ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2021-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— 2021ལོའི་ཟླ་དང་པོའི་ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག


རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཆེ་དགྲ་ལྷས།


2020ལོ་དང“ལོ་ལྔ་ཚན་བཅུ་གསུམ་པའི”ལས་དོན་ལ་ཕྱི་མིག་ལྟ་བ།

འཐུས་མི་རྣམ་པ།

ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས། ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། འཐུས་མི་རྣམ་པས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད(འཆར་ཟིན)》དང་མཉམ་དུ་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་ཞུ་རྒྱུ་ཡིན།

2020ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་གནང་བའི་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་དམག་འཐབ་ཆེན་མོ་དང་རྒྱུགས་སྤྲོད་ཆེན་མོའི་ཁྲོད་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པ། ལོ་རྒྱུས་སུ་འགོད་ཆོག་པ་བཅས་ཀྱི་ཕུལ་དུ་བྱུང་བའི་རྒྱུགས་ལན་ཕུལ་ཡོད།

—— ནད་ཡམས་འགོག་བཅོས་བྱེད་རྒྱུ་དང་གོང་འཕེལ་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་བྱས་ནས་ཕན་འབྲས་ཆེན་པོ་ཐོབ་པ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མི་དམངས་ཀྱི་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་གྱི་དམག་འཐབ་བཅས་མྱུར་དུ་བརྒྱབ་སྟེ་ཐོག་མར་ནད་རྟགས་གཏན་འཁེལ་ནད་པ་དྲག་སྐྱེད་ཐུབ་པ་བྱུང་བ་དང་། ཐོག་མར་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པ། ཐོག་མར་དཔལ་འབྱོར་དངོས་འཕར་ཐུབ་པ་བཅས་བྱུང་ཡོད། ལོ་ཧྲིལ་པོར་དཔལ་འབྱོར་7.8%འཕར་བ་དང་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1900ནས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་10%དང་12.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1ཟིན་ཡོད། ནད་ཡམས་འགོག་བཅོས་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་མི་རིགས་ཁག་གི་མི་དམངས་ཀྱི་རྒྱལ་གཅེས་བྱེད་སེམས་སྔར་མེད་རབ་ཏུ་འཕེལ་བ་དང་། དཀའ་ངལ་དང་འགོག་རྐྱེན་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱེད་པའི་སྟོབས་ཤུགས་དེ་བས་ཆེ་རུ་སོང་ཡོད།

—— དབུལ་པོ་དབུལ་རྐྱང་མེད་པ་བཟོ་རྒྱུར་རྒྱལ་ཁ་ཆེན་པོ་ཐོབ་པ། རྒྱལ་ཡོངས་ནང་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གཅིག་པུ་དེ་ཧྲིལ་པོ་དབུལ་སྒྲོལ་བྱུང་ཞིང་། དབུལ་ཕོངས་མང་ཚོགས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་1ལས་བརྒལ་བ་དང་། བསྟུད་མར་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་བཟང་པོའི”ཁོངས་སུ་གཏན་འཁེལ་གནང་ཡོད། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་དུ་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། དེང་འདིར་བོད་ལྗོངས་འདི་ཉིད་ལོ་ངོ་སྟོང་ཕྲག་རིང་ཚོད་འཛིན་ཐེབས་པའི་དབུལ་པོ་དབུལ་རྐྱང་གི་གནས་ལས་མཐར་ཕྱིན་པ་སྒྲོལ་ཡོད།

—— དུས་རབས་རང་བཞིན་གྱི་ལས་གྲྭར་སྐུལ་འདེད་ཤུགས་ཆེ་བཏང་བ། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་མཐུད་ལས་གྲྭ་ཁྱོན་ཡོངས་ནས་ལེགས་འགྲུབ་ཟིན་ཏེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་གློག་དྲ་རྐྱང་པ་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་ཡོད། ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་བཟོ་འགོ་བཙུགས་པ་དང་། ལྷ་ཉིང་ལྕགས་ལམ་ཆ་ཚང་བཏིང་ཟིན་པ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཚུད་ཡོད་པས་དུས་རབས་གསར་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གཉིས་ཀྱིས་བོད་ལྗོངས་འདི་ཉིད་མེས་རྒྱལ་ནང་ས་དང་འབྲེལ་གཏུག་དེ་བས་དམ་ཟབ་ཐུབ་པ་དང་མི་རིགས་ཁག་གི་མི་དམངས་རྣམས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་འགྱུར་ཐུབ་རྒྱུ་རེད།

—— མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་བ། འགན་བབས་སློབ་གསོ་སྲ་བརྟན་གཏོང་ཚད་95%ཟིན་པ་དང་། ངལ་རྩོལ་ལོ་ལོན་མི་འབོར་གཙོ་བོར་སློབ་གསོ་ཐོབ་ཚད་ལོ་10.2ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་བབ་བསྟུན་ལས་ཞུགས་པ་ཡོད་པ་དང་། ཆད་འགོག་སློབ་འཁྱོངས་ཐུབ་པ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱས་ནས་བབ་བསྟུན་མེད་པ་བཅས་བཟོས་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་གྲ་རྒྱས་ཕུན་སུམ་ཚོགས་པོ་བྱུང་བའི་ཐོག སེམས་ཤུགས་རབ་འཕེལ་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཡོད།

—— མཛེས་སྡུག་ལྡན་པའི་མདུན་ལྗོངས་ཆེས་ཆེར་མངོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཆར་འགོད་བཀོད་སྒྲིག་གིས་སྐོང་འཚོགས་གནང་སྟེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དཔེ་རིས་བཀོད་གནང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུའི་འཐབ་ཇུས་ཀྱི་ལས་འགན་དེ་བས་ཁ་གསལ་བྱུང་བ་དང་“དོན་ཆེན་བཞི”ཡིས་མི་སེམས་ལ་ཡར་སྐུལ་ཐེབས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྤྲོ་སེམས་རབ་ཏུ་འཁོལ་ཞིང་དཔའ་སྟོབས་ཆེས་ཆེར་འཕེལ་ཡོད།

འཐུས་མི་རྣམ་པ། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་ཤོས་ཡིན་པ་དང་། བྱ་གཞག་ཁག་ལ་ཕྱོགས་ཀུན་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོས་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་བསྒྲུབས་ཡོད།

གཅིག སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུར་ཤུགས་གང་ཡོད་བརྒྱབ་པ།

སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་བརྟན་ལྷིང་བྱུང་བ། ཀྲུང་དབྱང་གིས་བཏོན་གནང་བའི་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་དང་དེར་འཐབ་རྩོད་བྱེད་པའི་མཛད་ཕྱོགས་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱས་ཏེ་རིགས་འདྲ་མིན་གྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་བཏང་ཡོད། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། ལོ་ལྔ་བསྟུད་མར་ཚབས་ཆེའི་ཆབ་སྲིད་རང་བཞིན་དང་མི་དཔུང་ཁྱུ་ཚོགས་རང་བཞིན་གྱི་དོན་རྐྱེན་དང་གཏུམ་སྤྱོད་འཇིགས་སྐུལ་གྱི་གྱོད་གཞིའི་རིགས་ཐོན་མེད། སྤྱི་ཚོགས་བཅོས་སྐྱོང་ཚགས་ཚུད་ནུས་ལྡན་བྱས་པ་དང་ཁྲིམས་བཞིན་བོད་ལྗོངས་སྐྱོང་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ན་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་མོས་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།

ཆོས་ལུགས་བཅོས་སྐྱོང་བྱེད་པར་རྒྱུན་མཐུད་ནས་ཤུགས་སྣོན་བརྒྱབ་པ། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག ཆོས་ལུགས་བྱ་བར་དོ་དམ་བྱེད་རྒྱུར་ཁྲིམས་བཞིན་ཤུགས་སྣོན་བརྒྱབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་ཁྲིམས་བཞིན་འགན་སྲུང་བྱས་ཡོད། “ཚད་གཞི་བཞི་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གསར་གཏོད་ལྡན་པའི་ངང་སྤེལ་བ་དང་། དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཐོག ཏཱ་ལའི་རུ་ཚོགས་དང་རྒྱལ་མཚམས་ཕྱིའི་དགྲ་འཛིན་ཕྱོགས་གཏོགས་ཀྱིས་ཆོས་ལུགས་བེད་སྤྱད་ནས་སིམ་འཛུལ་གཏོར་བཤིག་གཏོང་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་། ཆོས་དད་མང་ཚོགས་ལ་གོམས་སྲོལ་སྒྱུར་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཁྲིད་སྟོན་ཧུར་ཐག་བྱེད་པར་གོམ་པ་གསར་པ་སྤོས་ཡོད།

མི་རིགས་མཐུན་སྒྲིལ་རྒྱུན་མཐུད་ནས་སྲ་བརྟན་དུ་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུར་ཤུགས་གང་ཡོད་བརྒྱབ་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་གོང་འཕེལ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག་གི་འཆར་འགོད་ཞིབ་འཇུག་བྱས་ནས་བཟོ་འབེབས་བྱས་ཡོད། ཚན་པ་41ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མིང་བཏགས་གནང་བ་དང་། ཚན་པ་8ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིའི་མིང་བཏགས་གནང་བ། གཞིས་རྩེ་གྲོང་ཁྱེར་སོགས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དུ་འཛུགས་གཏོད་ལེགས་འགྲུབ་བྱུང་བ་བཅས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཡོད།

བདེ་འཇགས་ཐོན་སྐྱེད་རྒྱུན་མཐུད་ནས་ལེགས་པའི་ཕྱོགས་སུ་གོང་འཕེལ་སོང་བ། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི“ལས་གྲྭ་ཁག་དགུ”ཏན་ཏིག་ངང་སྤེལ་ཡོད། འབྲི་ཆུ་དང་ཡར་ཀླུང་གཙང་པོའི་འགག་མཚོའི་ཉེན་ཁ་ཚན་རིག་དང་མཐུན་པའི་ངང་འཕྲལ་མར་སེལ་བ་དང་། རིམ་པ་4ཡན་གྱི་ས་ཡོམ་ཐེངས་128དང་ནགས་ཚལ་མེ་སྐྱོན་ཆེ་ཙམ་རིགས་ཐེངས་6ཉེན་སེལ་ལེགས་སྒྲུབ་བྱས་ཡོད། བདེ་འཇགས་དོན་རྐྱེན་རིགས་ཀྱི་ཐོན་གྲངས་དང་མི་ཤི་གྲངས་དེ“ལོ་ལྔ་ཚན་བཅུ་གཉིས་པ”དང་བསྡུར་ན་ཁག་སོ་སོར་24.8%དང་31.1%ཆག་ཡོད་ཅིང་། ལོ་ལྔ་བསྟུད་མར་ཧ་ཅང་ཚབས་ཆེའི་དོན་རྐྱེན་ཐོན་མེད་པ་དང་། ལོ་བཞི་བསྟུད་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པའི་ནང“ཕུལ་བྱུང”ཐོབ་ཡོད།

གཉིས། “འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ”ལ་རྒྱལ་ཁ་ལེན་རྒྱུར་ཤུགས་གང་ཡོད་བརྒྱབ་པ།

དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”བྱེད་པར་དམིགས་ནས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་753.9སྒྲིལ་བཅོས་བྱས་ཤིང་། དབུལ་ཕོངས་མི་འབོར་ཁྲི་62.8ཆ་ཚང་དབུལ་སྒྲོལ་བྱུང་བ་དང་། རྫོང(ཆུས)74ཆ་ཚང་དབུལ་ཞྭ་ཕུད་པ། ཡུལ་སྤོས་དབུལ་སྐྱོར་མང་ཚོགས་ཁྲི་26.6གནས་སྤོས་བདེ་བླག་བྱུང་བ། དབུལ་སྐྱོར་ཐོན་ལས་རྣམ་གྲངས་3037གྱིས་མང་ཚོགས་ཁྲི་23.8ཐད་ཀར་སྐུལ་ཁྲིད་བྱས་ནས་དབུལ་སྒྲོལ་ཐུབ་ཡོད། དབུལ་ཕོངས་མི་ཁྲི་11.1གི་མ་མཐའི་འཚོ་བ་འགན་སྲུང་བྱེད་དགོས་རིགས་ཆ་ཚང་འགན་ལེན་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་ཡོངས་བཤེར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ནས་མང་ཚོགས་ཀྱི་མོས་ཚད་99%ཡན་ཟིན་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་པས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་གོམ་སྟབས་གཅིག་གིས་ལོ་ངོ་སྟོང་བརྒལ་ཡོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་བྱས་པས་བོད་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་གོམ་སྟབས་གཅིག་གིས་ལོ་ངོ་སྟོང་བརྒལ་ཡོད་ཅེས་བཤད་ཆོག སྦགས་བཙོག་འགོག་བཅོས་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། “མཚོན་རྟགས་རང་བཞིན་གྱི་དམག་འཐབ་5”ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ནུས་ལྡན་བྱས་པ་དང་། རྫས་ལུད་དང་ཞིང་སྨན་གྲོན་ཆུང་དང་གཙང་ལྡན་ཐོན་སྐྱེད་ཁྱབ་གདལ་ཤུགས་ཆེན་བཏང་བ། གད་སྙིགས་རིགས་དབྱེ་དང་ཚུར་བསྡུ་བྱེད་རིགས་ཁྱབ་སྤེལ་ཧུར་ཐག་བཏང་ཡོད། གཙང་ཆུ་མཚོ་མཚེའུ་གཙོ་གནད་ཀྱི་ཆུའི་སྤུས་ཚད་ཚང་མ་རིགས་Ⅲཔ་ཡན་གྱི་ཚད་གཞིར་སླེབས་པ་དང་། ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་99.4%ཟིན་པ། གྲོང་ཁྱེར་གྲོང་རྡལ་གྱི་གཅིག་སྡུད་འཐུང་ཆུའི་ཆུ་རྩའི་སྤུས་ཚད་100%ཟིན་ཡོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་དཔྱད་ཞིབ་བྱས་པར་རྒྱལ་ཡོངས་ནང“ཕུལ་བྱུང”ཐོབ་ཡོད།

ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། གཞི་ཆེའི་འགྱོགས་མདའི་ཚད་གཞི་རྩ་བའི་ཆར་བརྟན་འཁྱོངས་ཐུབ་པ་དང་། དངུལ་རྩའི་ལས་རིགས་འཁོར་སྐྱོད་བརྟན་སྙོམས་བྱུང་ཐོག དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་སོང་ཡོད། དངུལ་རྩའི་ལས་ཁུངས་ཀྱི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་4957ཟིན་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ལྡབ་2.3ཡིན། དངུལ་རྩའི་ལས་ཁུངས་ཀྱིས་བསྡུ་མི་ཐུབ་པའི་དངུལ་བུན་བསྡུར་ཚད་0.46%ཡིན་ཞིང་རྒྱལ་ཡོངས་ཀྱི་ཆ་སྙོམས་བསྡུར་ཐང་ལས་གང་འཚམ་གྱིས་དམའ་བ་ཡོད། སྲིད་གཞུང་གི་མངོན་མེད་བུ་ལོན་འཕར་མེད་ཅིང་། 2018ལོ་ཚུན་དུ་དངུལ་བུན་གསོག་འབོར་སྒོར་དུང་ཕྱུར་254.2མེད་པ་བཟོས་པ་དང་། སྲིད་གཞུང་གི་དངུལ་བུན་དང་མངོན་མེད་དངུལ་བུན་གཉིས་ཀ་ཀྲུང་དབྱང་ནོར་སྲིད་ནས་གཏན་འཁེལ་གནང་བའི“འབྱུང་འཕྲོད”བདེ་འཇཌ་ཀྱི་བར་མཚམས་སུ་གནས་ཡོད།

གསུམ། རྨང་གཞིའི་སྒྲིག་བཀོད་འཐུས་ལེགས་སུ་གཏོང་རྒྱུར་ཤུགས་གང་ཡོད་བརྒྱབ་པ།

འགྲིམ་འགྲུལ་དྲ་རྒྱ་ཉིན་བཞིན་འཐུས་ལེགས་སུ་སོང་བ། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་ཁྲི་11.7ཟིན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་50%འཕར་ཡོད། རིམ་མཐོའི་གཞུང་ལམ་སྤྱི་ལེ་688ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ལྡབ་18ཟིན་ཡོད། ལྷ་ས་ནས་ཉིང་ཁྲི་བར་དང་། གོང་དཀར་གནམ་ཐང་ནས་རྩེད་ཐང་བར། གཞིས་རྩེ་གནམ་ཐང་བཅས་ཀྱི་རིམ་མཐོའི་གཞུང་ལམ་བཟོས་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ནག་ཆུ་ནས་ལྷ་ས་བར་དང་། ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར། ལྷ་ས་ནས་རྩེད་ཐང་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་གང་མགྱོགས་སྐྲུན་བཞིན་ཡོད། ལྕགས་ལམ་སྐྱེལ་འདྲེན་གཉེར་སྐྱོང་ལམ་ཚད་སྤྱི་ལེ་954ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་སྤྱི་ལེ་253འཕར་ཡོད། མཚོ་བོད་ལྕགས་ལམ་གྱི་གོར་ལྷ་དུམ་བུའི་ནུས་སྐྱེད་བསྒྱུར་བཀོད་ལས་གྲྭ་སྐྲུན་ཟིན་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དང་། གཞིས་རྩེ་ནས་སྐྱིད་རོང་བར་དང་། ཡུན་བོད། ཤིན་བོད་བཅས་ཀྱི་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གློག་རླངས་ཅན་གྱི་བསྒྱུར་བཀོད་བྱེད་པའི་སྔོན་གྲབས་ལས་དོན་སྤེལ་རྒྱུར་སྐུལ་འདེད་གང་མགྱོགས་བཏང་ཡོད། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་འགྲུལ་ལམ་ཐིག་130ཟིན་ནས་ལྡབ་1ཡན་འཕར་བ་དང་། མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་61ཟིན་ནས་50%འཕར་ཡོད། ཉིང་ཁྲིའི་སྨན་གླིང་གནམ་ཐང་དང་ཆབ་མདོའི་སྤང་མདའ་གནམ་ཐང་གི་བཟོ་བཅོས་རྒྱ་སྐྱེད་ལས་གྲྭ་སྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད། ལྷུན་རྩེ་དང་། དིང་རི། སྤུ་ཧྲེང་བཅས་ཀྱི་ཡན་ལག་གནམ་ཐང་བཟོ་འགོ་བཙུགས་ཡོད། འགྲུལ་སྐྱེལ་རྒྱུན་བཙུགས་རླངས་འཁོར་གྲོང་ཚོ་དུད་ཚང་ཁྲི་སྟོང་དང་སྦྲེལ་མཐུད་ཐུབ་པ་དང་། ལྗོངས་ནང་ཁུལ་གྱི་མཁའ་འགྲུལ་གྱིས་མང་ཚོགས་ལ་སྤ་སེའི་རིན་གོང་ཁེ་ཤོས་བྱས་ཏེ་མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་ལམ་བུས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་སྐྲུན་ཡོད།

ཆུ་བེད་སྒྲིག་བཀོད་ཉིན་བཞིན་འཐུས་ལེགས་སུ་བཏང་བ། ཕོད་མདོ་དང་ལ་ལྷོའི་ཆུ་བེད་ལྟེ་གནས་ནས་དྲ་སྦྲེལ་གློག་འདོན་ཐུབ་པ་དང་ཆུ་འདྲེན་ཁུལ་དུ་ཆུ་གཏོང་ཐུབ་ཡོད། ཤངས་ཆུ་དང་། ཡར་ཀླུང་། ཕྱཱ་གཡང་བཅས་ཀྱི་ཆུ་མཛོད་ཡོངས་སུ་སྐྲུན་ཟིན་པའམ་ཆུ་རྒྱུན་བཀག་བཅད་ཐུབ་ཡོད། གཙོ་གནད་གཙང་ཆུ་60ཡི་རྒྱུག་ཁུལ་ཕྱོགས་བསྡུས་འཆར་འགོད་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། གཙོ་གནད་ཆུ་འདྲེན་ཁུལ་དང་ཆུ་བསྲི་ནུས་ཆེའི་ལས་གྲྭ་ཁག་68གཏིང་ཟབ་སྤེལ་བ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་གཞི་རྩའི་ཆར་ཐག་གཅོད་ཐུབ་ཡོད། ཞིང་ཁར་ཆུ་འདྲེན་ནུས་ལྡན་ཐུབ་པའི་རྒྱ་ཁྱོན་མུའུ་ཁྲི་73མང་དུ་སོང་ཡོད། འབྲུབ་ཐན་གཉིས་འགོག་གི་ནུས་པ་ཆེ་རུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱིས་གནམ་ལ་བརྟེན་ནས་ལྟོ་ཟ་བ་དང་རང་བྱུང་ལ་བརྟེན་ནས་འབྲུབ་ཐན་གཉིས་འགོག་ཁོ་ན་བྱེད་པའི་ལོ་རྒྱུས་ཐོག་མའི་ཆར་མཇུག་བསྒྲིལ་ཡོད།

