ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་རླབས་སྒྲ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མཚོ་བྱང)དགེ་ལེགས་རྒྱལ་མཚན།   སྤེལ་དུས། : 2024-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་འདི་དག་གི་རིང་ལ་སེམས་པ་དེ་གཞི་ནས་ཁོམ་པ་མེད་པར།

སེམས་ཀྱི་གཏིང་རིམ་ན་བག་ཡངས་སུ་ཉལ་པའི་བྱེའུ་ཆུང་སྟེ།

སྔར་ལས་འཕུར་ལྡིང་ལ་བྲེལ་ནས་གཡེངས་ཤིང་རྩེན་པས།

ཐ་ན་རང་གི་ཐོབ་ཤོར་ཡང་རྨང་ནས་བརྗེད་སོང་།


གློ་བུར་དུ་གླུ་དབྱངས་སྙན་མོ་ཞིག་ལ་མཉན་རྒྱུའི་འདུན་པ་སྐྱེས་པར།

གླུ་མ་སྒྲོལ་པེའི་ཨ་ཅེ་འབྲོག་མོ་ཞེས་པའི་དབྱངས་རྟ་དེར་མཉན་པས།

སེམས་ཀྱི་སྒོ་གླེགས་ཀྱང་རིམ་གྱིས་ཕྱེས་བྱུང་།

དབྱངས་རྟའི་འགྱུར་བག་ལ་ཉན་གྱིན་ཉན་གྱིན།

ཅི་ཡིན་མི་ཤེས་པར་སེམས་ངལ་འདི་ཡངས་སེར་ཕབ་སོང་།

དེ་ཙ་ན། ངས་སྙིང་གི་འཕར་ལྡིང་ཡང་ཞི་བར་འཇགས་པ་ཚོར་ལ།

རྩ་ལམ་ཀུན་ཏུ་རྒྱུ་བའི་ཟུངས་ཁྲག་དམར་པོའི་གོམ་སྒྲ་ཡང་།

ཞི་ཞིང་ལྷོད་ལྷོད་དུ་གྱུར་བའི་ཚོར་བ་སྐྱེས།


ངའི་མིག་ལམ་དུ་སྣང་བ་ནི།

རྗ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་པའི་ཉམས་འགྱུར་དང་།

ཁྲི་གདུགས་ཉི་མའི་གཟི་འོད་གངས་ལྗོངས་སུ་འཕྱུར་བའི་མཛེས་སྡུག

མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་དང་།

ད་དུང་ཅི་དགར་རྩེན་པའི་ཉ་དང་ཉ་མོའི་འཁྱུག་རྩལ་གྱི་མཚར་སྡུག་དག་ཡིན།


ལྟོས་དང་། ངའི་ཕ་ཡུལ་མདའ་བཞི་གཡང་གི་ར་བ་ན།

སྙན་མོ་པི་ལྦང་གི་དབྱངས་རྟས་བརྒྱན་པའི་རོལ་དབྱངས་དང་།

བརྩེ་བ་ཕྱོགས་མེད་བརྐྱང་པའི་ན་ཆུང་མའི་འཛུམ་ཆུང་།

གཞན་ཡང་ཕ་དང་སྲུ་མོའི་ངག་ན་བརྡོལ་བའི་ལོ་ངོ་སྟོང་གི་འགྱུར་ཁུགས་སྙན་མོ།

ཉམས་འགྱུར་སྟོང་གིས་ཕྱུག་པའི་ལུས་ཕྲ་མའི་སྟངས་སྟབས་བཅས་ཀྱིས།

བྱ་བའི་བྲེལ་ཟིང་ནས་ཁོམ་ལོངས་བྱུང་བའི་འུ་གཉིས་ལ་ལྷད་མེད་ཀྱི་བསུ་བ་བྱེད་ན།

འགྲོ ། ཕ་ཡུལ་དུ་འགྲོ །

དེ་རིང་ཕ་ཡུལ་དུ་དགའ་སྟོན་ཆེན་མོ་ཞིག་བཤམས་འདུག་ཟེར།

ཕ་ཡུལ་གྱི་རི་ཆུའི་བྲོ་བ་དེར་སྣུམ་དུ་འགྲོ།

ཕ་ཡུལ་གྱི་པི་ལྦང་གི་ཞབས་བྲོ་དེར་བལྟ་རུ་འགྲོ


མཐོང་ལམ་དུ་སྣང་བའི་ལྗང་མདོག་གི་འཇིག་རྟེན་ཡངས་པོར་ན།

སྦྲ་ནག་གི་དུ་ཞགས་ཕྲ་མོ་ནམ་མཁའི་ལྷ་མོར་འཁྲེང་ཞིང་།

མེ་ཏོག་སེར་ཆེན་དང་སྤང་རྒྱན་མེ་ཏོག་གི་མགོ་བོའང་ཤུགས་ཀྱིས་གཡོ།

གྲུབ་འབྲས་ཀྱི་ཟེའུ་འབྲི་ཆུང་ཆུང་ལྷག་ལྷག་ཏུ་དགོད་ཞིང་།

བདེ་སྐྱིད་ཀྱི་རྩ་བ་རྟག་བརྟན་དུ་གནས་ནས།

རྫོགས་ལྡན་གྱི་དུས་རབས་གསར་བར་བསྟོད་གླུ་ལེན།

ད་དུང་རྒྱང་རིང་ཞིག་ནས་མཆེད་པའི།

གདངས་དབྱངས་གསལ་བའི་བྱིས་པའི་གླུ་སྐད་དེ།

རྩྭ་ཐང་གི་མཁའ་དབུགས་དང་འགྲོགས་ནས་རྣ་བའི་གསོས་སུ་སྨིན་པ།

འུ་གཉིས་ལ་སྙུན་འདྲི་སྔུན་བསུའི་འཇོག་གླུ་ཞིག་བཏང་བ་ཅི་ལ་མིན།  །


 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།