ་ངང་རས་འཇམ་ཤོས་ཤིག་གིས་བུ་མོའི་སྐྱག་གཅིན་གཙང་མར་ཕྱིས་རྗེས་གཟན་ཆུང་ནང་བསྒྲིལ་ཏེ་བསྙལ་བ་དང་དེའི་མུར་བུ་མོའི་སྐྱག་གཅིན་གྱིས་ཚོས་པའི་ཆུ་གདན་རྣམས་འཁྲུ་བར་སོང་། བཀྲ་ཤིས་ཀྱིས་ལམ་སེང“ཨ་མ་ལགས། ངས་བཀྲུས་ཆོག”ཟེར་གྱིན་ཡར་ལངས་གྲབས་བྱེད་དུས“ངས་བཀྲུས་ཆོག ད་འཕྱི་པོ་ཆགས་འདུག བཀྲ་ཤིས་རང་དེ་རིང་དཀའ་ལས་ཁག་སོང་། མགྲོན་ཁང་གཅིག་ལ་ཉོལ་ལ་སྔ་ཙམ་ངལ་གསོ་རྒྱོབ། ད་འདི་གར་གནང་དག་ཡོད་པ་མ་རེད། སེམས་ཁྲལ་མ་བྱེད”ཅེས་བཤད་ཀྱང་བཀྲ་ཤིས་ཀྱིས་མ་ཉན་པར་དོ་ནུབ་སྨན་ཁང་དུ་ཉལ་རྒྱུུ་ཡིན་ཞེས་བཤད། ཆུང་མས“ངའི་གཡོན་ངོས་ཀྱི་ཉལ་ཁྲི་ལྷག་མ་དེའི་སྟེང་ལ་ཨ་མ་ཉོལ། བཀྲ་ཤིས་རང་ངའི་གཡས་ཀྱི་ས་མཐིལ་དུ་ས་གདན་ཞིག་བཏིང་སྟེ་ཉོལ། སྨན་ཁང་འདི་གཅིག་ནས་གཙང་བ་དང་གཉིས་ནས་དྲོ་པོ་འདུག་པས་རང་གཉིད་ཡག་པོ་ཁུག་གི་རེད”ཅེས་ཟེར་བས་བཀྲ་ཤིས་ཀྱིས་དེ་འདྲ་ཡག་པོ་འདུག་ཅེས་ཁས་བླངས་ཏེ་དེ་ལྟར་ཉལ།

དགོང་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་རེད། བུ་མོ་གཉིད་སད་ནས་ངུས་སོང་། ཆུང་མས་ལམ་སེང་བུ་མོ་ཁ་སྐོམ་པ་འདྲ་ཟེར་བཞིན་ནུ་ཞོ་ཁ་རུ་བླུད། ཆུང་མའི་ཨ་མས་སྔར་བཞིན་བུ་མོའི་ཆུ་གདན་བརྗེ་བ་དང་འཁྲུ་བ་སོགས་བྱེད།

དགོང་མོའི་ཆུ་ཚོད་དང་པོ་ཡོལ་ཟིན། བུ་མོ་ཡང་བསྐྱར་ངུས། བཀྲ་ཤིས་ཉལ་བ་ཙམ་མ་གཏོགས་གཉིད་ནི་ཁུག་ཐབས་བྲལ།

མཚན་གུང་གི་ཆུ་ཚོད་གསུམ་པ་དང་སྐར་མ་ཉི་ཤུ་རེད། བུ་མོ་ཡང་བསྐྱར་ཙིར་ཙིར་ཞེས་ངུས་སོང་།

ཐོ་རངས་ཀྱི་ཆུ་ཚོད་ལྔ་པ་རེད། བུ་མོ་ངུས་སོང་། ཨ་མས“བུ་མོ་འཁྱགས་པ་མིན་ནམ་ཟེར”ཆུང་མས“བུ་མོ་ཚ་བ་བརྒྱབ་པ་མིན་འགྲོ”ཟེར། བཀྲ་ཤིས་ཀྱིས“བུ་མོ་གང་བྱས་པ་ཡིན་ནམ”ཟེར། གང་ལྟར་ཆུང་མ་དང་ཆུང་མའི་ཨ་མས་སྔར་བཞིན་བུ་མོར་འོ་མ་སྟེར་བ་དང་ཆུ་གདན་བརྗེ་བ་སོགས་བྱེད།