ནུས་ཁུངས་འགན་སྲུང་བྱེད་རྒྱུ་ཉིན་བཞིན་འཐུས་ལེགས་སུ་བཏང་བ། ལྗོངས་ནང་ཁུལ་གྱི་གློག་དྲ་གཅིག་ཏུ་སྦྲེལ་ཞིང་གློག་དྲ་ཨ་མ་རྫོང(ཆུས)74ལ་ཁེབས་པ་དང་མི་འབོར་ཁྲི་330ལ་གློག་མཁོ་འདོན་ཐུབ་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་མི་ཁྲི་111.5མང་དུ་སོང་ཡོད། “ཁུལ་གསུམ་ཀྲོའུ་གསུམ”གྱི་གྲོང་གསེབ་གློག་དྲ་བསྒྱུར་བཀོད་རིམ་སྤོར་ཕྱོགས་ཡོངས་ནས་ལེགས་འགྲུབ་ཟིན་ཏེ་མི་ཁྲི་67.2ལ་གློག་སྤྱོད་ཐུབ་པ་བཟོས་ཡོད། བསྐྲུན་ཟིན་པ་དང་སྐྲུན་མུས་ཀྱི་གློག་འདོན་འཕྲུལ་ཤུགས་ཆན་ཝ་ཁྲི་1020ཟིན་ནས་ལྡབ་1.6འཕར་ཡོད།

ཆ་འཕྲིན་ཅན་གྱི་སྒྲིག་བཀོད་ཉིན་བཞིན་འཐུས་ལེགས་སུ་བཏང་བ། ལོ་ལྔའི་ནང་ཀྲུང་དབྱང་སྔོན་རྩིས་ནང་གི་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་འཇོག་སྒོར་དུང་ཕྱུར་31.3དོན་འཁྱོལ་བྱས་ནས་ལྡབ་2ལྷག་ཙམ་འཕར་ཡོད། “དྲ་གཅིག་སྤྲིན་གཅིག་ལྟེ་གནས་གཅིག”གི་ཆ་འཕྲིན་ཅན་སྒྲོམ་གཞིའི་མ་ལག་རྩ་བའི་ཆར་བསྐྲུན་ཟིན་ཡོད། ཚན་པ་ཁག་4798ལ་གློག་རྡུལ་སྲིད་དོན་ཕྱི་དྲ“དྲ་གཅིག”ཏུ་གྱུར་ཡོད། Aརིམ་པ་ཡན་གྱི་གནས་ལྗོངས་ལ་སྒུལ་འཁྱེར་འཕྲིན་གཏོང་གི་བརྡ་རྟགས་ཡོངས་སུ་ཁེབས་པ་དང་། གྲོང་ཁྱེར(ས་གནས)བདུན་གནས་སར་5Gབརྡ་རྟགས་ཁེབས་ཡོད། ཇོ་རིའི་རྩེ་མོ་ནས་འབྲི་ཆུའི་འགྲམ་ངོགས་དང་བྱང་རྩྭ་ཐང་ནས་མཐའ་མཚམས་ཀྱི་གྲོང་སྡེ་བར་དེང་རབས་ཀྱི་འཕྲིན་གཏོང་སྤྱིར་བཏང་མང་ཚོགས་ཀྱི་ཁྱིམ་དུ་འབྱོར་ཞིང་འཛམ་གླིང་དང་སྦྲེལ་མཐུད་ཐུབ་ཡོད།

བཞི། “ཐོན་ལས་ཆེན་པོ་བདུན”འཛུགས་སྐྱོང་བྱེད་པར་ཤུགས་གང་ཡོད་བརྒྱབ་པ།

ས་མཐོའི་སྐྱེ་དངོས་ཐོན་ལས་འཛུགས་སྐྱོང་བྱས་ནས་སྟོབས་ཆེར་བཏང་བ། ནས་ཐོན་འཕར་དང་འབྲི་གཡག་བཤས་གཏོང་བྱ་སྤྱོད་ལག་བསྟར་བྱས་ཤིང་། འབྲུ་རིགས་ཐོན་འབོར་དང་འབྲི་གཡག་བཤས་གྲངས་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་ཁག་སོ་སོར་12.2%དང་25.2%འཕར་བ་དང་། ལོ་ལྔ་བསྟུད་མར་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་100ཡན་བརྟན་གནས་ཐུབ་པ། འབྲུ་རིགས་འགན་ལེན་བྱེད་པའི་ཐད་ཧྲེང་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ཞིབ་དཔྱད་ནང་ལོ་3བསྟུད་མར་བྱས་འབྲས་བཟང་པོ་ཐོབ་ཡོད། ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་བའི་སྣེ་འདྲེན་ཁེ་ལས་162ཟིན་པ་དང་། ཞིང་ལས་སྐྱེ་དངོས་གཙོ་བོ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་65%ཟིན་ཡོད། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་57ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་ལྡབ་སྒྱུར་གཅིག་འཕར་ཡོད།

རིག་གནས་ཡུལ་སྐོར་ཐོན་ལས་འཛུགས་སྐྱོང་བྱས་ནས་སྟོབས་ཆེར་བཏང་བ། “དགུན་དུས་བོད་ཀྱི་ཡུལ་སྐོར་བྱེད་སྒོ”གསར་གཏོད་ངང་ཁྱབ་སྤེལ་བཏང་ནས་ཡུལ་སྐོར་མི་ཐེངས་དང་ཡོང་འབབ་གཉིས་ཀའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་ལོ་གཉིས་སྔ་སྣུར་དུ་ལེགས་འགྲུབ་བྱུང་ཞིང་། ཁག་སོ་སོར“ལོ་ལྔ་ཚན་བཅུ་གཉིས་པའི”ལྡབ་2.3དང་ལྡབ་2.4ཟིན་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་ལས་ཀའི་ནང་ཞིང་འབྲོག་པ་མི་ཁྲི་8.6ལས་ཞུགས་ཐུབ་པ་དང་། ལོ་རེར་མི་རེའི་ཆ་སྙོམས་འབབ་འཕར་སྒོར་4300ཟིན་ཡོད། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(སྡེ་གླིང་)234ཟིན་པ་དང་། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་60ལས་བརྒལ་ཏེ་ལོ་རེར་ཆ་སྙོམས་15%འཕར་ཡོད།

གཙང་ལྡན་ནུས་རྒྱུའི་ཐོན་ལས་འཛུགས་སྐྱོང་བྱས་ནས་སྟོབས་ཆེར་བཏང་བ། ཟླ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་གཙང་ལྡན་ནུས་རྒྱུའི་རྟེན་གཞི་བདེ་བླག་ངང་སྐྲུན་པ་དང་། ཝ་ཐོག་དང་། གསེར་ཟམ། རྒྱ་ཚ་བཅས་ཀྱི་ཆུ་གློག་བསྐྲུན་ནས་གློག་གཏོང་འགོ་ཚུགས་ཡོད། དབུལ་སྐྱོར་འོད་ཤུགས་རྣམ་གྲངས་24དྲ་སྦྲེལ་ལེགས་འགྲུབ་ཟིན་ཡོད། སྡེབ་རྩིས་བྱས་ན་ཕྱིར་འདྲེན་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་63ཟིན་ནས་བོད་ཀྱི་གློག་ཤུགས་དཀོན་ཞིང་ཆད་པ་ནས་གློག་ཤུགས་འབེལ་པོ་བྱུང་ནས་ཕྱིར་གཏོང་བྱེད་པའི་ཕྱོགས་སུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

འབྱུང་འཕྲོད་བཟོ་ལས་འཛུགས་སྐྱོང་བྱས་ནས་གོང་འཕེལ་བཏང་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་152ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་46.2%འཕར་ཡོད། རང་བྱུང་འཐུང་ཆུ་བྲིན་འབོར་ལོ་རེར་ཆ་སྙོམས་10%ཡན་འཕར་བ་དང་། ཀྲུང་ལུགས་སྨན་ལོ་རེར་ཐོན་འབོར་ཀྲོན་3586ཟིན་ཡོད། འབྱུང་འཕྲོད་གཏེར་ལས་བརྟན་པོའི་ངང་གོང་འཕེལ་བཏང་བ་དང་ཟངས་གཏེར་ལི་གཏེར་སོགས་ལེགས་ཆ་ལྡན་པའི་ཐོན་ཁུངས་སྲུང་སྐྱོབ་རྣམ་པའི་བེད་སྤྱོད་ཐུབ་ཡོད། ཨར་འདམ་ལོ་རེའི་ཐོན་འབོར་ཀྲོན་ཁྲི་468ནས་ཀྲོན་ཁྲི་1085བར་འཕར་བ་དང་། རྨང་གཞིའི་ཨར་སྐྲུན་རྒྱུ་ཆ་འགན་སྲུང་བྱེད་པའི་ཐད་རྩ་བའི་ཆར་ལྗོངས་ནང་ཁུལ་གྱིས་གཙོར་བཟུང་ཐོག་ལྗོངས་ཕྱི་ནང་ཕན་ཚུན་འཁོར་རྒྱུག་ཐུབ་པ་བྱུང་ཡོད།

དེང་རབས་ཞབས་ཞུའི་ལས་རིགས་འཛུགས་སྐྱོང་བྱས་ནས་གོང་འཕེལ་བཏང་བ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་གློག་རྡུལ་ཚོང་ལས་ཞབས་ཞུ་ཁྱོན་ཡོངས་ནས་སྤེལ་བ་དང་། དྲ་ཐོག་སིལ་ཚོང་བྱས་འབོར་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་200ལས་བརྒལ་བ་དང་ལྡབ་20འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་ལོ་རེར་ཆ་སྙོམས་9.3%འཕར་ཡོད། ཁྲོམ་འགྲེམས་ཀུང་སི་20ཟིན་ཏེ་81.8%འཕར་བ་དང་། ཐད་ཀར་མ་དངུལ་སྒོར་དུང་ཕྱུར་103བསྡུ་རྒྱུག་ཐུབ་ནས་དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་གིས་GDPནང་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས་གནས་1འཕར་ཡོད།

མཐོ་གསར་གྲངས་འཛིན་ཐོན་ལས་འཛུགས་སྐྱོང་བྱས་ནས་གོང་འཕེལ་བཏང་བ། ཆ་འཕྲིན་ཅན་གྱི་སྟོན་གྲངས་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་63.3ནས་75.8བར་འཕར་ཡོད། ཐོག་མའི་སྤྲིན་རྩིས་གྲངས་གཞི་ལྟེ་གནས་དེ་རྒྱལ་ཁབ་ཀྱི་འབྱུང་འཕྲོད་གཞི་གྲངས་ལྟེ་གནས་སུ་བདམས་ཐོན་བྱུང་ཡོད། རྩིས་འཁོར་ཧྲིལ་པོའི་ཐོན་སྐྱེད་ལས་རིམ་ཐོག་མ་དེ་གཞི་ཚུགས་ནས་སྐྲུན་ཏེ་རང་ལྗོངས་ཀྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་སྟོང་ཆ་བསྐངས་ཡོད། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས་ཁག་300ལས་བརྒལ་བ་དང་། གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་330ལས་བརྒལ་ཡོད།

མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཐོན་ལས་འཛུགས་སྐྱོང་བྱས་ནས་གོང་འཕེལ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་ཞིང་། ཟོག་འདྲེན་སྤྱི་འབོར་དང་འཁོར་རྒྱུག་བྱས་འབོར་ཁག་སོ་སོར་ཀྲོན་ཁྲི་4093དང་ཀྲོན་སྤྱི་ལེ་དུང་ཕྱུར་157ཟིན་ཡོད། རྒྱལ་ཡོངས་རང་བཞིན་གྱི་གློག་རྡུལ་ཚོང་གཉེར་དང་ཟོག་འགྲུལ་མྱུར་སྐྱེལ་ཁེ་ལས་ཆེ་གྲས་19སྔ་རྗེས་སུ་གཞིས་ཆགས་བྱུང་བ་དང་། གྲང་ཕྲེང་བཀར་འཇུག་རྒྱ་ཁྱོན་སྨི་ངོས་གྲུ་མ་ཁྲི་11.3ཟིན་ཡོད། ཕྱིར་གཏོང་ནང་འདྲེན་ཚོང་དོན་བྱས་འབོར་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་230ཙམ་ཟིན་ཡོད།

ལོ་ལྔའི་ནང་ཐོན་ལས་འཛུགས་སྐྱོང་ལེགས་སྒྲིག་བྱས་པ་བརྒྱུད་ཐོན་ལས་ཕྲེང་སྦྲེལ་དང་མཁོ་འདོན་ཕྲེང་སྦྲེལ་རྒྱུན་མཐུད་ནས་གསབ་སྐྱོང་སྟོབས་ཆེར་སོང་ཞིང་། ཐོན་ལས་གསུམ་གྱི་བསྡུར་ཚད་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་9:32.8:58.2ཡིན་པ་ནས་7.9:42:50.1ལ་ལེགས་སྒྲིག་བྱུང་ནས་གྲུབ་ཚུལ་སྔར་བས་ལེགས་སུ་སོང་ཡོད།

ལྔ། མཐུན་སྦྱོར་གོང་འཕེལ་གཏོང་བར་ཤུགས་གང་ཡོད་བརྒྱབ་པ།

མཐའ་མཚམས་གོང་འཕེལ་གཏོང་བར་གྲུབ་འབྲས་གསར་པ་ཐོབ་པ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཚད་གཞི་མཐོ་བའི་ཐོག་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་604བསྐྲུན་ཟིན་པ་དང་། མཐའ་མཚམས་ཀྱི་གཞུང་ལམ་130ཡི་སྤྱི་ལེ་3080གསར་བཟོ་དང་བཟོ་བཅོས་བྱས་ཡོད། སྒྲིག་ཚུད་གྲོང་ཚོར་འོད་ཆུན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁེབས་ཚད་གཉིས་ཀ་99%ཟིན་ཡོད། མཐའ་མཚམས་རྫོང་གི་ཐེམ་ཁོངས་མི་འབོར་བརྟན་པོའི་ངང་འཕར་ཡོད། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་206ཚང་མ་ལས་འགོ་བཙུགས་ཡོད། འཐབ་ས་དང་པོ་དང་གཉིས་པའི་མཐའ་མིར་ཁ་གསབ་རོགས་དངུལ་ལོ་རེར་མི་རེར་ཆ་སྙོམས་སྒོར་1700དང་སྒོར་1500ནས་སྒོར་6000དང་སྒོར་5400བར་སྤར་ཡོད་པ་དེ་ཁག་སོ་སོར་ལྡབ་2.5དང་ལྡབ་2.6འཕར་ཡོད། གློག་བརྙན《ང་ཡི་ཧི་མ་ལ་ཡ》ཞེས་པ་དེས་མང་ཚོགས་དེ་བས་མང་བར་མཐའ་མཚམས་སྲུང་སྐྱོང་བྱེད་པར་སྐུལ་ལྕག་ཐེབས་ཤིང་། ཡུལ་སྨད་ཀྱིས་མཚོན་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཁག་གཅིག་མུ་ཏིག་བཞིན་དུ་མེས་རྒྱལ་གྱི་མཐའ་མཚམས་སུ་ཁྲ་ལྷམ་མེར་གནས་ཡོད།

གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་གསར་པ་ཐོབ་པ། ལོ་ལྔའི་རིང་གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་རིགས་ཁྲི་23བརྒྱབ་པ་དང་། སྡོད་ཁང་སྐྱོ་ཁུལ་བཟོ་བཅོས་དང་སྒྲིག་བཀོད་ཚང་སྒྲིག་བྱས་པ་ཁྲི་13ཟིན་ཡོད། གྲོང་ཁྱེར་སྐྲུན་ཁུལ་སྔོ་ལྗང་ཅན་གྱི་རྒྱ་ཁྱོན་མང་དུ་ཤུཌ་ཆེ་ཙམ་སོང་ནས་སྔོ་འགྱུར་བཟོ་ཚད་35.3%ཟིན་ཡོད། དྲོད་གཏོང་རྒྱ་ཁྱོན་སྨི་ངོས་གྲུ་མ་ཁྲི་1100མང་དུ་སོང་བ་དང་སླར་ཡང་རྫོང་གྲོང་14ལ་དྲོད་གཏོང་ཐུབ་ཡོད། ཆུ་འདོན་བཟོ་གྲྭ་79སྐྲུན་པ་དང་གྲོང་ཁྱེར་གྱི་ཆུ་མཁོ་འདོན་ཁྱབ་ཚད་བརྒྱ་ཆའི་གྲངས་གནས་9.8འཕར་བ་དང་། གྲོང་ཁྱེར་གྱི་སྦུག་ལམ་དྲ་རྒྱ་ཕྱོཌ་ཡོངས་ནས་སྐྲུན་ཟིན་ཡོད། གྲོང་རྡལ་ཅན་དུ་འགྱུར་ཚད་27%ནས་32%བར་མང་དུ་སོང་ཡོད། ལྷ་སས་ལྟེ་བ་བྱེད་པ་དང་། ས་གནས་གྲོང་ཁྱེར་གྱིས་ལྷུ་ཚིགས་བྱེད་པ། རྫོང་གྲོང་གིས་རྨང་གཞི་བྱེད་པ། བོད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་གསར་དར་གྲོང་ཁྱེར་གྲོང་རྡལ་ཅན་མཚོ་བོད་ས་མཐོའི་ཐོག་བརྟན་པོའི་ངང་སྐྲུན་བཞིན་ཡོད།

གྲོང་གསེབ་དར་རྒྱས་བཏང་བར་གྲུབ་འབྲས་གསར་པ་ཐོབ་པ། གྲོང་སྡེ་1836གི་འཆར་འགོད་བཟོས་ཡོད། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་225འཛུགས་སྐྲུན་བྱས་པ་དང་། ཞིང་འཕྲུལ་ས་སྦོལ་ཁོད་སྙོམས་ཞིབ་ལས་མུའུ་ཁྲི་167བྱས་ཡོད། རྒྱལ་ཁབ་རིམ་པའི་ཕྱུགས་བྱའི་ཚད་ལྡན་གསོ་ཚགས་ར་བ་14མང་དུ་སོང་བ་དང་ཤང་གྲོང་ཚང་མར་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཁེབས་ཡོད། ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁྲི་27བཟོ་བཅོས་བྱས་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.8གསར་སྐྲུན་དང་བཟོ་བཅོས་བྱས་ཤིང་། ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་རྩ་བའི་ཆར་ཤར་གཏོང་ཐུབ་པ་དང་། སྒྲིག་ཚུད་གྲོང་ཚོར་སྦྲག་སྐྱེལ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། ཆུ་ཟོམ་ནས་ཆུ་སྦུག་དང་། སྣུམ་བཞུ་ནས་གློག་སྒྲོན། ཐལ་ལམ་ནས་སྣུམ་ལམ་བཅས་ཀྱི་ཕྱོགས་སུ་ཡར་རྒྱས་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་ཕྱོགས་ཡོངས་ནས་ཆེ་རུ་སོང་ཡོད།

