ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2005ལོའི་ཟླ9ཚེས28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བ།2019ལོའི་ཟླ7ཚེས31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་དག་བཅོས་བྱས)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

[2019]ཡིག་ཨང7པ།

དཀར་ཆག

ལེའུ་དང་པོ། སྤྱིའི་རྩ་དོན།

ལེའུ་གཉིས་པ། སྒྲིག་འཛུགས་དོ་དམ་དང་འགན་སྲུང་བྱ་ཐབས།

ལེའུ་གསུམ་པ། སྤྱི་ཚོགས་ཀྱི་འགན་འཁྲི།

ལེའུ་བཞི་པ། ཚན་རྩལ་ཁྱབ་གདལ་རྩ་འཛུགས་དང་ཚན་རྩལ་ཁྱབ་གདལ་ལས་བྱ།

ལེའུ་ལྔ་པ། བྱ་དགའ་ཆད་གཅོད།

ལེའུ་དྲུག་པ། ཞར་བྱུང་།

《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི2019ལོའི་ཟླ7ཚེས31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས།  ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུའི་ཆེད་དོན་སྤྱི་བསྒྲགས་སྤེལ་རྒྱུ་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས། 2019ཟླ8ཚེས6ལ།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཚན་སློབ་ལ་བརྟེན་ནས་བོད་དར་རྒྱས་གཏོང་རྒྱུ་དང་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་ཤུགས་སྣོན་གྱིས་སྤྱི་དམངས་ཀྱི་ཚན་རིག་རིག་གནས་བྱང་ཚད་གོང་མཐོར་གཏོང་རྒྱུ་དང་། དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས》གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ། ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་དང་སྤྱི་དམངས་བཅས་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ(གཤམ་དུ་ཚན་རྩལ་ཁྱབ་གདལ་ཞེས་བསྡུ་རྒྱུ)གཏོང་རྒྱུའི་ལས་དོན་དང་བྱེད་སྒོ་སྤེལ་སྐབས་བྱ་ཐབས་འདི་བེད་སྤྱོད་གཏོང་རྒྱུ།

དོན་ཚན་གསུམ་པ། ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་ནི་སྤྱི་ཕན་གྱི་བྱ་གཞག་ཞིག་ཡིན་ལ། ཚན་རིག་ལག་རྩལ་ལས་དོན་གྱི་གལ་ཆེའི་གྲུབ་ཆ་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུའི་གལ་ཆེའི་ནང་དོན་ཞིག་ཀྱང་ཡིན། ཚན་རྩལ་ཁྱབ་གདལ་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་ནི་རང་སྐྱོང་ལྗོངས་ཀྱི་ཡུན་རིང་གི་ལས་འགན་ཞིག་ཡིན།

ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་སྤེལ་སྐབས་ངེས་པར་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱིས་ཐེ་ཞུགས་བྱས་པའི་ཡུན་རིང་དང་། བརྟན་འཁྱོངས། ནུས་ལྡན་བཅས་ཀྱི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་མཛད་ཕྱོགས་ལག་བསྟར་བྱས་ཐོག ཁྱབ་གདལ་གཏོང་རྒྱུ་དང་གོང་འཕེལ་གཏོང་རྒྱུ་ཟུང་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ཐད་ཕྱི་ཕྱོགས་ལ་སྤེལ་རེས་དང་མཉམ་ལས་བྱེད་རྒྱུར་རྒྱབ་སྐྱོར་དང་སྐུལ་སྤེལ་གཏོང་དགོས་པ་དང་ཞིང་འབྲོག་དང་། མཐའ་མཚམས་དབུལ་ཕོངས་ས་ཁུལ་གྱི་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་རོགས་སྐྱོར་བྱེད་རྒྱུ།