ཞོགས་པའི་ཆུ་ཚོད་བདུན་པ་ཡོལ། བུ་མོ་ངུས་སོང་། ཆུང་མས་བུ་མོར་འོ་མ་སྟེར་མགོ་བརྩམས། སྐབས་དེར་ཆུང་མའི་ནུ་རྩེར་སྔར་དང་མི་འདྲ་བའི་ཚ་ཟུག་ཅིག་བྱུང་ནའང་བཟོད་བསྲན་ཆེན་པོས་ཨམ་གཙིགས་བསྡམས་ཏེ་བུ་མོར་ནུ་མགོ་འཇིབ་ཏུ་བཅུག འོན་ཀྱང་ཆུང་མའི་ནུ་རྩེར་རྨ་ཁ་བཟོས་ཏེ་བཟོད་པར་དཀའ་བའི་ཚ་ཟུག་ཅིག་ཡོད་པ་སུ་ཡིས་རྟོགས། ཆུང་མའི་ཨ་མ་ནི་སྔར་བཞིན་འཁྲུད་ཁང་ནང་དུ་བུ་མོའི་སྐྱག་གཅིན་འཁྲུ་བཞིན་ཡོད།

སྐྱ་མདའ་གཏོང་ལ་ཉེ་སོང་། བཀྲ་ཤིས་ཀྱི་ཆུང་མ་དང་ཆུང་མའི་ཨ་མ་ནི་མཚན་གང་པོའི་གཉིད་ཐེབས་ཆག་པར་མ་ཟད་། བཀྲ་ཤིས་ཀྱང་མཚན་གང་གཉིད་ཡག་པོ་ཞིག་ཁུག་མེད་པ་སྨོས་མེད་རེད།

བཞི་པ། བུ་བཀྲ་ཤིས་ཀྱི་མིག་ཆུ།

ཉི་མ་འཆར་ལ་ཉེ་སོང་། བཀྲ་ཤིས་མལ་ལས་ལངས་རྗེས་འཁྲུད་ཁང་དུ་ངོ་གདོང་འཁྲུ་བར་སོང་། ཁོས་ངོ་ཤེལ་ལ་ལྟ་དུས་རང་ཉིད་ཀྱི་ཁ་ལ་ཁ་སྤུ་སྐྱེས་ཡོད་པ་དང་གཟུགས་པོའང་ཤིན་ཏུ་ཆེན་པོ་ཆགས་ཡོད་པའི་སྣང་བ་ཞིག་བྱུང་བར་མ་ཟད། གློ་བུར། ཕ་ཡུལ་དུ་བཞུགས་པའི་ན་རྒས་ཡབ་ཡུམ་གཉིས་པོ་ལྷག་ཏུ་དྲན་པ་ཞིག་བྱུང་བའི་མུར། ད་གཟོད་བཀྲ་ཤིས་ཀྱིས་གནམ་འོག་ཕ་མས་བུ་ཕྲུག་གསོ་སྐྱོང་བྱ་བ་ནི་དཀའ་ཚེགས་ཆེ་ཞིང་རླབས་ཆེ་བ་ཞིག་རེད་ཟེར་བའི་གནས་ལུགས་དེ། ཁ་ནས་བཤད་པ་ཙམ་ཞིག་མ་ཡིན་པར་ཁ་སང་ཉིན་མོ་དང་མདང་ནུབ་མཚན་མོ་དེར་བྱུང་བའི་གནས་ཚུལ་དངོས་ཀྱི་ཐོག་ནས་རང་ཉིད་ལ་མཐོང་ཐོས་མྱོང་གསུམ་བྱུང་བ་རེད།

ལྷག་པར། བཀྲ་ཤིས་ཀྱི་བློ་ངོར་རང་གི་ཨ་མའི་ངོས་ནས་བཤད་ན། རང་ཉིད་བརྩིས་པས་ཁྱོན་བསྡོམས་གཅེན་གཅུང་དགུ་སྐྱེས་ཡོད། ཁོང་གིས་ང་ཚོ་རེ་རེ་བཞིན་འདི་ལྟར་སྐྱེས་ཤིང་འདི་ལྟར་གཅེས་སྐྱོང་གནང་པ་ཡིན། ངོ་མ་ང་ལ་རླབས་ཆེན་གྱི་ཨ་མ་གཅིག་ཡོད་སྙམ་ནས་སྤོབས་པ་དང་སེམས་འགུལ་རབ་ཏུ་ཐེབས།