དྲུག གོང་འཕེལ་གྱི་གསོན་ཤུགས་ཆེ་རུ་འགྲོ་བར་ཤུགས་གང་ཡོད་བརྒྱབ་པ།

གཙོ་གནད་ཁྱབ་ཁོངས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ། གྲོང་གསེབ་ཀྱི་འགན་གཙང་ས་ཆའི་ལག་ཁྱེར་སྤྲོད་ཚད་99.6%ཟིན་པ་དང་། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་བསྒྱུར་བཅོས་དང་མཉམ་སྡེབ་བདག་དབང་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་བཅས་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་གཅིག་སྒྲིལ་ཐུབ་ཡོད། ཐོན་ལས་ཚོགས་པ་མཉམ་སྒྲིལ་བསྐྱར་སྒྲིག་བྱེད་པའི་ལས་དོན་རྩ་བའི་ཆར་འགྲུབ་ཟིན་པ་དང་། ལྗོངས་ནས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དང་། ཁེ་སྤོགས། གླ་ཕོགས་བཅས་ཚང་མ་འཕར་སྣོན་མགྱོགས་ཙམ་བྱུང་ཡོད། སྐྱེ་ཁམས་ཤེས་དཔལ་ལམ་སྲོལ་དང་། ནོར་སྲིད་ལམ་སྲོལ། འཕྲལ་རྐྱེན་མྱུར་སེལ་དོ་དམ་ལམ་སྲོལ། གྲོང་གསེབ་གློག་ཤུགས་ཐད་ཀར་དོ་དམ། གཞུང་བཙུགས་སྨན་ཁང་བཅས་ཕྱོགས་བསྡུས་བསྒྱུར་བཅོས་རྩ་བའི་ཆར་ལེགས་འགྲུབ་བྱུང་ཡོད། ཞིང་ལས་ཀྱི་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་བྱས་པར་རྒྱལ་ཁབ་ནས“ཕུལ་བྱུང”དུ་བདམས་ཡོད། ཆབ་མདོ་གྲོང་ཁྱེར་གྱི་ས་ཞིང་ཞིབ་ལས་བེད་སྤྱོད་བྱེད་པའི་བསྒྱུར་བཅོས་བྱེད་སྟངས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་ཡོད། སྤྱི་ཚོགས་བཅོས་སྐྱོང་དང་ཆོས་ལུགས་དོ་དམ་སོགས་བྱེད་པའི་ཁྱབ་ཁོངས་བསྒྱུར་བཅོས་དང་གསར་གཏོད་བྱས་པའི་འབྲས་བུར་ཀྲུང་དབྱང་ནས་གདེང་འཇོག་ཐོབ་པ་དང་སྦྲགས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད།

“གློད་སྡོམ་ཞབས་གསུམ”བསྒྱུར་བཅོས་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ། “མཉམ་སྦྲེལ་དྲ་རྒྱ+སྲིད་དོན་ཞབས་ཞུ”སྤྱད་ནས“9070”དམིགས་ཚད་ཚད་བརྒལ་ལེགས་སྒྲུབ་བྱས་ཡོད། དྲ་རྒྱའི་ཐོག་སྲིད་དོན་ཞབས་ཞུ་བྱེད་པའི་ནུས་པ་དེ་རྒྱལ་ཡོངས་ཀྱི་མིང་གྲལ་ནང་གནས་རིམ་5འཕར་ཡོད། “ལག་ཁྱེར་ཉུང་གཏོང་གིས་དམངས་ལ་སྟབས་བདེ་སྐྲུན་པའི”བྱ་སྤྱོད་ནུས་ལྡན་སྤེལ་བ་དང་། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་ཁེ་ལས་ཀྱི་རེ་ཞུ་སྒྲུབ་པའི་དུས་ཚོད་ཉུང་དུ་བཏང་ནས་ལས་ཉིན་4ལ་བཟོས་ཡོད། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བཟོས་ནས་འཁོར་སྐྱོད་བྱས་པ་དང་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཟོས་ནས་འཁོར་སྐྱོད་བྱས་ཡོད། སྡེབ་རྩིས་བྱས་ན་ཁྲལ་རིན་གཉིས་གཅོག་བྱས་པ་སྒོར་དུང་ཕྱུར་1050ཟིན་པ་དང་། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ལ་ཆད་འགྱངས་བྱས་པའི་དངུལ་སྒོར་དུང་ཕྱུར་87གཙང་སེལ་བཟོས་ཡོད། ཁྲོམ་རའི་བྱེད་པོ་ཐེམ་དུད་ཁྲི་36.5བར་འཕེལ་རྒྱས་བྱུང་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ལྡབ་2.3ཟིན་ཡོད། ཚོང་འགུགས་མ་འདྲེན་བྱས་པར་སྡེབ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2535གནས་འཁྱོལ་བྱུང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”ལྡབ་2.4ཟིན་ཡོད། རང་སྐྱོང་ལྗོངས་རིམ་པའི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་གཏོང་ཁག་ཐེག་ཀུང་སི་བཙུགས་པ་དང་། 2020ལོར་སྤྱི་ཚོགས་ཀྱི་མ་འཇོག་31%འཕར་ཞིང་། ཚོང་འགུགས་མ་འདྲེན་དང་། དམངས་ཁྲོད་མ་འཇོག སྤྱི་ཚོགས་མ་འཇོག་བཅས་ཀྱིས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ནང་བཟུང་བའི་བསྡུར་ཚད་ཕྱེད་ཀ་ལས་བརྒལ་ཏེ་མ་འཇོག་ཐབས་ལམ་རྐྱང་པའི་རྣམ་པར་འགྱུར་ལྡོག་བྱུང་ཡོད། ཚན་རྩལ་གསར་གཏོད་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་པར་སྐུལ་འདེད་བཏང་ཡོད། མཚོ་བོད་ས་མཐོའི་ས་ཁད་སྨི་7000ཟིན་པའི་མཁའ་དབྱིངས་རླུང་ཁམས་ཆེ་མོའི་གྲུབ་ཆའི་གཞི་གྲངས་ཐོག་མར་ཚད་ལེན་བྱས་པ་དང་། ནས་དང་འབྲི་གཡག་གི་རྒྱུད་གྲུབ་ཆ་ཚང་གི་རྒྱུད་འཛིན་དང་དངོས་ལུགས་བསྟར་བསྒྲིགས་རི་མོ་ཐོག་མར་བཟོ་འགོད་བྱས་པ། བོད་ནས་16རྟགས་ཅན་དང་བོད་དགུན་26རྟགས་ཅན་སོགས་ཞིང་ལས་སྐྱེ་དངོས་ཀྱི་སྣ་རིགས་གསར་པ་ཁག་གཅིག་བདེ་བླག་ངང་འདེམས་གསོ་བྱས་ཡོད། 《བོད་སྨན་རྒྱུ་ཆའི་འཁྲུངས་དཔེ་ཀུན་བཏུས》རྩོམ་སྒྲིག་པར་སྐྲུན་བྱས་ཡོད། ལྷ་ས་དེ་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་དང་། ཉིང་ཁྲི་དེ་རྒྱལ་ཁབ་ཀྱི་རྒྱུན་མཐུད་གོང་འཕེལ་གཏོང་བའི་ཚོད་ལྟ་ཁུལ། པ་སྣམ་དེ་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)བཅས་སུ་གསར་སྐྲུན་བྱེད་པར་ཆོག་མཆན་ཐོབ་ཡོད། རྒྱལ་ཁབ་རིམ་པའི་གཉིས་གཏོད་གཞི་རྟེན་1ནས་19བར་མང་དུ་སོང་བ་དང་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་87ཟིན་ཡོད། ཚན་རྩལ་ཡར་ཐོན་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་འབུལ་ཚད་45.6%ཟིན་ཡོད།


ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ། “2019ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས”ལེགས་པར་གཉེར་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མཆན་བཀོད་བཀའ་ལན་ཐོབ་པ་མ་ཟད་སྐྲུན་ཟིན་ཡོད། ལྷོ་ཨེ་ཤེ་ཡའི་ཚད་ལྡན(ལྷ་སའི)ཞིབ་འཇུག་ལྟེ་གནས་སྒོ་བྱང་བཀལ་ནས་འཛུགས་གཉེར་བྱས་པ་དང་། སྐྱིད་རོང་འགག་སྒོ་དེ་རྒྱལ་སྤྱིའི་རང་བཞིན་གྱི་གཞུང་ལམ་འགག་སྒོར་སྒོ་དབྱེ་རྒྱ་སྐྱེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནེ་པ་ལར་འཚམས་འདྲི་གནང་བའི་གྲུབ་འབྲས་དོན་འཁྱོལ་གང་མགྱོགས་བྱས་ཤིང་། རི་བོ་ཇོ་མོ་གླང་མའི་མཐོ་ཚད་ཚད་ལེན་བྱེད་པར་གཞོགས་འདེགས་བྱས་ནས་ལེགས་འགྲུབ་བྱུང་བ་དང་། ནེ་པ་ལ་དང་དོན་གཉེར་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་སྟེ་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་སྲ་བརྟན་ཤུགས་ཆེར་བཏང་ཡོད།

རོགས་སྐྱོར་དང་ལེན་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་བ། བོད་སྐྱོར་གྱི་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་སྐྱོར་རྣམ་གྲངས་2000ལ་ཉེ་བར་ལག་བསྟར་བྱས་པ་དང་། སྡེབ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་224དོན་འཁྱོལ་བྱས་ནས་57%འཕར་ཡོད། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་སྐྱོར”དང་“ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར”གྱི་བྱེད་སྒོ་གསར་སྤེལ་བྱས་ཤིང་། སྡེབ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1047བཏང་ཡོད། ལོ་ལྔའི་རིང་བོད་སྐྱོར་ལས་བྱེད་པ་དང་སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་པ་ཁྱོན་བསྡོམས་4816གིས་ས་མཐོར་འབད་འཐབ་བྱས་ནས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཡོད། རྒྱལ་ཡོངས་མི་དམངས་ཀྱིས་ལྷག་བསམ་རྣམ་དག་གི་རོགས་རམ་གནང་བའི་བཀའ་དྲིན་དེ་བོད་ཀྱི་མི་རིགས་ཁག་མི་དམངས་ཀྱི་སེམས་ནང་ནམ་ཡང་འཆང་གི་ཡོད།

བདུན། དམངས་འཚོ་ལེགས་བཅོས་བྱེད་པར་ཤུགས་གང་ཡོད་བརྒྱབ་པ།

གྲོང་ཁྱེར་གྲོང་གསེབ་ཀྱི་ལས་ཞུགས་ལ་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། སྲིད་གཞུང་དང་། སྤྱི་ཚོགས། ཁེ་ལས་བཅས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། མཐོ་རིམ་སློབ་ཐོན་སློབ་མ་ཁྲོམ་ར་ཅན་གྱི་ལས་ཞུགས་བྱེད་པར་སྐུལ་ལྕག་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཁ་སྒྱུར་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་ཡོད། དཀའ་ངལ་ཡོད་པའི་རིགས་གྲས་ལས་ཞུགས་ལས་གཏོད་བྱེད་པར་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ནས་ཆེ་རུ་བཏང་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འཁོད་ཚད་4%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་འཕར་སྣོན་བྱུང་བ་སྡེབ་རྩིས་བྱས་ན་མི་ཁྲི་26.7ཟིན་ཡོད། སྒྲིག་གྲངས་ཁྲིམས་ལྟར་ཚོད་འཛིན་ནན་པོ་བྱས་པའི་སྔོན་འགྲོའི་འོག་2020ལོའི་མཐོ་རིམ་སློབ་ཐོན་སློབ་མ་སྤྱི་ཡོངས་ལས་ཞུགས་ཐུབ་ཚད་99%ཟིན་ནས་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་སྤེལ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད།

སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བཏང་བ། སྤྱོད་བཟང་མི་གསར་སྐྱོང་བའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སྤེལ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། འགན་བབས་སློབ་གསོའི་རིག་ཚན་གསུམ་གྱི་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་གཞི་ཚང་མར་ཁེབས་ཡོད། རྫོང་ཁོངས་འགན་བབས་སློབ་གསོ་སྙོམས་མཚུངས་ངང་གོང་འཕེལ་གཏོང་རྒྱུ་རྩ་བའི་ཆར་མངོན་འགྱུར་བྱུང་ཡོད། ཡུན་རིང་གནས་པའི་སློབ་གྲྭར་འགྲོ་མཚམས་ཆད་པའི་གནད་དོན་དེ་ལོ་རྒྱུས་རང་བཞིན་གྱིས་མེད་པ་བཟོས་ཡོད། “100%བྱས་པ་5”ཡི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་དུས་ཐོག་ཏུ་ལེགས་འགྲུབ་ཟིན་ཡོད། སློབ་གྲྭ(བུ་བཅོལ་ཁང་)1340གསར་རྒྱག་བྱས་ཡོད། “མཉམ་སྦྲེལ་དྲ་རྒྱ་+སློབ་གསོ”དེ་སློབ་གྲྭ་འབྲིང་ཆུང་ཚང་མར་ཁེབས་ཡོད། མཐོ་རིམ་སློབ་གསོའི་སློབ་གཉེར་དང་རིག་ཚན་ཆེད་ལས་ཀྱི་གྲུབ་ཚུལ་ཟམ་མི་ཆད་པར་ལེགས་སྒྱུར་བྱས་ཤིང་། བོད་ལྗོངས་སློབ་ཆེན་དེ“རྩེ་གྲས་གཉིས”སུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དེ་འབུམ་རམས་པ་གསོ་སྐྱོང་བྱེད་དབང་ཡོད་པའི་ཚན་པར་གྱུར་ཡོད། བོད་ལྗོངས་སློབ་གསོ་དེ“མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་རྒྱུ་དང་། མི་སྣ་གསོ་སྐྱོང་ཇི་ལྟར་བྱེད་རྒྱུ། སུ་ཡི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་རྒྱུ”བཅས་ལ་གང་ལེགས་དམིགས་པའི་གོང་འཕེལ་གྱི་དུས་མཚམས་གསར་པར་བསྐྱོད་ཡོད།

བདེ་ཐང་བོད་ལྗོངས་ཕྱོགས་ཡོངས་ནས་གོང་འཕེལ་བཏང་བ། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཁག་སོ་སོར་ཁྲི་བཅུ་ཆ་ལྔ་བཅུ་དང་སྟོང་ཆ་བརྒྱད་བར་ཆག་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་ཁག་སོ་སོར་50%ཆག་ཡོད། འཕྲོད་བསྟེན་ལག་རྩལ་པ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་48.2%འཕར་ཡོད། རང་སྐྱོང་ལྗོངས་ཀྱི་སྦྲུམ་མ་དང་བྱིས་པའི་སྨན་ཁང་ལས་གཉེར་ཚོད་ལྟ་བྱེད་འགོ་ཚུགས་ཡོད། ཀ་པ་རིམ་པ་གསུམ་པའི་སྨན་ཁང་11བར་མང་དུ་སོང་བ་དང་། མི་སྟོང་རེར་ཉལ་ཁྲིའི་གྲངས་དེ་4.5ནས་4.9བར་མང་དུ་སོང་བ། ནད་རིགས་ཆེ་གྲས་400ལྷག་ཙམ་ལྗོངས་ནང་ཁུལ་ནས་སྨན་བཅོས་ཐུབ་པ་བཅས་བྱུང་ཡོད། རྒྱལ་ཁབ་ནས་རྩིས་ལེན་བྱས་པ་བརྒྱུད་ཐུམ་བུའི་ནད་དང་། གྲུམ་བུ་ཚིགས་ཆེན་ནད། ལྷན་སྐྱེས་སྙིང་ནད། སྐྱ་འགྲིབ་སོགས་བོད་ལ་གནོད་ཁྱབ་ཆེ་བའི་ཡུལ་ནད་ལོ་རྒྱུས་རང་བཞིན་གྱིས་མེད་པ་བཟོས་པ་དང་འགོག་བཅོས་ཐུབ་ཡོད།

སྤྱི་པའི་རིག་གནས་ཕྱོགས་ཡོངས་ནས་གོང་འཕེལ་བཏང་བ། “རིམ་བཞི་ལྔ་ཡོད”ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཟིན་ཡོད། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ས་ཚུགས་དང་ཁང་)ཁག་6263བསྐྲུན་ཟིན་པ་དང་། སྒྲིག་ཚུད་གྲོང་ཚོ་5492ལ་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོད། རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ(རྣམ་གྲངས)འཛུགས་གཏོད་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། རླུང་འཕྲིན་བརྙན་འཕྲིན་གྱི་ལེ་ཚན་ཕྱོགས་བསྡུས་མི་མགོར་ཁེབས་ཚད་ཚང་མ་99%ཡན་ཟིན་ཞིང་། བོད་སྐད་སྲུང་སྐར་བརྙན་འཕྲིན་དེ་རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ་བཅས་ལ་བསྟན་ཐུབ་ཡོད། དངོས་གཞིའི་པར་གཞི《བོད་ལྗོངས་བཀྲ་ཤིས་བདེ་ལེགས》ཞེས་པ་དེས་འཛམ་གླིང་ལ་བོད་ལྗོངས་གསར་པ་བཤམས་སྟོན་བྱས་ཡོད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་འཐུས་ཚབ་གཞུང་ལས་བྱེད་སའི་གནའ་ཤུལ་སོགས་གལ་ཆེའི་རིག་དངོས་ཁག་12ལ་སྲུང་སྐྱོབ་དང་བེད་སྤྱོད་བྱས་ཡོད། གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》དང་བོད་ཀྱི་ལྷ་མོ《རྒྱུད་སྐུད་སྟེང་གི་ལས་དབང་》ཞེས་པ་སོགས་མི་རིགས་མཐུན་སྒྲིལ་ལ་བསྔགས་བརྗོད་བྱེད་པའི་ཟློས་གར་ཁག་གཅིག་རྒྱལ་ཁབ་ཀྱི་གར་སྟེགས་ཐོག་བསྐྱོད་ཡོད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གང་ལེགས་ཐུབ་ཡོད། མི་རེའི་ཆ་སྙོམས་ལུས་རྩལ་རྩེད་སའི་རྒྱ་ཁྱོན་སྨི་ངོས་གྲུ་མ་1.6ཟིན་པ་དང་། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་དེ“2020ལོའི་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་གྱི་འགྲན་བསྡུར་གྲགས་རྟགས་རྩེ་གྲས་བཅུའི”ཁོངས་སུ་བདམས་ཐོན་བྱུང་ཡོད། ལོ་ལྔའི་རིང་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་བསྡུར་ཁག་ནང་བྱ་དགའི་རྟགས་མ་231ཐོབ་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”ལྡབ་1.6ཡིན་པས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གིས་མཐུན་སྒྲིལ་འབད་འབུངས་དང་གྲུབ་འབྲས་གཟེངས་ཐོན་བཏོད་པའི་དུས་རབས་ཀྱི་ཉམས་བཟང་ཡོངས་སུ་མངོན་ཡོད།

སྤྱི་ཚོགས་འགན་སྲུང་བྱེད་རྒྱུ་ཕྱོགས་ཡོངས་ནས་གོང་འཕེལ་བཏང་བ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་གྲོན་དངུལ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་140ནས་སྒོར་185ལ་སྤར་བ་དང་། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་གྲོན་དངུལ་ཚད་གཞི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྲིལ་བཅོས་བྱས་ཟིན་ཏེ་ལོ་རེར་མི་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་420ནས་སྒོར་585ལ་སྤར་ཡོད། སྔོན་ལ་སྨན་བཅོས་དང་རྗེས་སུ་དུས་རྩིས་རྒྱག་ཐུབ་པ་དང་། འགན་སྲུང་བྱེད་རྒྱུ་མི་འབོར་ཡོངས་ལ་ཁེབས་པ། འགན་བཅོལ་ཐེབས་རྩའི་གཏོང་ཡོང་དོ་སྙོམས་ཐུབ་པ་བཅས་བྱུང་ཡོད། རྒན་གསོའི་ཞབས་ཞུ་དང་བྱིས་པའི་ཕན་བདེའི་བྱ་གཞག་ལ་རྒྱུན་མཐུད་ནས་ཤུགས་སྣོན་བརྒྱབ་ཅིང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་ལ་ནད་སྐྱོང་ཞབས་ཞུ་མཁན་གྱི་ཁ་གསབ་ཚད་གཞི་བབ་དང་བསྟུན་ནས་མཐོ་རུ་བཏང་ཡོད། བཟའ་བཅའ་དང་སྨན་རྫས་བདེ་འཇགས་དང་། དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་འགན་སྲུང་། གནམ་གཤིས། མང་ཚོགས་ཚོགས་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་བྱེད་དགོས་རིགས་ཚང་མ་འགན་སྲུང་བྱས་ཤིང་། འགན་སྲུང་ཚད་གཞི་ཁག་སོ་སོར་མི་རེར་ལོ་རེར་སྒོར་10164དང་སྒོར་4713ལ་སྤར་ཡོད། མི་རིགས་ཁག་གི་མི་དམངས་ལ་ཆ་ཚང་ཤོས་དང་དམིགས་བསལ་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་སྤྱོད་རྒྱུ་བྱུང་ཡོད།

