ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཧུའུ་པེར་སྨན་བཅོས་རོགས་སྐྱོརདུ་ཕྱིན་པའི་མི་སྣ་དང་དེའི་བུ་ཕྲུག་ལ་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེར་སྨན་བཅོས་རོགས་སྐྱོར་དུ་ཕྱིན་པའི་ལས་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། སྨན་བཅོས་རོགས་སྐྱོབ་ལས་དོན་པས་སེམས་རྣལ་དུ་ཕབ་པ་དང་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་ལས་དོན་སྤེལ་བ། ཁོང་ཚོའི་བུ་ཕྲུག་གི་སློབ་གསོའི་ཐད་ཀྱི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་ཏན་ཏིག་བྱ་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས་ཟླ་2བའི་ཚེས་10ཉིན《མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་བཅོས་རོགས་སྐྱོར་ལས་དོན་མི་སྣ་དང་དེའི་བུ་ཕྲུག་ལ་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས། སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་དོན་ཚན་བརྒྱད་བཏོན་ཡོད་པ་སྟེ།  

གཟིགས་སྐྱོང་སྲིད་ཇུས་དང་པོ། བུ་ཕྲུག་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་དགོས་ཚེ། ཁྱིམ་བདག་གི་འདོད་བློ་ལྟར་ས་གནས་དེ་གའི་སློབ་གསོ་སྡེ་ཚན་གྱིས་ཐག་ཉེ་ས་དང་སྟབས་བདེའི་རྩ་དོན་གཞིར་བཟུང་། སྔོན་ལ་གཞུང་བཙུགས་བུ་བཅོལ་ཁང་ངམ་ཡང་ན་ཀུན་ཕན་རང་བཞིན་གྱི་དམངས་བཙུགས་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱེད་དགོས།

གཟིགས་སྐྱོང་སྲིད་ཇུས་གཉིས་པ། བུ་ཕྲུག་འོས་འགན་སློབ་གསོའི་སློབ་གྲྭ་འགྲིམ་དགོས་ན། ཁྱིམ་བདག་དང་སློབ་མའི་འདོད་བློ་ལྟར་ཕ་མ་དང་། སྤོ་བོ་རྨོ་བོ། ཕ་མེས་ཡང་མེས་ཀྱི་ཁྱིམ་ཐོ་ཡོད་སའི་རྫོང་(ལྗོངས་དང་། གྲོང་ཁྱེར། སྲིད་འཛིན་ཨུ་ལྷན)དུ་ས་གནས་དེ་གའི་སློབ་གསོ་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་བྱས་ཏེ། ཁོངས་གཏོགས་ས་ཁུལ་དོ་དམ་དང་སྟབས་བདེ་ཐག་ཉེ་སའི་རྩ་དོན་ལྟར། སྔོན་ལ་གཞུང་བཙུགས་འོས་འགན་སློབ་གསོའི་སློབ་གྲྭར་བཀོད་སྒྲིག་བྱེད་དགོས།

གཟིགས་སྐྱོང་སྲིད་ཇུས་གསུམ་པ། བུ་ཕྲུག་གིས་ས་གནས་དེ་གའི་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་སྦྱོང་བྱེད་དགོས་ཚེ། སློབ་མའི་འབྲིང་རྒྱུགས་ཀྱི་སྦྱངས་འབྲས་གཞིར་བཟུང་ཁྱིམ་བདག་དང་སློབ་མའི་འདོད་འདུན་ལྟར་ས་གནས་དེ་གའི་སློབ་གསོ་སྡེ་ཁག་གི་རིམ་མཚུངས་སློབ་བསྡུའི་ཁྲོད་ལྟ་སྐྱོང་ངེས་ཅན་བྱེད་དགོས།

གཟིགས་སྐྱོང་སྲིད་ཇུས་བཞི་པ། བུ་ཕྲུག་ཞིང་ཆེན་ནང་ཁུལ་དུ་འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་སྦྱོང་བྱེད་མཁན་ལ། ས་གནས་དེ་གའི་སློབ་གསོ་སྡེ་ཁག་གིས་འབྲེལ་ཡོད་འབྲིང་རིམ་ལས་རིགས་སློབ་གྲྭས་མཉམ་དུ་ཁྱིམ་བདག་དང་སློབ་མའི་འདོད་མོས་ལྟར་ཐད་ཀར་བསྡུ་ཆོག་པ་དང་། འབྲེལ་ཡོད་སྲིད་ཇུས་ཀྱི་ཆ་རྐྱེན་དང་མཐུན་པ་དང་འབྲེལ། 2020ལོར་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭར་རྒྱུགས་སྤྲོད་སྐབས། ཆ་རྐྱེན་གཅིག་མཚུངས་འོག་ལྗང་མདོག་བགྲོད་ལམ་བཏོད་དེ། རྒྱུགས་སྤྲོད་སློབ་མའི་འདུན་པ་ལ་གཞིགས་ནས་རྒྱུགས་སྤྲོད་མི་དགོས་པར་བསྡུ་བ་དང་། ཆེད་ལས་སྔོན་ལ་གདམ་ག་བྱས་ཆོག