ད་དུང་། པ་ལགས་དང་ཨ་མ་ལགས་ཁོང་རྣམ་གཉིས་ཀྱིས་མི་ཚེ་གང་པོར་ང་ཚོ་འདི་ལྟར་གསོས་ཤིང་འདི་ལྟར་བསྐྱངས་པ་རེད། ད་ཆ་ཁོང་རྣམ་གཉིས་ཀྱི་བཞིན་རས་གཉེར་མས་ཁེབས་ཤིང་། དབུ་སྐྲ་དཀར་པོར་གྱུར་ཟིན་པས་ཟས་ལ་དང་ག་འགག་པ་དང་བྱིན་པས་ལུས་པོ་ཐེགས་དཀའ་བའི་གནས་ལ་གྱར་བཞིན་ཡོད། ད་ནི་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་ཚོར་བར་བྱས་ཏེ་རང་ལ་དཀའ་ངལ་ག་ཚོད་འཕྲད་ཀྱང་ཁོང་རྣམ་གཉིས་ལ་བཀའ་དྲིན་གསབ་པའི་དུས་ལ་བབས་འདུག་སེམས་བཞིན་སེམས་བཞིན་ཨ་མ་ཤིན་ཏུ་དྲན་དྲགས་ནས་ཁ་པར་ཞིག་གཏོང་དགོས་སྙམ། དེ་རྗེས་འཁྲུད་ཁང་ནས་ཕྱིར་ཐོན་ཏེ་སྟོད་ཐུང་གི་ཁུག་མའི་ནང་ནས་ཁ་པར་འདོན་པར་བརྩམས།

ཏིར……ཏིར……ཏིར……ཞེས་ཁ་པར་གྱི་དྲིལ་བརྡ་ཞིག་གྲགས། དེ་ནི་ཏག་ཏག་ཨ་མའི་ཁ་པར་རེད། ཁ་པར་ནང“བུ། ག་པར་ཡོད། རང་རྩེད་ཐང་ལ་ཡོད་པས། མི་ཚོས་ཟེར་ཡས་ལ་ཁྱོད་ཀྱི་བཟའ་ཟླ་གློ་བུར་དུ་ས་ཁུལ་སྨན་ཁང་ལ་ཕྲུ་གུ་སྐྱེ་བར་སོང་ཟེར། ད་ཆ་གང་འདྲ་བྱུང་སོང་། ཨ་མ་སེམས་ཁྲལ་ཆེན་པོ་བྱུང་བས་མདང་ནུབ་གཉིད་ཀྱང་ཡག་པོ་ཁུག་མ་བྱུང”ཞེས་གསུངས།

ཨ་མས་གསུངས་པའི་སྐད་ཆ་དེ་དག་བཀྲ་ཤིས་ཀྱི་སྒྲ་འཛིན་བུ་གར་ལྷུང་དུས་བཀྲ་ཤིས་ནི་མགྲིན་པ་བརྣངས་ཤིང་མིག་མཐར་མཆི་ཞག་ཀྱང་རང་དབང་མེད་པར་འཁྱིལ་བ་དེ་མི་གཞན་གྱིས་མཐོང་བར་དོགས་ནས་ཁ་སྒེའུ་ཁུང་གི་ཕྱི་ལ་བསྐོར་ཏེ“ ཨ་མ་ལགས། སེམས་ཁྲལ་མ་གནང་། འདི་གར་གནང་དག་མི་འདུག ཨ་ཅེ་དང་ཕྲུ་གུ་གཉིས་ཀ་བདེ་ཐང་རེད། ང་ཚོ་གང་མགྱོགས་ལོག་ཡོང་གི་ཡིན”ཞེས་དགའ་སྐྱོ་ཟུང་གི་ཉམས་སྣང་དང་བཅས་སྐད་ཤུགས་ཆུང་བོའི་ངང་ནས་བཤད་དོ། །

སྐབས་དེར། ཡང་བུ་སླེལ་ནང་གི་བུ་མོ་ཆུང་ཆུང་དེས་ཙིར་ཙིར་ཙིར་ཞེས་ངུས་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།