བརྒྱད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་གང་ཡོད་བརྒྱབ་པ།

སྐྱེ་ཁམས་བར་སྟོང་ཟམ་མི་ཆད་པར་ལེགས་སྒྱུར་བྱས་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་མཐོ་ཚད་བཅས་ཕྱོགས་ཡོངས་ནས་དབྱེ་བཅད་བྱས་ཤིང་། སྐྱེ་ཁམས་ཀྱི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་མ་ཁྲི་53.9ཡོད་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་45%བཟུང་ཡོད། རྒྱལ་ཁོངས་ས་ཆའི་བར་སྟོང་འཆར་འགོད་བྱེད་རྒྱུར་སྐུལ་སྤེལ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་བདག་སྡོམ་བྱེད་པ་དང་། རིགས་ཁག་གི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་ཁུལ་22བཙུགས་ཏེ། སྐྱེ་ཁམས་སྔོན་དུ་འཇོག་རྒྱུ་དང་འབྱུང་འཕྲོད་གོང་འཕེལ་གཏོང་བའི་རྣམ་པ་ཞིག་ཕྱོགས་ཡོངས་ནས་ཆགས་ཡོད།

སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ། ཆུ་དཔོན་མཚེའུ་དཔོན་ལམ་ལུགས་དང་། ཆུ་སྙིགས་འབུད་གཏོང་ཆོག་འཐུས་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། རང་བྱུང་ཐོན་ཁུངས་གཅིག་གྱུར་ཐོག་བདག་དབང་གཏན་འཁེལ་གྱི་ཐོ་འགོད་བྱེད་འགོ་བཙུགས་ཡོད། རྒྱལ་ཡོངས་ཀྱི་བཙོག་སྐྱོན་ཡོང་ཁུངས་ཡོངས་བཤེར་ཐེངས་གཉིས་པ་ལེགས་འགྲུབ་ཟིན་པ་དང་། ཆུའི་ཐོན་ཁུངས་ལ་དོ་དམ་ནན་ཤོས་བྱེད་པར་སྐུལ་འདེད་བཏང་ནས་གཙོ་གནད་ཆུ་མཚམས་དང་འབྱུང་འཁྲུག་སླ་བའི་ཆུ་ཁོངས་56གི་བྱེ་མ་སྔོག་འདོན་བྱེད་རིགས་ཚོད་འཛིན་ནན་པོ་བྱས་ཡོད། སྐྱེ་ཁམས་རྒྱུ་ནོར་ཚོད་སྐོར་དང་ཐཱན་འདུས་དཔལ་འབྱོར་ཞིབ་འཇུག་ལེགས་སྒྲུབ་བྱས་ཡོད། སྐྱེ་ཁམས་སྐྱོང་གསབ་ཁག་གི་མ་དངུལ་སྒོར་དུང་ཕྱུར་296.3དོན་འཁྱོལ་བྱས་ཤིང་། མང་ཚོགས་དེ་བས་མང་བར“སྐྱེ་ཁམས་ཀྱི་འཚོ་རྟེན”བྱུང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་རྒྱུ་དེ་སྤྱི་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་ཡོད།

སྐྱེ་ཁམས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ། གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་གླིང་དང་། བྱེ་སྐྱོན་འགོག་བཅོས་སོགས་ཀྱི་ལས་གཞི་གཏིང་ཟབ་སྤེལ་བ། ནག་ཆུ་དང་མངའ་རིས་ཀྱི་ས་ཁད་མཐོ་སར་ཤིང་འཛུགས་ཚོད་ལྟ་ཐོག་མའི་ཆར་ལེགས་འགྲུབ་བྱུང་ཡོད། གྲོང་ཁྱེར(ས་གནས)5དང་རྫོང་ཁག་3རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུའི་དཔེ་སྟོན་གྲོང་ཁྱེར་དང་རྫོང་ཁོངས་སུ་འཛུགས་གཏོད་ལེགས་འགྲུབ་བྱུང་ཡོད། “སྐྱེ་ཤིང་མེད་པའི་གྲོང་ཚོ”1079དང་“སྐྱེ་ཤིང་མེད་པའི་དུད་ཚང”ཁྲི་10.5ལ་ཕྱོགས་ཡོངས་ནས་སྐྱེ་ཤིང་འདེབས་འཛུགས་བྱས་ཡོད། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་47%ཟིན་ཡོད། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་བྱེད་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྩ་ཆེན་དཀོན་གྲས་ཀྱི་བདག་མེད་སྲོག་ཆགས་རིགས་5གསར་དུ་ཤེས་རྟོགས་བྱུང་ནས་མིག་སྔར་སྐམ་སའི་བདག་མེད་སྲོག་ཆགས་སྣ་རིགས་1072ཟིན་ཞིང་། ཁྲུང་ཁྲུང་སྐེ་ནག་8000ལྷག་ཙམ་བར་མང་དུ་སོང་བ་དང་གཙོད་ཁྲི་20ལས་བརྒལ་ཡོད། དེང་གི་བོད་ལྗོངས་འདི་ཉིད་འཁྱགས་རོམ་དང་རྩྭ་ཐང་རྒྱུག་ཆུ་སོགས་སྔར་བཞིན་དྭངས་ཤིང་གཙང་བ་དང་། བྱ་དང་རི་དྭགས་ཉ་མོ་སོགས་བག་ཕེབས་སྐྱིད་སྣང་དོད་པོར་གནས་པས་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་བཟང་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་གྱུར་ཡོད།

འདས་ཟིན་པའི་ལོ་ལྔའི་རིང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་མ་ལག་བཟོ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་སྟེ་སྒྲིག་གཞི་བསྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། སྲིད་དོན་ཡོངས་བསྒྲགས་ལག་བསྟར་གཏིང་ཟབ་བྱས་པ། རིག་ལྡན་སྲིད་གཞུང་སྐྲུན་མགྱོགས་སུ་བཏང་བ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དོན་འཁྱོལ་ཧུར་ཐག་བྱས་ཤིང་། སྡེབ་རྩིས་བྱས་ན་སྲིད་འཛིན་སྒྲིག་སྲོལ་ཁག་47མཁོ་མེད་དུ་བཏང་བ་དང་བཟོ་བཅོས་བརྒྱབ་ཡོད། བསྡོམས་རྩིས་རྩིས་བཤེར་དང་། ཡིག་ཚགས་དོ་དམ། མི་རིགས་སྐད་ཡིག་རྩོམ་སྒྱུར། ལོ་རྒྱུས་རྣམ་བཤད་རྩོམ་སྒྲིག རིག་མཛོད་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་དང་ལས་ཀའི་ལྟ་སྐུལ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་ལྟ་སྐུལ། སྤྱི་ཚོགས་གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་དང་ལེན་ནན་ཏན་ཞུས་ཤིང་། སྡེབ་རྩིས་བྱས་ན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་དང་སྲིད་གྲོས་ཀྱི་གྲོས་གཞི་ཁག་ཁྱོན་བསྡོམས་3160གཉེར་སྒྲུབ་ཟིན་པ་དང་གཉེར་སྒྲུབ་ལན་འདེབས་བྱས་ཚད་100%ཟིན་ཡོད། འཚོ་བ་སྐྱེལ་མཁས་པོ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ལོ་རེར་ཆ་སྙོམས“གཞུང་གྲོན་གསུམ”10.7%ཉུང་དུ་བཏང་ཡོད།

འཐུས་མི་རྣམ་པ། ལོ་ཁྲི་སྒུག་ན་ཕྱི་དྲགས་པས། དུས་ཚོད་སྐར་ཆ་བརྩོན་ལེན་བྱེད་དགོས། ཀྲུང་དབྱང་དབུ་ཁྲིད་རིམ་བྱུང་གིས་རྒྱུན་མཐུད་ཐུགས་ཁུར་གནང་བ་དང་། མི་རིགས་ཁག་གི་བུ་ཕྲུག་མི་རབས་རིམ་བྱུང་གིས་རྒྱུན་མཐུད་འབད་འཐབ་དང་། སྐབས་རིམ་བྱུང་གི་ཚན་ཁག་གིས་རྒྱུན་མཐུད་འབད་འབུངས་བྱས་པ་བརྒྱུད་དུས་རབས་གསར་པའི་ལོ་ལྔའི་ནང་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱེད་པའི་ཤར་རླུང་དྲག་པོ་དང་འགྲོགས་ནས་མི་དམངས་ལ་བརྗིད་ཆེའི་ཁས་ལེན་བྱས་པ་དོན་ཐོག་ཏུ་འཁྱོལ་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པ”མཇུག་ཡག་པོ་བསྡུས་ཡོད།

འཐུས་མི་རྣམ་པ། དབུལ་པོ་དབུལ་རྐྱང་ལས་བྲལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཐོབ་ཉེར་ཡོད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་དམིགས་བསལ་གཅེས་སྐྱོང་གནང་བའི་བཀའ་དྲིན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་བཀའ་དྲིན། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་བཀའ་དྲིན་བཅས་ཚོར་ཐུབ་ཀྱི་ཡོད། གྲུབ་འབྲས་ཐོབ་པ་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ལྟ་སྐུལ་རྒྱབ་སྐྱོར་གནང་བ་དང་ཁ་བྲལ་ཐབས་མེད་པ་དང་། བློ་མཐུན་རྒན་གྲས་དང་གྲོགས་པོ་རྙིང་པས་ཐུགས་ཁུར་རོགས་རམ་གནང་བ་དང་ཁ་བྲལ་ཐབས་མེད་པ། བོད་སྡོད་དཔོན་དམག་དང་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་ཡོངས་ཀྱིས་ལྷག་བསམ་རྣམ་དག་གིས་བརྟན་སྲུང་གནང་བ་དང་ཁ་བྲལ་ཐབས་མེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་དང་ཁ་བྲལ་ཐབས་མེད་པ་བཅས་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་འཐུས་མི་རྣམ་པ་དང་། ཨུ་ཡོན་རྣམ་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས། ཀྲུང་དབྱང་གི་བོད་སྡོད་ལས་ཁུངས། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་བོད་སྐྱོར་ཚན་པ་ཁག བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ། བོད་ལ་ལེགས་སྐྱེས་འབུལ་མཁན་འགོ་ཁྲིད་རྒན་གྲས་དང་། བློ་མཐུན་རྒན་གྲས། གྲོགས་པོ་རྙིང་པ་བཅས་རྣམ་པ། བོད་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་རྫོགས། རིམས་ནད་འགོག་བཅོས་བྱེད་པའི་ཁྲོད་ཀྱི་ལྡོག་སྐྱོད་པ་དང་སྨན་བཅོས་ནད་སྐྱོང་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

འཐུས་མི་རྣམ་པ། “ལོ་ལྔ་ཚན་བཅུ་གསུམ་པར”ཕྱིར་མིག་ལྟ་སྐབས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་དགོས་པ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་རང་ལག་ཏུ་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་གོང་འཕེལ་གྱི་དུས་མཚམས་གསར་པ་སྟངས་འཛིན་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར། གོང་འཕེལ་གཏོང་ཕྱོགས་གསར་པ་འཛུགས་པ་བཅས་བྱས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མངོན་ཆེར་བཟུང་དགོས་པ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ“བོད་སྐྱོད་རྒན་རབས་པའི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”ལག་ལེན་བསྟར་དགོས་པ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

འཐུས་མི་རྣམ་པ། ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་ད་དུང་དཀའ་ངལ་དང་འགྲན་རྩོད་མི་ཉུང་བ་ཡོད་པ་ངོས་འཛིན་ཐུབ་ཀྱི་ཡོད། དེའང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཛ་དྲག་ཆེ་བ་དང་། གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ། རྨང་གཞིའི་སྒྲིག་བཀོད་སྔར་བཞིན་ཞན་པོ་ཡིན་པ། སྤྱི་པའི་ཞབས་ཞུར་ད་དུང་ཆད་སྐྱོན་ཡོད་པ། སྐྱེ་ཁམས་མ་ལག་གཉོད་ཆུང་ཞིང་འབྱུང་འཁྲུག་སླ་བ། མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་བ་བཅས་དང་། ཚོང་གཉེར་ཁོར་ཡུག་ད་དུང་ལེགས་སྒྱུར་བྱེད་དགོས་གནད་ཡོད། དེ་བཞིན་སྲིད་གཞུང་གི་སྡེ་ཚན་དང་ལས་བྱེད་པ་ཉུང་ཤས་ཀྱི་ཞབས་ཞུའི་འདུ་ཤེས་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་མོ་མེད་པ། སྤྱོད་གཙང་རང་གཅུན་བྱེད་རྒྱུ་དེ་བས་ཤུགས་ཆེར་གཏོང་དགོས་པ་དང་། ཁྱབ་ཁོངས་ཁ་ཤས་ནང་གི་རུལ་སུངས་གནད་དོན་ཐོན་སླ་བ་དང་ཐོན་མང་བ་ཡིན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་པར་ད་དུང་ཤུགས་ཆེན་པོ་རྒྱག་དགོས་པ་དང་བྱ་སྤྱོད་དངོས་སྤེལ་དགོས་ཀྱི་ཡོད། ང་ཚོས་ངེས་པར་དུ་གོང་གསལ་གནད་དོན་དང་ཞན་ཆ་གདོང་ལེན་བྱས་ཏེ་བྱ་ཐབས་ཏན་ཏིག་དང་ནུས་ལྡན་སྤྱད་ནས་ལེགས་བཅོས་དང་ཐག་གཅོད་བྱེད་རྒྱུ་ཡིན།

“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་སྔོན་ལྟ།

《“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འཆར》གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད(འཆར་ཟིན)》བཟོས་ནས་ཚོགས་ཆེན་ཐོག་གྲོས་ཞིབ་གནང་རྒྱུར་ཕུལ་ཡོད།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་མཛུབ་ཁྲིད་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་འགྲན་རྩོད་དྲག་པོའི་ཁྲོད་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི“རྩ་བ་ལྔའི”ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “སྤྱི་ཡོངས་གཉིས”སེམས་ལ་འཆང་བ་བཅས་ཀྱི་ཐོག “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། གོང་འཕེལ་གཏོང་བའི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གཏོང་ཕྱོགས་གསར་པ་འཛུགས་སྐྱོང་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་གཙོ་དོན་དུ་བྱེད་པ་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་གཙོ་རྐང་དུ་བྱེད་པ། བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ནས་ཁྱོན་ཡོངས་ཀྱི་ལྟ་བ་མཐའ་འཁྱོངས་དང་། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་མཐའ་འཁྱོངས་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། དེ་བཞིན་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི“དོན་ཆེན་བཞི”དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བ་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ་འགན་ལེན། སྐྱེ་ཁམས་ཁོར་ཡུག་ལེགས་འཁྱོངས་ཡོང་བ་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བ་འགན་ལེན་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་རྒྱུ་དེ་ཡིན།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་གཙོ་བོ་ནི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཐུབ་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་རྒྱུར་སྤྱི་ཡོངས་ནས་རང་འགུལ་དམ་འཛིན་ཐུབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་གྲུབ་འབྲས་གསར་པ་ཐོབ་པ། དཔལ་འབྱོར་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བཅས་བྱེད་རྒྱུ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་དེ་དང་ཉེ་བར་སླེབས་ཐུབ་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཐུབ་པ། སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག་དེ་བས་འཐུས་སྒོ་ཚང་བ། རྒྱལ་སྲུང་མཐའ་སྲུང་གི་འཐབ་ཇུས་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་བ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་དུ་འགྲོ་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་བགྲོད་ལམ་གསར་པར་བསྐྱོད་འགོ་འཛུགས་པ་དང་2035ལོར་རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆར་དེང་རབས་ཅན་དུ་འགྱུར་བ་བྱེད་རྒྱུར་འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པ་བྱེད་རྒྱུ་དེ་ཡིན།

འཐུས་མི་རྣམ་པ། རླབས་ཆེན་དུས་རབས་འཛིན་སྐྱོང་གིས། ལོ་བརྒྱའི་མཛེས་དཔལ་རབ་ཏུ་མཚར། “ལོ་ལྔ་ཚན་བཅུ་བཞི་པའི”སྒོ་འཕར་ཡོངས་སུ་ཕྱེ་ཞིང་། ང་ཚོས“རྗེས་སྙེག”ནས“མཉམ་སྐྱོད”ཐུབ་པ་བྱུང་སྟེ་རྒྱལ་ཡོངས་དང་འགོ་འཛུགས་ས་གཅིག་གི་ཐོག་ལངས་པ་དང་། གོང་འཕེལ་གྱི་དངོས་ཡོད་རྨང་གཞི་སྔ་ན་མེད་པ་དང་། གོང་འཕེལ་གྱི་གོ་སྐབས་བཟང་པོ་སྔ་ན་མེད་པ། གོང་འཕེལ་གྱི་སྙུགས་ཤེད་ཆེན་པོ་སྔ་ན་མེད་པ་བཅས་ཡིན་པས་ང་ཚོས་རེ་བཅོལ་ཟབ་མོ་སྙིང་བཅངས་ཐོག་རང་ལ་གནོན་ཤུགས་སྤྲོད་པ་དང་འབད་འབུངས་ཡར་བརྩོན་བྱས་ཕྱིན“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་འགྲུབ་ཐུབ་ངེས་རེད། དེར་བརྟེན། ང་ཚོས“དོན་ཆེན་བཞི”དང་“འགན་ལེན་བཞིར”དམིགས་ནས་ཁྱོན་ཡོངས་ཀྱི་ལྟ་བ་ཤུགས་ཆེར་བཏང་སྟེ་གཤམ་གསལ་ཕྱོགས་ལྔའི་ཐད་ཀྱི་ལས་དོན་མངོན་ཆེར་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས།

—བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་བས་མངོན་ཆེར་བཟུང་སྟེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཤུགས་ཆེན་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་རང་བཞིན་གྱི་རང་འགུལ་དབང་ཆ་དམ་འཛིན་ཐུབ་པ་བྱེད་དགོས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་ཕྱོགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། རིགས་འདྲ་མིན་གྱི་ཉེན་ཁ་འགོག་སེལ་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ“ལོ་རྒྱུས་ལྔའི་སློབ་གསོ”གཏིང་ཟབ་སྤེལ་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི“ལྟ་བ་ལྔ”འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། “ཚད་གཞི་བཞི”བརྩི་སྲུང་དང“ཕན་འདོགས་པ་ལྔ”དོན་འཁྱོལ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས།

—“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”དོན་འཁྱོལ་བྱེད་རྒྱུ་དེ་བས་མངོན་ཆེར་བཟུང་ནས་གོང་འཕེལ་གཏོང་ཕྱོགས་གསར་པ་གང་མགྱོགས་འཛུགས་སྐྱོང་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་གཞི་མཐའ་འཁྱོངས་བྱས་ཏེ་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་གཙོ་དོན་དུ་བྱེད་པ་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱེད་རྒྱུ་གཙོ་རྐང་དུ་བྱེད་པ། ནང་ས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཁ་ཕྱོགས་སུ་འཛིན་པ། ནང་སྐྱེས་གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། གོང་འཕེལ་གཏོང་ཕྱོགས་ལེགས་སྒྱུར་བྱེད་རྒྱུ་འཇུག་གཞིར་བརྩི་བ། གཙོ་རྒྱུ་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་ལམ་སྲོལ་འགན་སྲུང་དུ་བྱེད་པ་བཅས་བྱེད་དགོས། “ལྟེ་གཅིག་འཁོར་གཅིག་རྒྱུད་གཉིས་ཁུལ་གསུམ”གྱི་ཁུལ་ཁོངས་གོང་འཕེལ་གཏོང་ཕྱོགས་བཟོ་བ་དང་། སྣ་མང་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་དྲ་རྒྱ་འཐུས་ཚང་བཟོ་བ། བརྟན་ཞིང་བློས་འཁེལ་བའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་འཛུགས་པ། ཆུ་བེད་ལྟེ་གནས་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་བཟོ་བ། “གཞི་རྩའི་འཛུགས་སྐྲུན་གསར་པར”སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། 2025ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་རྒྱུན་མཐུད་ནས་འཕར་བ་བྱས་ཏེ་ཞིང་འབྲོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་10%ཡན་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་40%ལས་བརྒལ་བ། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ཆུ་གློག་འཕྲུལ་ཤུགས་ཆན་ཝ་ཁྲི་1500ཡན་ཟིན་པ་བྱེད་དགོས།

—མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་རྒྱུ་དེ་བས་མངོན་ཆེར་བཟུང་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བཟོ་དགོས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱས་ཐོག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ངང་ཡག་པོ་རྒྱག་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་གཅིག་གྱུར་འཆར་འགོད་ཀྱིས་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གལ་ཆེའི་སྐྱེ་ཁམས་མ་ལག་ལས་གྲྭ་ལག་བསྟར་བྱས་ཏེ་རང་བྱུང་སྐྱེ་ཁམས་ཀྱི་བདེ་འཇགས་མཐའ་ཚད་སྲུང་བ་དང་། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་གོང་མཐོར་གཏོང་དགོས། འབྱུང་འཕྲོད་གཙང་ལྡན་གྱི་ནུས་རྒྱུ་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་བརྗེ་སྒྱུར་གང་མགྱོགས་བྱས་ནས་རྒྱལ་ཁབ་ཀྱི་གཙང་ལྡན་སླར་སྤྱོད་ཐུབ་པའི་ནུས་རྒྱུ་བེད་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུ། འབྱུང་འཕྲོད་དངུལ་རྩ་གོང་འཕེལ་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་དགོས། “སྔོ་ལྗང་དུ་འགྱུར་བ”དང“ཕྱུག་པོ་ཆགས་པ”བྱེད་རྒྱུ་གཅིག་གྱུར་འཆར་འགོད་བྱས་ནས་འབྱུང་འཕྲོད་ཐོན་སྐྱེད་དང་། སྐྱེ་ཁམས་བཟང་འཁྱོངས། མཛེས་སྡུག་ལྡན་པའི་འཚོ་བ་བཅས་ལེགས་ལམ་བཟང་འཁོར་ཡོང་བར་སྐུལ་འདེད་གཏོང་དགོས།

—ས་སྲུང་འགན་སྒྲུབ་དང་མཉམ་རོགས་མཐུན་འདྲེས་བྱེད་རྒྱུ་དེ་བས་མངོན་ཆེར་བཟུང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། མཐའ་མཚམས་བདེ་འཇགས་བཅས་སྲུང་སྐྱོབ་ཤུགས་ཆེན་བྱེད་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་སྲུང་དང་མཐའ་སྲུང་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། དམག་དཔུང་དང་ས་གནས་ཀྱི་འཐབ་ཇུས་དངོས་ཟོག་གྲབས་གསོག་དང་འཕྲལ་བསྟུན་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། མི་དམངས་མཁའ་ཟོན་མ་ལག་འཛུགས་སྐྱོང་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་སྤེལ་བཏང་སྟེ་མི་འབོར་དང་། སྒྲིག་བཀོད། ཐོན་ལས། ཞབས་ཞུ་བཅས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་ཤུགས་ཆེན་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆད་སྐྱོན་གསབ་སྐྱོང་གང་མགྱོགས་བྱེད་པ་དང་། མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་དང་ཕྱོཌ་བསྡུས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། གཞོཌ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ་མཐའ་མཚམས་ས་ཁུལ་དར་རྒྱས་བརྟན་ལྷིང་དང་ཞི་མཐུན་ལྷིང་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས།

—སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་རྒྱ་མེད་པ་བཟོ་རྒྱུ་དེ་བས་མངོན་ཆེར་བཟུང་ནས་བསྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་ཐོག་ནས་གསོན་ཤུགས་སྐུལ་སློང་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་རྒྱུན་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་། གཙོ་རྒྱུའི་ཁྲོམ་རའི་མ་ལག་འཐུས་ཚང་བཟོས་ནས་ཁྲོམ་རའི་བྱེད་པོ་རིགས་ཁག་གི་གསོན་ཤུགས་སྐུལ་སློང་བྱེད་དགོས། སྲིད་གཞུང་གི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱས་ཏེ་ཀྲུང་དབྱང་ནས་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ་དང་། ཕན་ནུས་ལྡན་པའི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་དང་རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་གཉིས་ནང་ཟབ་ཞུགས་བྱས་ཏེ་ཁུལ་ཁོངས་སྤེལ་རེས་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཁ་གཏད་བོད་སྐྱོར་གྱི་མཉམ་ལས་གཏིང་ཟབ་བྱེད་པ། རྒྱལ་སྤྱིའི་སྒོ་དབྱེ་མཉམ་ལས་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་གསར་གཏོད་ཐད་མ་འཇོག་ཤུགས་ཆེར་བཏང་ནས་ཚན་རིག་ཞིབ་འཇུག་དང་ཚོད་ལྟ་གོང་འཕེལ་གཏོང་བའི་གྲོན་དངུལ་གྱིས་GDPནང་བཟུང་བའི་བསྡུར་ཚད་ལྡབ་1ཡན་འཕར་བ་བྱེད་དགོས། གཙོ་གནད་འཐབ་ཇུས་རྣམ་གྲངས་ལག་བསྟར་བྱེད་རྒྱུར་དམིགས་པ་དང་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་དགོས་མཁོར་ཕྱོགས་ཏེ་ཚན་རྩལ་འགག་སྒྲོལ་དང་འབྲས་བུ་དངོས་སྒྱུར་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་དགོས། ས་ཁད་མཐོ་བའི་ས་ཁུལ་ལ་སྤྱོད་རྒྱུར་འཚམ་པའི་སྨན་བཅོས་འཕྲོད་སྦྱོར་གྱི་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་གསར་བཟོ་བྱས་ནས་ཁྱབ་གདལ་གཏོང་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་དགོས། ཤེས་ལྡན་པ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་གསར་གཏོད་བྱེད་ཤུགས་རབ་ཏུ་འཕེལ་བ་བྱེད་པ་དང་། གོང་འཕེལ་གཏོང་བའི་གསོན་ཤུགས་གང་ལེགས་རྒྱས་པ། ངལ་རྩོལ་གྱི་རིན་ཐང་གང་ལེགས་མངོན་པ་བཅས་བྱེད་དགོས།

འཐུས་མི་རྣམ་པ། གཡོར་གྲུ་རླུང་གིས་སྐྱོད། བརྗིད་ཆགས་དཔེ་རིས་འགོད། 2035ལོར་རྒྱང་ལྟ་བྱས་ཚེ། སྐབས་དེ་དུས་ཀྱི་བོད་ལྗོངས་ནི་སྤྱི་ཚོགས་ཁྱོན་ཡོངས་ནས་ཡུན་རིང་བདེ་འཁོད་དང་། སྤུས་ཚད་མཐོ་བའི་ངང་གོང་འཕེལ་གཏོང་རྒྱུ་གཏིང་ཟབ་པ། སྐྱེ་ཁམས་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ། མཐའ་མཚམས་དང་མཐའ་སྲུང་རྒྱུན་མཐུད་སྲ་བརྟན་བཅས་ཡིན་པ་དང་། སྐབས་དེ་དུས་ཀྱི་བོད་ལྗོངས་ནི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་རྩ་བའི་ཆར་མངོན་འགྱུར་དང་། གསར་དར་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་རྩ་བའི་ཆར་མངོན་འགྱུར། གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་རྩ་བའི་ཆར་མངོན་འགྱུར་བཅས་ཐུབ་པའི་ཐོག མི་རིགས་ཁག་གི་མང་ཚོགས་རྣམས་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་པར་གྲུབ་འབྲས་དངོས་ཐོབ་རྒྱུ་ཡིན་པ། སྐབས་དེ་དུས་ཀྱི་བོད་ལྗོངས་ནི་རང་བྱུང་འོབས་ཆེན་བདེ་ལམ་དུ་ཆགས་པ་དང་། མཐོ་གཟར་རི་ཁུག་གཡུ་མཚོར་གྱུར་ཏེ་མི་རྣམས་ཀྱི་བཞིན་རས་ནས་དེ་བས་བདེ་སྐྱིད་ལྡན་པའི་འཛུམ་མདངས་རབ་ཏུ་འཕྱུར་བ་དང་གངས་ལྗོངས་ས་མཐོའི་མཛེས་དཔལ་ཡོངས་སུ་མི་མངོན་ག་ལ་སྲིད།

2021ལོའི་གཙོ་གནད་ལས་དོན།

2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་གསར་པར་སྐྱོད་འགོ་ཚུགས་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་སྒྲུབ་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག གོང་འཕེལ་གྱི་དུས་མཚམས་གསར་པ་སྟངས་འཛིན་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར། གོང་འཕེལ་གཏོང་ཕྱོགས་གསར་པ་འཛུགས་སྐྱོང་བཅས་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་ལས་དོན་བསྒྲུབས་ཏེ་གོམ་པ་དང་པོ་ཡག་པོ་སྤོ་བ་དང་རྣམ་པ་གསར་པ་ཞིག་གཏོད་ཐུབ་པ་བྱེད་དགོས།

འདི་ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་9%ཡན་འཕར་བ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%དང་13%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བསྡུར་ཚད་5.5%ཡས་མས་དང་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་གསར་འཕར་མི་ཁྲི་5ཟིན་པ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན་བྱེད་རྒྱུ། འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་100ཡན་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ། ནུས་རྒྱུ་ཟད་གྲོན་དང་། ཐཱན་འབུད་བྱེད་ཤུགས། སྦགས་བཙོག་ཉུང་གཏོང་བཅས་ཀྱི་དམིགས་ཚད་དེ་རྒྱལ་ཁབ་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།

འཐུས་མི་རྣམ་པ། 2021ལོའི་ལས་དོན་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་རྒྱུན་རྣམ་ཐོག་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས་ཤིང་། དེའང་ཕྱི་ནས་མི་འགོས་པའི་འགོག་ཟོན་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི་སྲུང་འགག་ཕྱོགས་ཡོངས་ནས་བརྟན་པོ་བཟོས་ཐོག མི་དང་དངོས་ཟོག་མཉམ་འགོག་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། “སྔ་ཙམ་བཞིའི”བྱ་ཐབས་འཐུས་ཚང་བཟོ་བ། ལྟ་ཞིབ་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕྲལ་བསྟུན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། རིམས་འགོག་སྨན་ཁབ་རྒྱག་མགྱོགས་སུ་གཏོང་བ། “བརྟན་པོ་དྲུག”དང་“འགན་སྲུང་དྲུག”བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་སྙོམས་ངང་འཁོར་སྐྱོད་ཐུབ་པ་བཅས་བྱེད་དགོས། ང་ཚོས་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་རང་ལྗོངས་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དུས་བབ་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་དགོས།

འདི་ལོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་ཕྱོགས་དགུའི་ཐད་ཀྱི་ལས་དོན་གཙོ་གནད་དུ་ཡག་པོ་སྒྲུབ་དགོས།

གཅིག སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ།

རིག་གནས་ལ་མོས་པ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་དེབ་དང་བསླབ་གཞི་ཁག་གཅིག་རྩོམ་འབྲི་བྱེད་རྒྱུ། “ཐང་བོད་གནའ་ལམ”དང“ཇ་རྟའི་གནའ་ལམ”དེ་གཉིས་མངོན་མིན་ཤུལ་བཞག་ཁོངས་སུ་འཇུག་རེ་ཞུ་བའི་ལས་དོན་སྤེལ་རྒྱུ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་གཏིང་ཟབ་རྒྱ་སྐྱེད་དུ་གཏོང་རྒྱུ་དང་། གཞི་རིམ་གྱི་རིག་གནས་སྒྲིག་བཀོད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཐོག གྲོང་ཚོ་རིམ་པའི་མང་ཚོགས་རང་བཞིན་གྱི་རིག་གནས་དཔེ་སྟོན་འཐབ་ས་100སྟོབས་ཆེར་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་སྣང་བརྙན་གཏིང་ཟབ་བཟོ་རྒྱུ། གྲོང་ཁྱེར(ས་གནས)དང་རྫོང(ཆུས)གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སྐྲུན་ཟིན་པ་བྱེད་རྒྱུ་དང་། བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་སྤྱོད་འགོ་འཛུགས་རྒྱུ། ཕུལ་བྱུང་ལོ་རྒྱུས་རིག་གནས་ཀྱི“མཐའ་མཚམས་ཡིད་གསོས”དངོས་འབྲིའི་པར་གཞི་གསར་རྩོམ་ཁྱབ་སྤེལ་ལས་གཞི་སྤེལ་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་ཡག་པོ་འཛུགས་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་རིག་གནས་དར་སྤེལ་གཏོང་རྒྱུ། སྐྱིད་རོང་གི་ཆེན་པོ་ཐང་གི་ཕོ་ཉ་འཕགས་ཡུལ་དུ་མངགས་པའི་བརྐོས་ཡིག་སོགས་ཀྱི་ལོ་རྒྱུས་བཤམས་སྟོན་ཁང་10ཡན་འཛུགས་རྒྱུ་དང་། རྫ་ཡུལ་རི་ལྡེབས་དཔའ་བོའི་དྲན་གསོ་ཁང་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་10ཡན་རིམ་སྤོར་བཟོ་བཅོས་བྱེད་རྒྱུ།

མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མ་ལག་ལྡན་པའི་ཚོད་སྐོར་དང་ཕྱོགས་བསྡོམས་བྱས་ཏེ“དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ནང་གཅིག་ཀྱང་མི་ལུས་པ”དང“ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་པའི་ལམ་བུའི་ཐོག་མི་རིགས་གཅིག་ཀྱང་མཇུག་ཏུ་མི་ལུས་པའི”གསོན་ཉམས་ལྡན་པའི་དཔེ་མཚོན་ཐོག་ནས་ལྗོངས་ཡོངས་ཀྱི་མི་དམངས་ལ་ང་ཚོའི་མི་རིགས་འདྲ་མཉམ་ནི་གཞི་ནས་དངོས་འབྲེལ་གྱི་འདྲ་མཉམ་ཡིན་པའི་སློབ་གསོ་སྤེལ་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱས་ཏེ“ལས་གཞི་ཆེན་པོ་ལྔ”སྤེལ་རྒྱུ། 《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་ཀུན་བཏུས་ཆེན་མོ(བོད་ལྗོངས་བམ་པོ)》རྩོམ་སྒྲིག་བྱེད་འགོ་འཛུགས་རྒྱུ། “མཉམ་འབྲེལ་དྲ་རྒྱ+མི་རིགས་མཐུན་སྒྲིལ”གྱི་སྤེལ་རེས་ལས་སྟེགས་བཟོས་ཐོག སྤྱི་སྐད་ཆུ་ཚད་ཀྱི་གདང་རིམ་ཚད་ལེན་ས་ཚུགས་18བསྐྲུན་རྒྱུ། ནང་སའི་འདེབས་གསོའི་དུད་ཚང་ཆེ་རིགས་དང་། ཕྱུག་སྒྱུར་འཇོན་ཐང་ཅན། ཞིང་འབྲེལ་ཁེ་ལས་བཅས་བོད་དུ་བྱ་གཞག་གསར་གཏོད་དང་གཉེར་སྐྱོང་བྱེད་པར་ཡོང་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་རྒྱུ། ལྗོངས་ཕྱིར་མི་གྲངས་7400ཡན་ལས་ཞུགས་ཐུབ་པ་བྱེད་རྒྱུ། “མི་རིགས་མང་བའི་ཞི་མཐུན་གྱི་ཁྲོམ་གཞུང་དང་། སྡེ་ཁུལ། ཁྱིམ་ཚང”བཅས་ཀྱི་དཔེ་མཚོན་དཔྱད་འདེམས་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་གཞི་ཆེན་མོར་ནམ་ཡང་རྣམ་པར་བཞད་ཐུབ་པ་བྱེད་རྒྱུ།

བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“ཕན་འདོགས་པ་ལྔ”ལག་བསྟར་ནན་ཏན་བྱེད་པ་དང་། ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དགོན་སྡེའི་གྲྭ་བཙུན་སྒྲིག་ཞུགས་དང་། སློབ་གཉེར་དོ་དམ། ནོར་ཁྲལ་ལྟ་སྡོམ། ཕྱོགས་འགྲོའི་ཆོས་ལུགས་བྱེད་སྒོ་སྤེལ་མཁན་ལ་དོ་དམ། མཉམ་འབྲེལ་དྲ་རྒྱའི་ཆོས་ལུགས་ལས་དོན་དོ་དམ་སོགས་ཀྱི་ལམ་ལུགས་འཐུས་ཚང་བཟོ་རྒྱུ། “ཚད་གཞི་བཞི་བརྩི་སྲུང་ལག་བསྟར”བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་དུ་གྱུར་བའི་ལམ་ལུགས་དང་ལམ་སྲོལ་འཛུགས་རྒྱུ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་དོ་དམ་གྱི་སྒྲོག་འགྲེལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་བླ་སྤྲུལ་ཆེ་རིགས་ཀྱི་ཡང་སྲིད་ངེས་པར་དུ“རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་གི་ཆོག་མཆན་ཐོབ་པ”བཅས་བྱེད་པའི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱེད་རྒྱུ་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་པ་བྱེད་རྒྱུ། དགོན་སྡེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་བྱེད་སྒོ་སྤེལ་ནས“མོས་པ་ལྔ”ཆེ་རུ་ཏན་ཏིག་འགྲོ་བ་བྱེད་རྒྱུ། ཆོས་དད་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ།

གཉིས། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གོང་འཕེལ་གཏོང་ཕྱོགས་གསར་པ་འཛུགས་སྐྱོང་བྱེད་རྒྱུ།

ཚན་རྩལ་གསར་གཏོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ཚན་རྩལ་གྱི་ཆེད་དམིགས་རྣམ་གྲངས་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་རྒྱུ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་ཟབ་ཞུགས་བྱེད་རྒྱུ། ནས་དང་ཁྱད་ལྡན་སྤུས་ལེགས་ཕྱུགས་བྱའི་རྒྱུད་བཟང་གསོ་སྤེལ་ཁྱབ་གདལ་གང་མགྱོགས་གཏོང་རྒྱུ། ལྷ་སའི་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་དང་། བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ལྟེ་གནས། ཉིང་ཁྲིའི་གཙང་ལྡན་ནུས་རྒྱུའི་ལག་རྩལ་གསར་གཏོད་ལྟེ་གནས་བཅས་འཛུགས་སྐྱོང་བྱེད་པར་མཉམ་དུ་སྐུལ་སྤེལ་གཏོང་རྒྱུ། བོད་ལྗོངས་ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་མཉམ་སྦྲེལ་གཙོ་གནད་ཚོད་ལྟ་ཁང་དང་། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཚན་ཞིབ་ལས་སྟེགས་རྩེ་གྲ། བོད་ལྗོངས་གནམ་རིག་ཁང་། བོད་ལྗོངས་ཚན་རྩལ་གསར་གཏོད་སྡེ་གླིང་བཅས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འབྲས་བུ་དངོས་སྒྱུར་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། “ཚན་རྩལ་ཤེས་ལྡན་པའི་འཆར་གཞི”བཟོས་ཏེ་ཆེད་ལས་ལག་རྩལ་མི་སྣ་དང་རྩལ་ནུས་ཤེས་ལྡན་པའི་སྤྱི་འབོར་4500མང་དུ་འགྲོ་བ་བྱེད་རྒྱུ། རང་སྐྱོང་ལྗོངས་རིམ་པ་འདི་གའི་ནོར་སྲིད་དང་སྤྱི་ཚོགས་ནས་ཚན་རྩལ་ཐད་གཏོང་ཆ་གཉིས་ཀ་10%ཡན་འཕར་བ་བྱེད་རྒྱུ།

མཉམ་སྦྲེལ་མཉམ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལོ་ཧྲིལ་པོར་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་500ཡན་དོན་འཁྱོལ་ཐུབ་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་5%ཡན་འཕར་བ་བྱེད་རྒྱུ། ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པ་བྱེད་རྒྱུ་དང་། ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དང་S5ཡི་ལྷ་ས་ནས་ལྷོ་ཁའི་བར་གྱི་མྱུར་སྐྱོད་བགྲོད་ལམ་བསྐྲུན་མགྱོགས་སུ་གཏོང་རྒྱུ། G318ཀྱི་བོད་ལྗོངས་དུམ་བུ་བསྒྱུར་བཀོད་རིམ་སྤོར་བྱེད་རྒྱུ། ཆབ་མདོ་ནས་སྤོམ་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གང་མགྱོགས་བསྐྲུན་རྒྱུ། ཅིང་བོད་མྱུར་ལམ་ནག་ཆུ་ནས་མཚོ་བོད་ས་མཚམས་བར་གྱི་སྔོན་གྲབས་ལས་ཀ་སྤེལ་རྒྱུ། “1+8”ཀྱི་གནམ་ཐང་ལས་གྲྭ་གང་མགྱོགས་བསྐྲུན་རྒྱུ་དང་། ནག་ཆུ་དང་། སྤོ་མེས། སྒེར་རྩེ། སྨར་ཁམས་སོགས་ཀྱི་ཡན་ལག་གནམ་ཐང་4བསྐྲུན་རྒྱུའི་སྔོན་གྲབས་ལས་ཀ་ཡག་པོ་བསྒྲུབ་རྒྱུ། གོར་ལྷའི་སྣུམ་རླངས་མདོང་ལམ་བཟོ་བཅོས་རྒྱས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ལྷ་སའི་གྲངས་འཛིན་དཔལ་འབྱོར་རུབ་འདུས་ཁུལ་འཛུགས་སྐྲུན་བྱེད་རྒྱུ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པར་ཞབས་ཞུའི་འགན་སྲུང་ཡག་པོ་བྱེད་རྒྱུ། མཚོ་བོད་ལྕགས་ལམ་གྱི་གློག་རླངས་ཅན་བསྒྱུར་བཀོད་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ལྷ་ཉིང་ལྕགས་ལམ་བསྐྲུན་ནས་སྤྱོད་འགོ་འཛུགས་ཐུབ་པ་བྱས་ཏེ“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ས་མཐོར་ཤར་གཏོང་ཐུབ་པ་བྱས་ཏེ་བོད་ལྗོངས་ཀྱི་མྱུར་བགྲོད་མེ་འཁོར་དུས་རབས་ཀྱི་སྒོ་མོ་འབྱེད་རྒྱུ།