གཟིགས་སྐྱོང་སྲིད་ཇུས་ལྔ་པ། བུ་ཕྲུག་ཞིང་ཆེན་ཕྱི་ནང་གི་ཡུལ་གཞན་དུ་སློབ་གྲྭ་འགྲིམས་ནས་སློབ་སྦྱོང་བྱེད་མཁན་ལ། སློབ་ཁུངས་ཀྱི་སློབ་གསོ་སྡེ་ཁག་གིས་སྔོན་ལ་བཀོད་སྒྲིག་བྱེད་དགོས།

གཟིགས་སྐྱོང་སྲིད་ཇུས་དྲུག་པ། བུ་ཕྲུག་སློབ་གྲྭར་སྡོད་རིང་། དེ་གནས་སའི་སློབ་གྲྭས་ཆེད་ལས་དགེ་རྒན་བཀོད་སྒྲིག་བྱས་ནས་མི་ཆོས་ཐུགས་ཁུར་བྱེད་པ་དང་། སེམས་ཁམས་ཁྲིད་སྟོན་དང་སློབ་ཚན་ཟུར་ཁྲིད་སོགས་ཀྱི་རོགས་རམ་བྱེད་དགོས་པ་མ་ཟད། སློབ་མའི་དགོས་མཁོར་གཞིགས་ནས་སློབ་ཡོན་མི་དགོས་པར་མངགས་བཅོལ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

གཟིགས་སྐྱོང་སྲིད་ཇུས་བདུན་པ། བུ་ཕྲུག་མཐོ་རྒྱུགས་དཀྱུས་མར་ཞུགས་མཁན་ལ་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་དང་ཡིག་རྒྱུགས་ཁུལ་གྱི་སློབ་བསྡུ་གཞུང་དོན་ཁང་གིས་བསྡོམས་རྩིས་དེབ་བཟོས་ཏེ་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས། དེའི་མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་རྒྱུགས་སྤྲོད་གྲ་སྒྲིག་དང་། རྒྱུགས་སྤྲོད་པ། རེ་འདུན་འབྲི་བ། སློབ་མ་བསྡུ་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཆེད་དོན་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། ཞིང་ཆེན་ནང་ཁུལ་གྱི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དཀྱུས་མར་བསྡུ་སྐབས་ད་ལྟ་ལག་བསྟར་བྱེད་བཞིན་པའི་འབྲེལ་ཡོད་སྲིད་ཇུས་དང་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག རྒྱུགས་སྤྲོད་སློབ་མའི་འདོད་མོས་གཞིར་བཟུང་ཆེད་ལས་སྔོན་ལ་ལེགས་སྒྲིག་བྱས་ཆོག

གཟིགས་སྐྱོང་སྲིད་ཇུས་བརྒྱད་པ། 2020ལོར་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་སྨན་བཅོས་རུ་མིར་ཞིང་ཆེན་ཡིག་རྒྱུགས་ཁང་གིས་འབྲེལ་ཡོད་སློབ་བསྡུ་ལས་ཁུངས་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས། བསྐྱར་རྒྱུགས་དང་སྙོམས་སྒྲིག་སོགས་ཀྱི་ཐད་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས། རང་རེའི་ཞིང་ཆེན་གྱི་མཐོ་སློབ་ལ་རྒྱུགས་སྤྲོད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མཐུན་པར་བསྐྱར་རྒྱུགས་ནང་ཞུགས་མཁན་རྣམས། སློབ་བསྡུའི་འཆར་གཞིའི་ཆོག་འཐུས་ཁྱབ་ཁོངས་ནང་སྔོན་ལ་བསྡུ་རྒྱུ་ཡིན་པ་རེད། 

གོང་གི་སྲིད་ཇུས་དེ་དག་2020ལོའི་ཟླ་12ཚེས་31ཉིན་བར་དུ་ལག་བསྟར་བྱ་རྒྱུ།(རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་2021ལོའི་ཟླ་6ཚེས་30ཉིན་བར་ནར་འགྱངས་བྱེད་ཆོག) ཧུའུ་པེར་སྨན་བཅོས་རོགས་སྐྱོར་དུ་ཕྱིན་པའི་ལས་དོན་མི་སྣའི་མིང་ཐོ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་ནས་མཁོ་འདོན་བྱེད་པ་དང་། ཞིང་ཆེན་སློབ་གསོ་ཐིང་གིས་ས་གནས་ཁག་གི་སློབ་གསོ་ཅུའུ་རུ་ཁག་བགོས་ནས་དོན་འཁྱོལ་བྱེད་དགོས། མི་སྒེར་གང་རུང་གིས་སྤྲད་པའི་བདེན་དཔང་རྒྱུ་ཆ་དང་། དཔང་ཡིག་སོགས་བརྡ་ཐོ་འདི་ལག་བསྟར་བྱ་བའི་བདེན་དཔང་དུ་མི་བརྩི། ལག་བསྟར་བྱེད་པའི་གོ་རིམ་ཁྲོད་བསམ་འཆར་མི་མཐུན་པ་ཡོད་ན་ཞིང་ཆེན་སློབ་གསོ་ཐིང་གིས་འགན་ཁུར་ནས་འགྲེལ་བཤད་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།