འཛད་སྤྱོད་ཀྱིས་སྐུལ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ཚོང་དོན་འཁོར་རྒྱུག་མ་ལག་དེ་ཐག་རིང་གྲོང་གསེབ་ཏུ་སྣུར་བསྲིང་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། གསར་དར་མཁོ་འཚོང་ཁང་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་ཀྱི་ཤོག་བྱང་མུ་མཐུད་སྤྲོད་འགྲེམས་དང་འཛད་སྤྱོད་ཐོན་རྫས་ཆེ་གྲས་བྲིན་སྐུལ་བྱེད་རྒྱུ། མཚན་མོའི་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་རྒྱུ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ། ཟོག་འགྲུལ་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ“བོད་ཟོག་ཕྱིར་གཏོང་”བྱེད་པར་སྐུལ་འདེད་གཏོང་རྒྱུ། འདོན་སྤྲོད་འགན་ལེན་དང་། འགྲོ་རྒྱུག་ཤར་གཏོང་། ཟོག་གོང་བརྟན་གནས་བཅས་ཡོང་བ་བྱས་ཏེ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་10%ཡས་མས་འཕར་ཐུབ་པ་བྱེད་རྒྱུ།

ཁུལ་ཁོངས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་རྒྱུ། ལྷ་སའི་སྣེ་འདྲེན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གྲོང་ཁྱེར་ལྔ་ཡི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་བཟོ་རྒྱུ། ལྷ་ས་དང་ལྷོ་ཁ་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་བཏང་སྟེ་ལྷོ་ཁའི་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་དུང་ཕྱུར་བརྒྱ་ཡི་ཐོན་ལས་བར་ཁྱམས་དང་གཙང་རྒྱུད་ལེ་དབར་བརྒྱའི་སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། བོད་དབུས་རྒྱུད་དང་གཞིས་རྩེའི་སྒྲིག་བཀོད་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱབ་ཐོག་གཞིས་རྩེ་ནས་ལྷོ་ཨེ་ཤེ་ཡར་ཕྱོགས་པའི་སྒོ་དབྱེའི་མདུན་སའི་རྨང་གཞི་བརྟན་དུ་གཏོང་རྒྱུ། ཉིང་ཁྲི་དེ་རྒྱལ་ཡོངས་ཀྱི་གྲགས་ཅན་སྐྱེ་ཁམས་ཡུལ་སྐོར་དང་། རོལ་རྩེད་སྤྲོ་གསེང་། ལུས་གསོ་བཅས་ཀྱི་རྟེན་གཞིར་བསྐྲུན་ཐུབ་པ་བྱེད་རྒྱུ། ཁྲོན་བོད་ལྕགས་ལམ་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་བྱེད་པར་དམིགས་ཏེ། ཆབ་མདོ་དང་ཉིང་ཁྲིའི་གྲོང་རྡལ་དང་ཐོན་ལས་ཀྱི་བཀོད་ཁྱབ་སྔོན་ཚུད་ནས་འཆར་འགོད་དང་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུ། མངའ་རིས་དང་ནག་ཆུའི་སྐྱེ་ཁམས་བྱེད་ནུས་ཀྱི་གནས་བབ་སྲ་བརྟན་དུ་བཏང་ནས་འབྱུང་འཕྲོད་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

གསུམ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་བྱེད་རྒྱུ།

དབུལ་སྒྲོལ་འགག་སྒྲོལ་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ། བར་བརྒལ་དུས་སྐབས་རིང“མི་འདོར་བ་བཞི”དོན་འཁྱོལ་ནན་པོ་བྱས་ཏེ་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་འཁྱོངས་བྱེད་པ་དང་། མ་དངུལ་སྒོར་དུང་ཕྱུར་160སྒྲིལ་སྤྱོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲས་བུ་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ། དབུལ་པོ་བསྐྱར་ལོག་མི་ཡོང་བའི་བབ་བསྟུན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་རིགས་བབ་བསྟུན་མེད་པ་བཟོ་བའི་འགན་ལེན་བྱེད་རྒྱུ། དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་རྒྱུ་ནོར་དང་མ་དངུལ་གཙང་བཤེར་བྱས་ཏེ་ཕན་འབྲས་སྲ་བརྟན་གོང་མཐོར་གཏོང་རྒྱུ། ཡུལ་སྤོས་དབུལ་སྐྱོར་དང“ས་ངན”ཁུལ་གྱི་གནས་སྤོས་རྗེས་མཐུད་ཀྱི་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ། བློ་རིག་གཉིས་ཀྱི་དབུལ་སྐྱོར་གཏིང་ཟབ་བྱས་ནས“ལྟོ་གོས་ལ་དོ་དམ”བྱེད་དགོས་ལ“བསམ་བློར་དོ་དམ”དེ་བས་ཀྱང་བྱས་ཏེ་མང་ཚོགས་དེ་བས་མང་བ་སེམས་ཤུགས་འཕེལ་བ་དང་ལག་པ་སྒུལ་ཐུབ་པ་བྱེད་རྒྱུ།

གྲོང་གསེབ་དར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་། རྨོ་ཞིང་གི་དམར་ཐིག་བརྟན་པོ་སྲུང་ནས་མུའུ་ཁྲི་20ཡན་གྱི་གཅིག་སྡུད་ཡུག་འབྲེལ་གྱི་གཞི་རྩའི་ས་ཞིང་གསར་སྤེལ་བྱེད་རྒྱུ། རྨོ་ཞིང་མུའུ་ཁྲི་200ཡི་སྤུས་ཚད་མཐོར་འདེགས་ལས་གཞི་སྤེལ་རྒྱུ། ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་120གསར་བཟོ་དང་ལེགས་བཅོས་བྱེད་རྒྱུ། ནས་ཐོན་འབོར་ཀྲོན་ཁྲི་80ཡན་བརྟན་གནས་ཐུབ་པ་བྱེད་རྒྱུ། ཕྱུགས་རིགས་མགོ་གྲངས་ཁྲི་30ཡི་རྒྱུད་བཟང་ལས་གཞི་སྤེལ་ཏེ་ཤ་རིགས་དང་དཀར་ཆུའི་ཐོན་འབོར་ཀྲོན་ཁྲི་100ཡན་བརྟན་གནས་ཐུབ་པ་བྱེད་རྒྱུ། གྲོང་གསེབ་དེ་འཚོ་སྡོད་དང་ལས་གཉེར་ལ་འཕྲོད་པ་བཟོ་དགོས་ཤིང་། གྲོང་གསེབ་འཆར་འགོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཐོག ཆུ་གློག་ལམ་འཕྲིན་དྲ་རྒྱ་བཅས་ལྔ་དུད་ཚང་དུ་ཁྲིད་རྒྱུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་དང་། གྲངས་འཛིན་གྲོང་གསེབ་སྐྲུན་པ། བསྐྱར་སྤྱོད་ནུས་ཁུངས་ཚབ་བྱེད་དང་ནུས་བསྲི་དྲོད་ལེན་ཁྱབ་སྤེལ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་འཚོ་སྡོད་ལ་འཕྲོད་པ་དང་། སྤྲོ་གསེང་ལས་གཉེར་ལ་འཚམ་པ། གཙང་ཞིང་གྲལ་འགྲིག་པ་བཅས་ཀྱི་གྲོང་སྡེ་100དཔེ་སྟོན་ཚོད་ལྟ་བྱེད་རྒྱུ། ཞིང་པ་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་རྒྱུ་དང་གསར་དར་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། མི་མཉམ་ལས་ཁང་ལ་ཞུགས་པ་དང་། ཕྱུགས་རིགས་ལག་གསོ་བྱེད་པ། ས་ཞིང་བརྒྱུད་བཤུག་བྱེད་པ། ངལ་ནུས་ཁ་སྒྱུར་བྱེད་པ་བཅས་ཁྱབ་གདལ་བཏང་ཐོག ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་མཐོར་འདེགས་གཏོང་བའི་བྱ་སྤྱོད་སྤེལ་ཏེ་རྒྱུ་ནོར་ཁྲི་བརྒྱ་ལོན་པའི་མཉམ་ལས་ཁང་700ཡན་དང་ཁྲི་སྟོང་ལོན་པའི་མཉམ་ལས་ཁང་70ཡན་ཟིན་པ་བྱེད་རྒྱུ།

གྲོང་གསེབ་བསྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ། འགན་གཙང་ལེན་པའི་ས་ཞིང་གཉེར་སྐྱོང་བྱེད་དབང་རིམ་ལྡན་བརྒྱུད་བཤུག་བྱེད་པར་སྐུལ་འདེད་བཏང་ནས་དོ་དམ་མངག་བཅོལ་གྱི་གཉེར་སྐྱོང་བྱེད་པར་སྐུལ་ལྕག་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ས་ཆའི་ཁྲོམ་ར་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་བསྒྱུར་བཅོས་ཟིན་པ་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་བསྒྱུར་བཅོས་ཚོད་ལྟ་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ། “བརྒྱུད་རིམ་ཆ་ཚང་འཕྲུལ་ཆས་ཅན+ཕྱོགས་བསྡུས་ཞིང་ལས་ཞབས་ཞུའི”ལས་རྣམ་གསར་པ་གོང་འཕེལ་ཧུར་ཐག་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་འགན་བཅོལ་ཞབས་ཞུ་འཐུས་ལེགས་སུ་གཏོང་རྒྱུ། རྒྱུད་བཟང་ཐབས་བཟང་ཚང་སྒྲིག་བྱེད་རྒྱུ་དང་ཞིང་འཕྲུལ་ཞིང་ལས་ལག་རྩལ་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་རྒྱུ། 50%ཡན་གྱི་མཁོ་འཚོང་མཉམ་ལས་ཁང་“ཕྱོགས་བཞི་གཞི་གཅིག”གི་ཕྱོགས་བསྡུས་བསྒྱུར་བཅོས་ལེགས་འགྲུབ་ཐུབ་པ་བྱས་ཏེ་བཟོ་ལས་ཐོན་རྫས་གཤམ་གཏོང་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་གཏོང་བའི་ལེགས་ལམ་དེ་བས་ཤར་གཏོང་ཐུབ་པ་བྱེད་རྒྱུ།

བཞི། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ།

ས་མཐོའི་སྐྱེ་དངོས་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ནས་དང་འབྲི་གཡག་གི་ཐོན་རྫས་བཟོ་སྣོན་ཞིབ་ཚགས་བྱས་ཐོག་དངོས་སྒྱུར་བྱེད་པར་རྒྱུན་མཐུད་ནས་སྐུལ་འདེད་གཏོང་རྒྱུ། སྤྱི་གནོད་མེད་པའི་སྔོ་ཚལ་དང་ས་མཐོའི་ཤིང་འབྲས་སོགས་ཀྱི་རྟེན་གཞི་ཆེན་པོ་ལྔ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ། ནས་དང་། འབྲི་གཡག བོད་ཕག བོད་ལུག ཇ་ལོ། བོད་སྨན་སོགས་ཀྱི་ཐོན་ལས་རྟེན་གཞི་ཚད་གཞི་མཐོན་པོའི་ངང་འཛུགས་སྐྲུན་བྱེད་རྒྱུ། ནས་སོན་ཉེན་མེད་འགན་ལེན་བྱེད་རྒྱུ། སྤུས་ལེགས་ནས་སོན་རྟེན་གཞི་འཛུགས་སྐྲུན་ཡག་པོ་བྱེད་རྒྱུ་དང་ཡར་ཀླུང་གཙང་པོའི་གངས་ལྗོངས་ནོར་བུ་སོགས་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཁྱབ་གདལ་བྲིན་འཚོང་བྱེད་མགྱོགས་སུ་གཏོང་རྒྱུ། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་བྱས་ནས་ཕྱོགས་བསྡུས་དངོས་སྒྱུར་བྱེད་ཚད་20%ཡན་ཟིན་པ་དང་ཐོན་འབོར་རིན་ཐང་10%ཡན་འཕར་བ་བྱེད་རྒྱུ།

རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། མིག་སྔར་རྒྱལ་ཕྱིར་ཡུལ་སྐོར་འགྲོ་བར་ཚོད་འཛིན་ཐེབས་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་འོག དུས་གཏན་ཁུལ་ཡོངས་ཀྱི་ཡུལ་སྐོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཚོང་འགུགས་མ་འདྲེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་བརྒྱུད་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་མ་འཇོག་སྒོར་དུང་ཕྱུར་100ཡན་ཟིན་པ་བྱེད་རྒྱུ། “མཁའ་མཚོའི་ཡུལ་སྐོར”དང་། “མཐའ་མཚམས་ལ་བསྐྱོད་པ” “གནའ་ལམ་ཡུལ་སྐོར”སོགས་ཀྱི་སྤུས་དག་ཡུལ་སྐོར་བགྲོད་ལམ་གསར་པ་གཏོད་རྒྱུ་དང་G219ཡུལ་སྐོར་བགྲོད་ལམ་ཆེན་པོ་བཟོ་རྒྱུ། “རིག་གཏོད་བོད་ལྗོངས”ཀྱི་ལས་རྣམ་གསར་པ་འཛུགས་སྐྱོང་ལས་གཞི་ལག་བསྟར་བྱེད་འགོ་འཛུགས་རྒྱུ་དང་། གྲོང་གསེབ་ཡུལ་སྐོར་གོང་འཕེལ་གཏོང་བ་དང་གསར་བརྗེའི་ཡུལ་སྐོར་བཟོ་འདོན་བྱེད་རྒྱུ། མཁའ་འགྲུལ་ལམ་ཐིག་20མང་དུ་བཏང་ནས་ལྗོངས་ནང་ཁོངས་ཀྱི་མཁའ་ལམ་སྤ་སེའི་རིན་གོང་ལོ་འདིའི་ནང་སླར་ཡང་20%ཆག་པ་བྱེད་རྒྱུ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་600ལས་བརྒལ་བ་བྱེད་རྒྱུ། ཡུལ་སྐོར་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་20%ཡན་འཕར་ཐུབ་པ་བྱས་ཏེ་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པའི་ཡུལ་སྐོར་དམིགས་ས་ཞིག་ཧུར་ཐག་གཏོད་རྒྱུ།

གཙང་ལྡན་ནུས་རྒྱུའི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ནུས་རྒྱུའི་ཐོན་ལས་ཐད་མ་འཇོག་སྒོར་དུང་ཕྱུར་235ལེགས་འགྲུབ་ཐུབ་པ་བྱས་ནས་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་འཕྲུལ་ཚན་སྟོང་ཝ་ཁྲི་1300ཡན་ཟིན་པ་བྱེད་རྒྱུ། འབྲི་ཆུའི་སྟོད་རྒྱུད་དང་རྫ་ཆུའི་སྟོད་རྒྱུད་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ཆུ་ཤུགས་དང་འོད་ཤུགས་ཕན་ཚུན་གསབ་རེས་ཀྱི་གཙང་ལྡན་ནུས་རྒྱུའི་རྟེན་གཞི་འཛུགས་པར་སྐུལ་འདེད་གཏོང་རྒྱུ། གཅིག་གྱུར་ཅན་གྱི་གློག་དྲའི་འཆར་འགོད་འཛུགས་སྐྲུན་གང་མགྱོགས་བྱས་ནས་བོད་དབུས་ཀྱི་གློག་དྲ་སྟོང་ཧྥུའུ་500ཡི་ལྡོག་ལམ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་གློག་ཤུགས་ཕྱིར་འཁྲིད། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པར་གློག་ཤུགས་འགན་སྲུང་། མཚོ་བོད་དྲ་སྦྲེལ་ལྡོག་ལམ་གཉིས་པའི་གློག་དྲ་བཅས་ཀྱི་ལས་གྲྭར་སྐུལ་འདེད་བཏང་ནས་གློག་ཤུགས་ཕྱིར་ཁྲིད་བྱེད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་20ལས་བརྒལ་ཐུབ་པ་བྱེད་རྒྱུ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་བྱེད་པའི་སྔོན་གྲབས་ལས་ཀ་བྱེད་མགྱོགས་སུ་བཏང་ནས་ལས་འགོ་གང་མགྱོགས་འཛུགས་ཐུབ་པ་བྱེད་རྒྱུ།

འབྱུང་འཕྲོད་བཟོ་ལས་དང་། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་འཛིན་ཐོན་ལས། མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཐོན་ལས་བཅས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཨར་སྐྲུན་རྒྱུ་ཆ་དང་། ཟངས་དང་ལི་གཏེར། རང་བྱུང་འཐུང་ཆུ། ཀོ་ལྤགས་འཁེལ་འཐག་བཟོ་སྣོན་སོགས་ཀྱི་འབྱུང་འཕྲོད་བཟོ་ལས་གང་མགྱོགས་གོང་འཕེལ་བཏང་ནས་མ་འཇོག་སྒོར་དུང་ཕྱུར་100ཡན་ལེགས་འགྲུབ་བྱེད་རྒྱུ། དངུལ་རྩ་དང་། ཆ་འཕྲིན། ལུས་གསོ་སོགས་དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། དངུལ་རྩའི་ཞབས་ཞུའི་ལས་རིགས་གོང་འཕེལ་གྱི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་བཟོ་འདོན་བྱས་ཏེ་དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་7%ཡན་འཕར་བ་བྱེད་རྒྱུ། ལྷོ་ཨེ་ཤེ་ཡར་སྒོ་དབྱེ་བའི་རྒྱལ་སྤྱིའི་འཕྲིན་གཏོང་འཛུལ་ཐོན་མཐུད་སྣེ་འཛུགས་རྒྱུ་དང་། གྲངས་འཛིན་ཆེ་མོའི་ལྟེ་གནས་གང་མགྱོགས་འཛུགས་རྒྱུ། གྲངས་འཛིན་བོད་ལྗོངས་དང་བློ་རིག་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་མ་འཇོག་སྒོར་དུང་ཕྱུར་50ཡན་ལེགས་འགྲུབ་ཐུབ་པ་བྱེད་རྒྱུ། ཚོང་དོན་འཁོར་རྒྱུག་གི་འགག་ས་བཤངས་བ་དང་མཐའ་མཚམས་ཟོག་འགྲུལ་ཐོན་ལས་གོང་འཕེལ་བཏང་སྟེ་འཕར་ཐང་20%ཡན་འཕར་ཐུབ་པ་བྱེད་རྒྱུ།

གྲགས་རྟགས་གཏོད་རྒྱུར་ཤུགས་སྣོན་གང་ཆེ་རྒྱག་རྒྱུ། “ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་ཁྱབ་གདལ་ཡག་པོ་བཏང་སྟེ་གྲགས་རྟགས་ལས་རིགས་ཀྱི་མནའ་འབྲེལ་ཡག་པོ་འཛུགས་པ་དང་། གྲགས་རྟགས་འགྲེམས་ཚོང་ལྟེ་གནས་གཉེར་སྐྱོང་ཡག་པོ་བྱས་ཏེ་གྲགས་རྟགས་ཧྲིལ་པོའི་མཚན་སྙན་ཆེ་རུ་གཏོང་རྒྱུ། ཁྱད་ལྡན་ཐོན་རྫས་ས་ཁམས་ཀྱི་མཚོན་རྟགས་ཅན་དུ་སྐུལ་འདེད་བཏང་སྟེ་མཚོན་རྟགས་ཅན་གྱི་ཐོན་རྫས་ཁག་གཅིག་བཟོ་འདོན་བྱེད་རྒྱུ། ཐོན་རྫས་ཀྱི་སྤུས་ཚད་ཚད་གཞི་ཅན་དུ་སྐུལ་འདེད་གཏོང་བ་དང་། ཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་ལག་བསྟར་བྱེད་པ། ལེགས་འདེམས་ཚད་གཞིའི་ལས་སྟེགས་བཟོ་བ། ཁུངས་འདེད་མ་ལག་འཐུས་ཚང་བཟོ་བ་བཅས་བྱས་ཏེ་བོད་ཀྱི་ཁྱད་ལྡན་ཐོན་རྫས“ཆུང་བ”ནས“ཆེ་བ”དང་། “ཞན་པ”ནས“ལེགས་པའི”ཕྱོགས་སུ་མངོན་འགྱུར་ཐུབ་པ་བྱེད་རྒྱུ།

ལྔ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ།

ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ། དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་པ་སྐྲུན་པའི་བྱ་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་འཁོར་སྐྱོད་ནུས་པ་ཆེ་རུ་གཏོང་རྒྱུ། སྲིད་དོན་ཞབས་ཞུའི་ལས་དོན“རིམ་པ་ལྔར་ཁེབས་པ”བྱེད་རྒྱུ་སྲ་བརྟན་དུ་གཏོང་བ་དང་། “མཉམ་སྦྲེལ་དྲ་རྒྱ+སྲིད་དོན་ཞབས་ཞུ”རྒྱ་སྐྱེད་གཏོང་རྒྱུ། རྣམ་གྲངས་100དེ“དོན་གཅིག་ཐེངས་གཅིག་ལ་འགྲུབ་པར”སྐུལ་འདེད་གཏོང་རྒྱུ་དང་དོན་དག་132 ཞིང་ཆེན་ལས་བརྒལ་ནས་ཀུན་སྒྲུབ་ཐུབ་པ་བྱེད་རྒྱུ། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཁྲོམ་རའི་ཞུགས་འཐུས་ཚད་ལྡན་བཟོ་བ་དང་ཐོན་ཁུངས་ནུས་ལྡན་ངང་ལུགས་མཐུན་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཁ་དན་ཚིག་གནས་ལ་སྐུལ་མ་གཏོང་བ་དང་ཡིད་རྟོན་ཤོར་བར་ཆད་པ་གཅོད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་ནས་ཁྲལ་འབྲེལ་དོན་གནད་གཙོ་བོ་ཆ་ཚང་དྲ་ཐོག་ཏུ་གཉེར་སྒྲུབ་ཐུབ་པ་བྱེད་རྒྱུ། སྲིད་གཞུང་གི་དྲ་ཐོག་སྲིད་དོན་ཞབས་ཞུའི་ནུས་པ་སྤྱི་ཡོངས་མིང་གྲལ་ནང་སླར་ཡང་ཨང་རིམ་3འཕར་བ་དང་ཚོང་གཉེར་ཁོར་ཡུག་གི་དམིགས་ཚད་དཔྱད་བསྡུར་མིང་གྲལ་ནང་སླར་ཡང་ཨང་རིམ་5འཕར་བའི་བརྩོན་ལེན་བྱེད་རྒྱུ། ཚོང་འགུགས་མ་འདྲེན་ཐད་མ་དངུལ་སྒོར་དུང་ཕྱུར་600ཡན་གནས་འཁྱོལ་ཐུབ་པ་བྱེད་རྒྱུ་དང་། དམངས་ཁྲོད་ཀྱི་མ་འཇོག་20%ཡན་འཕར་ཐུབ་པ་བྱེད་རྒྱུ།

གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། གཞུང་ཁོངས་དཔལ་འབྱོར་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་པའི་ལོ་གསུམ་བྱ་སྤྱོད་ལ་སྐུལ་སྤེལ་གཏོང་རྒྱུ། རིམ་རིགས་ཁག་གི་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་མཐིལ་རྟོགས་ཞིབ་དཔྱད་ཕྱོགས་ཡོངས་ནས་བྱེད་རྒྱུ་དང་། གཞུང་ཁོངས་དཔལ་འབྱོར་གྱི་ཁྱབ་བཀོད་ལེགས་སྒྱུར་དང་གྲུབ་ཆ་ལེགས་སྒྲིག་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཕན་འབྲས་ཞན་པ་དང་ཕན་འབྲས་མི་ཐོན་པའི་རྒྱུ་ནོར་མ་རྩ་ཕྱིར་འཐེན་གང་མགྱོགས་བྱེད་རྒྱུ། ཀྲུང་དབྱང་ཁེ་ལས་དང་མ་རྩ་མཉམ་འཇོག་གིས་མཉམ་ལས་གཏིང་ཟབ་བྱས་ཏེ“གཅིག་བྱས་པ་ལྔའི་ལས་གྲྭ”ལག་བསྟར་བྱེད་རྒྱུ། གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་ལ་གཅིག་གྱུར་ལྟ་སྡོམ་བྱེད་པར་སྐུལ་འདེད་བཏང་ནས་དོ་དམ་རིམ་གྲས་ཉུང་དུ་གཏོང་རྒྱུ་དང་། ཀུང་སིའི་བཅོས་སྐྱོང་འཐུས་ལེགས་སུ་གཏོང་རྒྱུ་དང་སྐོར་ཞིབ་རྩིས་བཤེར་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

དམངས་གཉེར་དཔལ་འབྱོར་གོང་འཕེལ་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ།ཁྲོམ་རའི་བྱེད་པོ་གོང་འཕེལ་གཏོང་བར་རང་སྐྱོང་ལྗོངས་ཀྱིས་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དོན་ཚན་སོ་དྲུག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་བདག་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་འདྲ་མཉམ་སྲུང་སྐྱོབ་བྱེད་རྒྱུ། ཁེ་ལས་མཁས་པའི་སྙིང་སྟོབས་འཛུགས་སྐྱོང་བྱེད་རྒྱུ། ལས་རིགས་ཀྱི་སྣེ་འདྲེན་དང་ཚོང་ཚོགས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་ཐོག་འཁོར་རྒྱུག་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ཀུང་སིའི་ནུས་པ་འདོན་སྤེལ་བྱས་ཏེ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ་དམངས་གཉེར་དཔལ་འབྱོར་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བར་རོགས་འདེགས་བྱས་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོ་ཐེམ་དུད་ཁྲི་40ཡན་ཟིན་པ་བྱེད་རྒྱུ།

རྒྱལ་ཁབ་ཀྱི་ཁུལ་ཁོངས་གོང་འཕེལ་འཐབ་ཇུས་དང་མུ་མཐུད་འབྲེལ་མཐུད་བྱེད་རྒྱུ། “རྒྱུད་གཅིག་ལམ་གཅིག”དང་རེས་སྐོར་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ནང་མཉམ་འདྲེས་ཟབ་མོ་བྱས་ཐོག ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་འཁོར་རྒྱ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་རྣམ་གྲངས། མི་འགྲུལ་འཁོར་རྒྱུག་བཅས་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆར་བརྟེན་ནས་ཐོན་འཚོང་སྦྲེལ་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ། ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ། བོད་མཚོ་བཟོ་ལས་སྡེ་གླིང་། གཞིས་རྩེ་སོགས་ཀྱི་རིམ་རིགས་ཁག་གི་གསར་སྤེལ་ཁུལ་རྒྱ་སྟོབས་ཆེ་རུ་བཏང་ནས་སྡེ་གླིང་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་20%ཡན་འཕར་ཐུབ་པ་བྱེད་རྒྱུ།

ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ནས་ཆེ་རུ་གཏོང་རྒྱུ། ཧི་མ་ལ་ཡ་རྒྱུད་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་ཧུར་ཐག་འཛུགས་རྒྱུ། སྐྱིད་རོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་གསར་སྤེལ་སྒོ་འབྱེད་ཀྱི་གཙོ་གནད་ཚོད་ལྟ་ཁུལ་ལོ་འདིའི་ནང་བསྐྲུན་རྒྱུའི་ཆོག་མཆན་ཐོབ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། འགྲམ་འགག་སྒོའི་ཚོང་ཟོག་ཤར་གཏོང་བྱེད་ནུས་གོང་མཐོར་གཏོང་བ་དང་། གྲོ་མོ་དང་འདྲེན་ཐང(རི་འོག)གི་འགག་སྒོ་གསར་སྤེལ་སྒོ་འབྱེད་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། ལ་རྩེའི་འགག་སྒོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ལྷ་སའི་རྒྱལ་སྤྱིའི་མཁའ་འགྲུལ་འགག་སྒོའི་བྱེད་ནུས་རྒྱ་ཆེར་གཏོང་བ། མངའ་རིས་དགུན་ས་རྒྱལ་སྤྱིའི་འགག་སྒོ་འཛུགས་སྐྲུན་གྱི་སྔོན་གྲབས་ལས་དོན་མགྱོགས་སུ་སྤེལ་བ་བཅས་བྱེད་རྒྱུ། ཀྲུང་ནེའི་མཛའ་གྲོགས་བཟོ་ལས་སྡེ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་དུ་ཁེ་ལས་20ཡན་བཅའ་སྡོད་ཐུབ་པ་བྱེད་རྒྱུ་དང་ཕྱིར་གཏོང་ནང་འདྲེན་བྱེད་འབོར་སྒོར་དུང་ཕྱུར་10ཡན་ཟིན་པ་བྱེད་རྒྱུ།

དྲུག སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མཐོ་རུ་གཏོང་རྒྱུ། མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་རྒྱུ། གྲོང་གསེབ་ཀྱི་ཐོན་ཁུངས་རྒྱུ་ནོར་དང་མ་དངུལ་ཕན་སྒྱུར་ཐུབ་པ་བྱས་ཏེ་ཐོན་ཁུངས་རྒྱུ་ནོར་ལ་འགྱུར་བ་དང་། མ་དངུལ་རྐང་དངུལ་ལ་འགྱུར་བ། ཞིང་འབྲོག་པ་རྐང་བདག་ལ་འགྱུར་བ་བཅས་བྱས་ཐོག རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་རྒྱུ། མང་ཚོགས་ལྗོངས་ཕྱི་ནང་དུ་ལས་ཞུགས་བྱེད་པའི་ཆེད་དོན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་བཟོ་རྒྱུ། “གུད་གསབ་ལས་སྤྲོད”བྱེད་པའི་ཁྱབ་ཁོངས་དང་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དང་། སྒོར་ཁྲི་400མན་གྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་འོས་ཐོབ་ཡོད་པའི་ཞིང་འབྲོག་པའི་ཨར་ལས་ཁེ་ལས་ལ་མུ་མཐུད་སྐྲུན་འགན་སྤྲད་དེ་ཨར་སྐྲུན་ཚན་པའི་ནང་ལྗོངས་ནང་ཁུལ་གྱི་ཞིང་འབྲོག་པའི་ལས་མི་སྤྱོད་ཚད་60%ཡན་ཟིན་པ་བྱེད་རྒྱུ། ཞིང་འབྲོག་པ་ཁ་སྒྱུར་ལས་ཞུགས་མི་ཁྲི་60ཡན་ཟིན་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་50ཡན་ཟིན་པ་བྱེད་རྒྱུ།

སྤྱི་ཚོགས་ཀྱི་ལས་ཞུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཐབས་མང་མཉམ་སྤྱོད་བྱས་ཏེ་ལས་ཞུགས་རྒྱ་ཆེར་གཏོང་རྒྱུ། མཐོ་རིམ་སློབ་ཐོན་སློབ་མའི་ཕྱོགས་མང་གཞི་གཅིག་གི་ལས་ཞུགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ལོ་དེ་གའི་མཐོ་རིམ་སློབ་ཐོན་སློབ་མ་སྤྱི་ཡོངས་ལས་ཞུགས་ཐུབ་ཚད་95%ཡན་ཟིན་ཐུབ་པ་བྱེད་རྒྱུ། ལས་གཏོད་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ“གཉིས་གཏོད”རོགས་སྐྱོར་གྱི་མ་དངུལ་ལས་གཏོད་བྱེད་མཁན་ཚང་མའི་ལག་ཏུ་ཐད་ཀར་འབྱོར་ཐུབ་པ་བྱེད་རྒྱུ། དམག་ཞབས་ཐིམ་པའི་དམག་མི་ལས་ཞུགས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་ལས་ཞུགས་ཐུབ་པའི་འགན་སྲུང་བྱེད་རྒྱུ། ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་བབ་བསྟུན་ལས་ཞུགས་པ་ཡོད་པ་བཟོ་རྒྱུ། ཞིང་འབྲོག་པའི་རྩལ་ནུས་མངག་ཐོ་དང་། འདེམས་ཐོ། ལས་ཐོ་བཅས“ཐོ་གསུམ་རྣམ་པའི”གསོ་སྦྱོང་དང“ལས་ཚབ་སྦྱོང་བརྡར”སྤྲོད་རྒྱུ་ཁྱབ་གདལ་བཏང་སྟེ་མི་ཁྲི་10ཡན་ལ་རྩལ་ནུས་སྦྱོང་བརྡར་སྤྲོད་ཐུབ་པ་བྱེད་རྒྱུ། སྒྲིག་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་བྱས་པའི་མི་གྲངས་ཀྱིས་གནས་སྒྱུར་ལས་ཞུགས་བྱས་པའི་མི་གྲངས་ཀྱི་60%ཡན་ཟིན་པ་བྱེད་རྒྱུ།

སློབ་གསོ་གོང་འཕེལ་གཏོང་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ། “བློ་སྦྱོང་བསླབ་སྐྱོང་དང་ཚད་ལོན་ལྔའི”ལས་དོན་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་“མཐོར་འདེགས་དྲུག”མངོན་འགྱུར་ཧུར་ཐག་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་དུ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཙོ་བོར་བྱེད་པའི་གཞི་གཅིག་ཅན་གྱི་སློབ་གསོའི་སློབ་ཁྲིད་མ་ལག་འཐུས་ཚང་བཟོ་རྒྱུ། ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གང་མགྱོགས་གཏོང་རྒྱུ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་བྱས་པའི་འབྲས་བུ་སྲ་བརྟན་དུ་གཏོང་རྒྱུ། ཆད་འགོག་སློབ་འཁྱོངས་ཐུབ་པའི་ཕུགས་ཕན་ལྟ་དཔྱད་ལམ་སྲོལ་འཐུས་ཚང་བཟོ་རྒྱུ། ལས་རིགས་ལག་རྩལ་སློབ་གསོའི་སློབ་གཉེར་བྱེད་ཕྱོགས་ལེགས་སྒྱུར་འཐུས་ཚང་བཟོས་ནས་སློབ་བསྡུའི་གཞི་ཁྱོན་20%འཕར་ཐུབ་པ་བྱེད་རྒྱུ་དང་ཐོན་སློབ་མཉམ་འདྲེས་ཀྱི་དངོས་སྦྱོང་རྟེན་གཞི་8བཟོ་རྒྱུ། མཐོ་རིམ་སློབ་གསོའི་བཟོ་སྐྲུན་རིག་ཚན་གསར་པ་དང་། གསོ་རིག་རིག་ཚན་གསར་པ། ཞིང་ལས་རིག་ཚན་གསར་པ། རིག་གནས་ཚན་ཁག་གསར་པ་བཅས་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། ནང་སའི་བོད་ལྗོངས་ཀྱི་མཐོ་རིམ་འཛིན་གྲྭའི་སློབ་གཉེར་གཞི་ཁྱོན་རྒྱ་སྐྱེད་གཏོང་རྒྱུ། “མཉམ་འབྲེལ་དྲ་རྒྱ+སློབ་གསོའི”རྒྱལ་ཁབ་ཀྱི་དཔེ་སྟོན་ཁུལ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། སློབ་གསོའི་གྲོན་དངུལ་གཏོང་རྒྱུ“སྤོར་བ་ལས་ཉུང་དུ་མི་གཏོང་བ་གཉིས”མངོན་འགྱུར་ཐུབ་པ་བྱེད་རྒྱུ།

མི་དམངས་ཀྱི་བདེ་ཐང་ཆུ་ཚད་གོང་མཐོར་གཏོང་རྒྱུ། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་རིགས་འཕྲལ་སྡོམ་ཐག་གཅོད་དང་སྐྱོབ་བཅོས་ནུས་པ་གོང་མཐོར་གཏོང་རྒྱུ། བདེ་ཐང་བོད་ལྗོངས་ཀྱི་ཆེད་དོན་བྱ་སྤྱོད་17སྤེལ་མགྱོགས་སུ་གཏོང་རྒྱུ།  ཁུལ་ཁོངས་སྨན་བཅོས་ལྟེ་གནས་དང་། སྨན་བཅོས་འབྲེལ་ཚོགས། སྨན་བཅོས་གཅིག་མཐུན་ཚོགས་པ་བཅས་སྐྲུན་རྒྱུ། གཞི་རིམ་ལ་སྐོར་སྐྱོད་སྨན་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བསྒྲུབ་རྒྱུ་བསྒྱུར་བཅོས་བྱས་ནས་ལེགས་སུ་བཏང་ཐོག “མཉམ་སྦྲེལ་དྲ་རྒྱ+སྨན་བཅོས་བདེ་ཐང་”དེ་ཤང་གྲོང་རིམ་པར་ཁེབས་པ་བྱེད་རྒྱུ། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་98%ཡན་ཟིན་པ་བྱེད་རྒྱུ་དང་། སྦྲུམ་མ་ཤི་ཚད་དང་ཕྲུ་གྲུ་དམར་འབྱར་ཤི་ཚད་གཉིས་ཀ་རྒྱུན་མཐུད་ནས་ཆག་པ་བྱེད་རྒྱུ། རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་བོད་སྨན་གྱི་ཚད་གཞིའི་ལོ་གསུམ་བྱ་སྤྱོད་འཆར་གཞིར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། བདེ་འཕྲོད་ཇ་མཁོ་འདོན་རྒྱ་ཆེར་གཏོང་རྒྱུ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་རྒྱུ། དམངས་ཡོངས་ཀྱི་ལུས་སྦྱོང་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་རྒྱུ། ལེགས་ཆ་ཆེ་བའི་རྣམ་གྲངས་ཀྱི་རྩལ་འགྲན་ཆུ་ཚད་གོང་མཐོར་བཏང་སྟེ་རྒྱལ་སྤྱི་དང་རྒྱལ་ནང་གི་ལུས་རྩལ་འགྲན་བསྡུར་ནང་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་ཐུབ་པ་བྱེད་རྒྱུ།

སྤྱི་ཚོགས་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་རྒྱུ། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་ཐེངས་གཅིག་རང་ལ་དུས་རྩིས་རྒྱག་ཐུབ་པ་དང་ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་ཐད་ཀར་དུས་རྩིས་རྒྱག་ཐུབ་པ་བྱེད་རྒྱུ། རྒན་གསོའི་ཞབས་ཞུ་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། བྱིས་པ་དང་དབང་སྐྱོན་མི་སྣར་གཅེས་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་པོ་བཟོ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་ཚད་གཞི་ཁག་སོ་སོར་མི་རེར་ལོ་རེར་སྒོར་10920དང་སྒོར་5060བར་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྨང་གཞིའི་རྒན་གསོའི་གྲོན་དངུལ་ཚད་གཞི་སླར་ཡང་སྒོར་15ཡན་མཐོ་རུ་གཏོང་རྒྱུ།

དམངས་ལ་སྟབས་བདེ་དང་ཕན་པ་སྐྲུན་པའི་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། ཚན་རྩལ་ཞབས་ཞུ། རྩལ་ནུས་སྦྱོང་བརྡར་སོགས་དང་འབྲེལ་བ་ཡོད་པའི“དམངས་ཕན་བྱ་ཐབས་ཁག་བཅུ”མུ་མཐུད་ལག་བསྟར་བྱས་ཏེ་ནོར་སྲིད་ཀྱི་གཏོང་སྒོ་སླར་ཡང་10%འཕར་བ་བྱེད་རྒྱུ། ས་མཐོའི་སྐྱེ་ཁམས་དྲོད་ཁང་དང་གྲོང་ཁྱེར་གྲོང་རྡལ་གྱི་གསོ་རླུང་འདོན་སྤྲོད་ལས་གྲྭ་སྤེལ་རྒྱུ། གློག་རིན་དམའ་རུ་གཏོང་བའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་མིའི་གློག་སྤྱོད་དྲ་གཅིག་རིན་གཅིག་རིམ་བཞིན་མངོན་འགྱུར་ཐུབ་པ་བྱེད་རྒྱུ། གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་36དང་སྡོད་ཁང་སྐྱོ་ཁུལ་གྱི་སྡོད་ཁང་ཆ་ཚང་5432བཟོ་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཁང་པ་ཡུན་རིང་བོགས་གཏོང་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་རྒྱུ་དང་། རིགས་ཁག་གི་ལས་ཤག་ཆ་ཚང་ཁྲི་1བསྐྲུན་རྒྱུ། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཆ་ཚང་2406བརྒྱབ་ཐོག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་། དགེ་རྒན་དང་ལས་བཟོ་བ། གཞོན་ནུ་ལས་བཟོ་བ་སོགས་རིགས་གྲས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་བཏང་སྟེ་བོད་ཀྱི་གོང་འཕེལ་ཁྲོད་ནས་དྲོ་སྐྱིད་དེ་བས་ཆེ་བ་ཚོར་བ་དང་དམངས་འཚོའི་བདེ་སྐྱིད་ལ་སྤུས་ཚད་དེ་བས་ལེགས་པ་ལྡན་པ་བྱེད་རྒྱུ།

བདུན། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ།

སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་འཆར་འགོད་བཟོས་ནས་ལག་བསྟར་བྱེད་རྒྱུ་དང་། ཐཱན་འབུད་ཚད་བཀག་མཐོ་ཤོས་ཀྱི་བྱ་སྤྱོད་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་སྒོ་མོ་ནས་སྐྱེ་དངོས་བདེ་འཇགས་ལྟ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཙང་ཆུ་གསུམ་གྱི་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་བོད་ལྗོངས་ཁུལ་ཁོངས་ཀྱི་འཆར་འགོད་བཟོས་ནས་འཛུགས་སྐྲུན་བྱེད་རྒྱུ་དང་། ཇོ་རི་དང་བྱང་ཐང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་རེ་ཞུ་བྱེད་པའི་ལས་ཀ་སྔར་བས་ཡག་པོ་བསྒྲུབ་རྒྱུ། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ། གནམ་གཤོས་ནགས་འདེབས་ཚོད་ལྟ་བྱེད་པར་བརྟན་པོའི་ངང་སྐུལ་འདེད་བཏང་ཐོག མཚོ་རྩིས་མཐོ་ཚད་སྨི་4300མན་གྱི“འགྲམ་བཞིར”ཤིང་འཛུགས་བྱས་ཏེ་ནགས་བཟོ་མུའུ་ཁྲི་110ལེགས་འགྲུབ་ཐུབ་པ་བྱེད་རྒྱུ།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཡག་པོ་རྒྱག་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དཔྱད་ཞིབ་བྱེད་རྒྱུ། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི“བཅོས་སྐྱོང་གསུམ་དང་མཐོར་འདེགས་གསུམ”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གད་སྙིགས་རིགས་དབྱེ་དང་། བསྡུ་འདྲེན། གཙང་སེལ་བཅས་བྱེད་པའི་མ་ལག་འཐུས་ཚང་བཟོ་རྒྱུ། ནུས་རྒྱུ་གསར་པའི་རླངས་འཁོར་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། འབྱུང་འཕྲོད་ཨར་སྐྲུན་རྒྱུ་ཆ་དང་འབྱུང་འཕྲོད་ཨར་ལས་བྱེད་སྟངས་ཁྱབ་གདལ་གཏོང་རྒྱུ། ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་དང་། ཁྲའེ་ཡིའུ་སྣུམ་སྤྱོད་ཟོག་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་། “འགྱིག་སྙིགས་ཀྱི་བཙོག་སྐྱོན”བཅོས་སྐྱོང་བཅས་འགྲིལ་འདེད་རྣམ་པའི་ལག་བསྟར་བྱེད་རྒྱུ་དང་། ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་འཁྱོངས་ཉིན་གྲངས་བསྡུར་ཚད་99%ཡན་ཟིན་པ་བྱེད་རྒྱུ།

སྐྱེ་ཁམས་ལས་གཞི་གལ་ཆེན་གཏིང་ཟབ་སྤེལ་རྒྱུ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ། “གཙང་གཉིས་ཆུ་བཞི”རྒྱུགས་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་དང་བྱེ་སྐྱོན་འགོག་བཅོས་སོགས་ཀྱི་གཙོ་གནད་ལས་གཞི་རྒྱུན་མཐུད་ནས་སྤེལ་རྒྱུ། གཙོ་གནད་ཆུ་བོ་རྒྱུགས་ཁུལ་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་སུ་ལུ་དཀར་གོང་ནས་ཟངས་རིའི་ཆུ་མཚམས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་སྔོན་གྲབས་ལས་ཀར་སྐུལ་འདེད་གཏོང་རྒྱུ། ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་ནས་འབྱུང་འཕྲོད་གནས་སྤོས་ལས་དོན་ཏན་ཏིག་སྤེལ་ཐོག སྲིན་པོ་རིའི་དུས་ཐེངས་གཉིས་པ་སོགས་ཀྱི་མང་ཚོགས་ཁྲི་3.2བརྟན་པོའི་ངང་སྤོ་སྡོད་ཐུབ་པ་དང་ལས་ཞུགས་ཐུབ་པ་བྱེད་རྒྱུ་དང་། གནས་སྤོ་ཐོན་ཡུལ་གྱི་ཕྱུགས་རིགས་བརྟན་པོའི་ངང་ཉུང་གཏོང་དང་ཕྱིར་འཐེན་ཡག་པོ་བྱས་ཏེ་བདག་མེད་སྲོག་ཆགས་ལ་གནམ་ས་གསར་པ་སྤྲོད་དགོས་པ་དང་། གནས་སྤོས་མང་ཚོགས་རྣམས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་བྱེད་རྒྱུ།

བརྒྱད། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཐའ་མཚམས་དར་རྒྱས་དང་བརྟན་ལྷིང་སྲ་བརྟན་དུ་གཏོང་རྒྱུ།

མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་འཆར་འགོད་བཟོས་ནས་ལག་བསྟར་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་རྒྱ་ལམ་འགྲིམ་འགྲུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གློག་དྲ་ཨ་མ་དང་སྒུལ་འཁྱེར་འཕྲིན་གཏོང་དྲ་རྒྱ་གང་མགྱོགས་ཁེབས་པ་བྱེད་རྒྱུ། མཐའ་མཚམས་རྫོང་གྲོང་ལ་དྲོད་གཏོང་ལས་གྲྭ་གང་མགྱོགས་སྤེལ་རྒྱུ། སྤྱི་པའི་ཞབས་ཞུ་དང་དོ་དམ་ཚན་པའི་ཁྱབ་བཀོད་ལེགས་སྒྱུར་བྱེད་རྒྱུ། མཐའ་མཚམས་ས་ཁུལ་དང་ལྟེ་བའི་ས་ཁུལ་དབར་གྱི་ཧེ་བག་སྔར་བས་ཆུང་དུ་གཏོང་རྒྱུ།

མི་འབོར་དང་དཔལ་འབྱོར་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་གྲོང་གསེབ་ཀྱི་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་དང་། རིན་མེད་སློབ་གསོ། དགེ་རྒན་གྱི་འཚོ་བའི་རོགས་དངུལ་ཚད་གཞི་བཅས་མཐོ་རུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་རྒྱུ། མཐའ་མིའི་ཁྲོམ་རའི་ཉོ་ཚོང་བྱེད་ས་ཚད་ལྡན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་ཚོང་དོན་འཁོར་རྒྱུག་བྱེད་ལམ་ཤར་གཏོང་ཐུབ་པ་བཟོས་ནས་མཐའ་མཚམས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་རྒྱུ། མཐའ་རྒྱུད་སྒོ་མོ་འབྱེད་མགྱོགས་སུ་གཏོང་བ་དང་མཐའ་མཚམས་ཡུལ་སྐོར་གོང་འཕེལ་བཏང་ཐོག མུག་ཟས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དྲག་པོའི་ས་ཁུལ་དང་། མཐའ་མཚམས་ཉོ་ཚོང་འགག་སྒོའི་ས་ཁུལ། ཕྱི་ཐོན་ལ་ཤུར་བགྲོད་ལམ་བཅས་གཙོ་གནད་ཁ་ཕྱོགས་གསུམ་མངོན་ཆེར་བཟུང་ནས་མི་འབོར་མཐའ་མཚམས་སུ་གནས་སྤོ་བྱེད་རྒྱུའི་ལས་དོན་ཏན་ཏིག་སྤེལ་རྒྱུ། མཐའ་མིའི་ཁ་གསབ་རོགས་དངུལ་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ་དང་། འཐབ་ས་དང་པོའི་མཐའ་མིར་ལོ་རེར་མི་རེར་ཆ་སྙོམས་ཚད་གཞི་མཐོ་ཤོས་ལ་སྒོར་ཁྲི་1.2ཟིན་པ་བྱེད་རྒྱུ།

དམག་དཔུང་དང་ས་གནས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། མཐའ་མཚམས་ས་ཁུལ་གྱི་དམག་དམངས་གཞི་གཅིག་ཅན་གྱི་ཆེད་དོན་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུ། མཐའ་མཚམས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཁག་གཅིག་དང་། དངོས་ཟོག་གྲབས་གསོག་དང་འཕྲལ་བསྟུན་བགོ་སྒྱུར་བཀོད་འདོམས་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ། རིག་ལྡན་མཐའ་སྲུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་ཚན་རྩལ་ལ་བརྟེན་ནས་མཐའ་མཚམས་དོ་དམ་དང་སྟངས་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་ཕྱི་དོན་སྐོར་གཡེང་ལམ་ལུགས་བཙུགས་ཏེ་འགོག་རགས་བརྟན་པོ་ཞིག་བཟོས་ནས་དམག་དམངས་ཀྱིས་མེས་རྒྱལ་མཐའ་མཚམས་མཉམ་འགོག་མཉམ་སྐྲུན་མཉམ་སྲུང་བཅས་བྱེད་པའི་ལེའུ་གསར་པ་ཞིག་རྩོམ་རྒྱུ།

དགུ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ།

ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། “རྟེན་འབྲེལ་འཁེལ་ཚད་ལ་འགོག་རྐྱེན་བཟོ་བ་དང་དུས་ཆེན་འཁེལ་ཚད་ལ་རྙོག་དྲ་སློང་བ”ནི་དགྲར་འཛིན་ཕྱོགས་གཏོགས་ཀྱིས་རྒྱུན་དུ་སྤྱོད་པའི་ཇུས་ངན་ཞིག་རེད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པར་ཁ་གཏད་ཧུར་ཐག་བཅག་སྟེ་ཆབ་སྲིད་བདེ་འཇགས་དང་སྲིད་དབང་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཐོག སྤྱི་ཡོངས་རང་བཞིན་གྱི་རང་འགུལ་དམ་འཛིན་ཐུབ་པ་བྱེད་རྒྱུ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྣམ་པ་འདྲ་མིན་རིགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྒོར་འགོག་ཟོན་དང་རྡུང་རྡེག་ཤུགས་ཆེ་བཏང་ཐོག “རང་འགུལ་གྱིས་བརྟན་ལྷིང་ཡོང་བ”བྱེད་པའི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་ནས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་སྲུང་བྱེད་རྒྱུ།

སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་བཟོ་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཚོད་ལྟ་གཏིང་ཟབ་བྱེད་རྒྱུ་དང་། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་གོང་འཕེལ་བཏང་ནས་ཉེན་ཁའི་རྐྱེན་རྩ་སེལ་རྒྱུ། ཆོས་ལུགས་བྱ་བ་དང་། དྲ་རྒྱའི་དོ་དམ། ཚབས་ཆེའི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པ་སོགས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་གང་མགྱོགས་བཟོ་འདོན་བྱེད་རྒྱུ། “གངས་དཀར་ལས་གཞི”དང“རིག་ལྡན་སྤྱི་བདེ”སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ། སྲིད་ཁྲིམས་དཔུང་ཁག་དང་ལྕགས་ལམ་སྲུང་སྐྱོང་དཔུང་ཁག་འཛུགས་སྐྱོང་དང་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གཏོང་འགོ་བཙུགས་ཐོག གཞི་རིམ་གྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་དངོས་གཉེར་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ།

བདེ་འཇགས་ངང་གོང་འཕེལ་གཏོང་བའི་མཐའ་ཚད་བརྟན་སྲུང་མཐའ་འཁྱོངས་བྱེད་རྒྱུ། རང་བྱུང་གནོད་འཚེའི་རིགས་ལ་ལྟ་དཔྱད་སྔོན་བརྡ་གཏོང་བ་དང་འགོག་བཅོས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། འཕྲལ་སྡོམ་སྔོན་ཇུས་ལག་བསྟར་དང་འཕྲལ་སྡོམ་རོགས་སྐྱོབ་མཉམ་སྒུལ་བྱེད་པའི་ལམ་སྲོལ་འཐུས་ཚང་བཟོ་རྒྱུ་དང་གཅིག་གྱུར་ལས་ཕྱོད་ཆེ་བའི་བཀོད་འདོམས་ལག་བསྟར་བྱེད་རྒྱུ། ས་མཐོ་ཡང་མཐོའི་མཁའ་འགྲུལ་རོགས་སྐྱོབ་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་དང་། རོགས་སྐྱོབ་དངོས་ཟོག་འགན་སྲུང་མ་ལག་འཐུས་ཚང་བཟོས་ཐོག་ཕྱོགས་བསྡུས་རྣམ་པའི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ཚད་ལྡན་དུ་འཛུགས་སྐྱོང་བྱེད་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྐྱོང་བྱེད་པའི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་བདེ་འཇགས་ངང་གོང་འཕེལ་གཏོང་བའི་དཔེ་མཚོན་འཛུགས་རྒྱུ། རྒྱ་ལམ་འགྲིམ་འགྲུལ་དང་། བཟའ་བཅའ་དང་སྨན་རྫས། མེ་ཟོན་དང་དམངས་སྤྱོད་འབར་རྫས་སོགས་ཀྱི་མང་ཚོགས་ཉེ་འགྲམ་གྱི་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་ནུས་ལྡན་ངང་སེལ་རྒྱུ། དཔལ་འབྱོར་འཁོར་སྐྱོད་བརྟན་སྙོམས་སྐྱོན་མེད་འགན་སྲུང་བྱས་ཏེ་སྒོར་དུང་ཕྱུར་95ཡན་གྱི་མངོན་མེད་བུ་ལོན་སེལ་ཐུབ་པ་བྱེད་རྒྱུ་དང་། སྒྲིག་ཚུད་རྫོང(ཆུས)སྲིད་གཞུང་གི་མངོན་མེད་བུ་ལོན་ཚང་མ་སེལ་ཐུབ་པ་བྱེད་རྒྱུ།

འཐུས་མི་རྣམ་པ། དུས་རབས་གསར་པར་ལས་འགན་གསར་པ་ཕྲག་ཏུ་ཁུར་དགོས་ལ་དུས་མཚམས་གསར་པར་རྣམ་པ་གསར་པའང་གཏོད་དགོས་ཀྱི་ཡོད། ང་ཚོས་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་དེ་བས་ཆེ་བ་བཅས་ཀྱི་བླང་བྱ་གཞིར་བཟུང་སྲིད་གཞུང་རང་ངོས་ལེགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།

ང་ཚོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་བཞག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “སྤྱི་ཡོངས་གཉིས”བློ་ལ་འཆང་བ་བཅས་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་མཛད་ཇུས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བརྩེ་སེམས་བརྟན་བཅངས་ཀྱིས་དཀའ་ངལ་དང་རྙོག་དྲའི་རིགས་སྲིད་གཞུང་ནས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་ཁེ་ཕན་རིགས་མང་ཚོགས་ལ་སྤྲད་དེ་ང་ཚོའི“དཀའ་སྤྱད་ཀྱི་སྟོན་གྲངས”ལ་བརྟེན་ནས་མི་དམངས་ཀྱི“བདེ་སྐྱིད་སྟོན་གྲངས”བཟོ་དགོས། ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་བཀུར་ཞུས་ཐོག ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རང་རྟོགས་ངང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་དང་། རང་རྟོགས་ངང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན། རང་རྟོགས་ངང་ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་ལྟ་སྐུལ་དང་ལེན། རང་འགུལ་ངང་སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་ལེན་དོན་འཁྱོལ་བྱས་ཐོག ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་རྒྱུན་མཐུད་ནས་ཤུགས་ཆེར་གཏོང་བ་དང་། གྱོད་གཞིར་བརྟེན་ནས་བསྒྱུར་བཅོས་བྱེད་རྒྱུ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ཐོག ལམ་ལུགས་ཀྱི་རླུང་གཟེབ་ཚགས་དམ་པོ་བཟོ་བ་དང་དབང་ཆ་འཁོར་སྐྱོད་ཚད་ལྡན་བཟོས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཅན་གྱིས་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་འཚོ་བ་སྐྱེལ་མཁས་པོ་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི་མི་གཏོང་ཀ་མེད་མིན་པ་དང་གཙོ་གནད་རྣམ་གྲངས་མིན་པའི་གཏོང་སྒོའི་རིགས་3%ཡན་ཉུང་དུ་གཏོང་རྒྱུ། དར་སྲོལ་བཟང་བ་དང་། ལས་བྱེད་པ་སྤྱོད་གཙང་། མང་ཚོགས་བློ་ཡིད་ཚིམ་པ་བཅས་ཀྱི་མི་དམངས་སྲིད་གཞུང་ཞིག་ལེགས་སྐྱོང་ཧུར་ཐག་བྱེད་དགོས།

འཐུས་མི་རྣམ་པ། མི་དམངས་ཀྱི་དམག་དཔུང་གཅིག་མེད་ན་མི་དམངས་ལ་དེ་བས་གང་ཡང་མེད། ང་ཚོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་དང་། དམག་དཔུང་དང་ས་གནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པའི་གཉིས་བཀུར་མཉམ་སྐྲུན་གཏིང་ཟབ་བྱས་ཐོག དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ཟམ་མི་ཆད་པར་སྲ་བརྟན་གོང་འཕེལ་གཏོང་བ་དང་། དམག་བཀུར་མདུན་སྐྱོར་གྱི་འགན་སྲུང་མ་ལག་འཐུས་ཚང་བཟོས་ཏེ་མི་དམངས་བུ་ཕྲུག་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།

ང་ཚོས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དམིགས་ནས་གང་མགྱོགས“ནང་དུ་གདན་འདྲེན་ཞུ་བ”དང“ཕྱི་ལ་བསྐྱོད་པ”དང་། ཧི་མ་ལ་ཡ་བརྒལ་བའི་སྣ་མང་མཉམ་འབྲེལ་མཉམ་མཐུད་བྱེད་པར་སྐུལ་འདེད་བཏང་ཐོག ལྷོ་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ས་ཁུལ་དབར་དང་དཔལ་འབྱོར་དང་། རིག་སྐྲུན། ཁོར་ཡུག་སྲུང་སྐྱོབ། སྨན་བཅོས་སོགས་ཀྱི་ཐད་སྤེལ་རེས་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་སྟེ། འཆམ་མཐུན་མཛའ་འབྲེལ་དང་མཉམ་ལས་གཉིས་ཕན་སྔར་བས་གཏིང་ཟབ་བྱེད་དགོས།

འཐུས་མི་རྣམ་པ། ད་ལོ་ནི་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པར་རྟེན་འབྲེལ་ཞུ་བའི་ལོ་ཞིག་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་རྟེན་འབྲེལ་བཟང་པོའི་ལོ་ཞིག་ཡིན། ང་ཚོས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ནས་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་བ་དང་། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། ང་ཚོས་དུས་ཐོག་ཏུ་སྤུས་ཚད་ལེགས་པོས་བོད་རང་སྐྱོང་ལྗོངས་སྨན་ཁང་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་པ། བོད་ལྗོངས་བཟོ་རྩལ་པའི་སློབ་གླིང་སོགས་གཙོ་གནད་དམངས་འཚོའི་ལས་གྲྭ་ཁག་12སྐྲུན་ཟིན་པ་བྱེད་རྒྱུ། ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་སྐུལ་སློང་བྱས་ཏེ་སེམས་ཤུགས་དེ་བས་རབ་ཏུ་འཕེལ་བ་དང་། ལས་དོན་དེ་བས་ཚགས་ཚུད་པ། བཀའ་དྲིན་ཚོར་སེམས་དེ་བས་ཆེ་བ་བཅས་ཀྱིས་བདེ་འཇགས་བརྟན་ལྷིང་དང་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པ་ཞིག་བཏོད་ཐོག བསྲི་ཚགས་དོན་གཉེར་གྱི་སྒོ་ནས་རྟེན་འབྲེལ་གྱི་བྱེད་སྒོ་ཁག་ཡག་པོ་གཉེར་དགོས།

འཐུས་མི་རྣམ་པ། རྒྱང་སྐྱོད་བགྲོད་ལམ་ཤིན་ཏུ་རིང་། འབད་འཐབ་བྱས་ན་གཞི་ནས་སླེབས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལས་དོན་ཏན་ཏིག་སྒྲུབ་པ་དང་འབད་འབུངས་ཡར་བརྩོན་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་འབད་འཐབ་ལྷོད་མེད་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།(རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།