ལེའུ་གཉིས་པ། སྒྲིག་འཛུགས་དོ་དམ་དང་འགན་སྲུང་བྱ་ཐབས།

དོན་ཚན་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་ལ་འགོ་ཁྲིད་བྱས་ནས་ངེས་པར་དུ་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞིའི་ནང་བཅུག་ཐོག སྲིད་འཛིན་དོ་དམ་ལ་ཤུགས་སྣོན་དང་། ནོར་སྲིད་ཡོང་འབབ་འཕར་སྣོན། ཚང་སྒྲིག་བྱ་ཐབས་བཟོ་བ་བཅས་བྱས་ཏེ་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་ཀར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་དགོས།

རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྣེ་འཁྲིད་དེ་གོང་འཕེལ་སྒྱུར་བཅོས་དང་། སློབ་གསོ། རིག་གནས།  ཞིང་ལས་གྲོང་གསེབ། འཕྲོད་བསྟེན་བདེ་ཐང་། སྐྱེ་ཁམས་ཁོར་ཡུག ཚན་རིག་ལག་རྩལ་མཐུན་ཚོགས། གསར་འགྱུར་མཚམས་སྦྱོར་སོགས་ཚན་པ་ཞུགས་པའི་ཚན་རྩལ་ཁྱབ་གདལ་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ནས་ཚན་རྩལ་ཁྱབ་གདལ་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་། དོ་དམ། སྒྲིག་འཛུགས་མཐུན་སྦྱོར་བཅས་བྱེད་དགོས། ལྷ་ས་གྲོང་ཁྱེར་དང་། ས་གནས་སྲིད་འཛིན་ཀུང་ཧྲུའུ་ཁག རྫོང(གྲོང་ཁྱེར་དང་ཆུད)ཁག་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཚན་རྩལ་ཁྱབ་གདལ་གྱི་ལས་དོན་ཐད་མཐུན་སྦྱོར་བྱེད་ལམ་འཛུགས་དགོས།

དོན་ཚན་ལྔ་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚན་རིག་ལག་རྩལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེའི་ནང་གི་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་འགན་འཁྲི་འཁུར་དགོས་པ་དང་། དེའི་འགན་འཁྲི་གཙོ་བོ་ནི་ཚན་རྩལ་ཁྱབ་གདལ་ལས་དོན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཚན་རྩལ་ཁྱབ་གདལ་དང་གོང་འཕེལ་གཏོང་རྒྱུའི་འཆར་གཞི་བཟོ་བ། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཚན་རྩལ་ཁྱབ་གདལ་ལས་དོན་ལ་མཛུབ་ཁྲིད་དང་། མཐུན་སྦྱོར། ཞིབ་བཤེར། ལྟ་སྐུལ་བཅས་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སྲིད་འཛིན་སྡེ་ཚན་གཞན་དག་གིས་རང་སོ་སོའི་འགན་ཁོངས་གཞིར་བཟུང་ཁྱབ་གདལ་གཏོང་རྒྱུའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་དགོས།

དོན་ཚན་དྲུག་པ། ཚན་རིག་ལག་རྩལ་མཐུན་ཚོགས་ནི་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་ཀའི་སྤྱི་ཚོགས་སྟོབས་ཤུགས་གཙོ་བོ་ཞིག་ཡིན། ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་རྩ་འཛུགས་ཀྱི་ཁྱད་ཡོན་དང་ཚན་རྩལ་ཁྱབ་གདལ་དྲ་རྒྱའི་ནུས་པ་བེད་སྤྱོད་དང་འདོན་སྤེལ་བྱེད་དགོས་ལ། སྲིད་གཞུང་གིས་ཚན་རྩལ་ཁྱབ་གདལ་ལས་ཀའི་འཆར་གཞི་དང་འཆར་འགོད་བཟོ་རྒྱུར་གཞོགས་འདེགས་བྱེད་དགོས་པ། རང་ཁོངས་གཏོགས་ཀྱི་ཆེད་ལས་ལག་རྩལ་མཐུན་ཚོགས་དང་རིག་གཞུང་སློབ་ཚོགས། ཞིབ་འཇུག་གྲོས་ཚོགས་སོགས་ཚོགས་པའི་ཚན་རྩལ་ཁྱབ་གདལ་ལས་དོན་ལ་སྒྲིག་འཛུགས་དོ་དམ་དང་འགན་བབ་ལས་ཀར་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་ཀྱི་འབྲེལ་ཡོད་རྩ་འཛུགས་དང་ཁེ་ལས་བྱ་གཞག་ཚན་པ་དང་དེ་བཞིན་མི་སྒེར་བཅས་ཀྱིས་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། མང་ཚོགས་རང་བཞིན་དང་། སྤྱི་ཚོགས་རང་བཞིན། རྒྱུན་ལྡན་རང་བཞིན་བཅས་ལྡན་པའི་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་རྒྱུའི་སྒྲིག་འཛུགས་བྱེད་དགོས།

དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཚན་རྩལ་ཁྱབ་གདལ་ཐད་ཀྱི་གྲོན་དངུལ་དེ་རིམ་མཚུངས་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་ནས་ཆེད་དངུལ་ཆེད་སྤྱོད་བྱེད་དགོས་པ་དང་། ནོར་སྲིད་ཡོང་འབབ་འཕར་བ་དང་ཆབས་ཅིག་ཚན་རྩལ་ཁྱབ་གདལ་གྱི་གཏོང་ཆ་རིམ་བཞིན་སྤར་ནས་ཚན་རྩལ་ཁྱབ་གདལ་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་སྲུང་བྱེད་དགོས།

འཕྲོད་བསྟེན་བདེ་ཐང་དང་། སློབ་གསོ། རིག་གནས། ལུས་རྩལ། ཞིང་ལས་གྲོང་གསེབ། ནགས་ལས་དང་རྩྭ་ཐང་། ཆུ་བེད། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས། གནམ་དཔྱད། ས་ཡོམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རྩལ་ཁྱབ་གདལ་ལས་དོན་ཐད་གྲོན་དངུལ་ངེས་ཅན་གཏོང་རྒྱུའི་བཀོད་སྒྲིག་བྱེད་དགོས།

དོན་ཚན་བརྒྱད་པ། ཚན་རྩལ་ཁྱབ་གདལ་གྱི་གྲོན་དངུལ་དེ་གཙོ་བོ་ཚན་རྩལ་ཁྱབ་གདལ་བྱེད་སྒོ་དང་ཚན་རྩལ་ཁྱབ་གདལ་གྱི་སྦྱོང་བརྡར་ཐད་བཏང་ནས་ཚན་རྩལ་ཁྱབ་གདལ་སྐོར་གྱི་ཀློག་དེབ་རྩོམ་འབྲི་དང་། རྩོམ་སྒྱུར། དཔེ་སྐྲུན། ཚན་རྩལ་ཁྱབ་གདལ་གྱི་གློག་བརྙན་བརྙན་འཕྲིན་གསར་བཟོ། ཚན་རྩལ་ཁྱབ་གདལ་ཐད་ཀྱི་རིགས་གཞུང་ཞིབ་འཇུག་སོགས་བྱེད་རྒྱུའི་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་རོགས་དངུལ་གཏོང་དགོས། ཚན་རྩལ་ཁྱབ་གདལ་གྱི་གྲོན་དངུལ་བེད་སྤྱོད་གཏོང་རྒྱུའི་ཐད་རང་དང་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་དང་། རྩིས་བཤེར་སྡེ་ཚན་གྱིས་ལྟ་སྐུལ་དང་རྩིས་བཤེར་བྱེད་རྒྱུར་དང་ལེན་བྱེད་དགོས། ཚན་པ་དང་མི་སྒེར་སུ་ཞིག་གིས་ཚན་རྩལ་ཁྱབ་གདལ་གྱི་གྲོན་དངུལ་ཟུར་འཐེན་དང་གཞན་སྤྱོད་བྱེད་མི་ཆོག

དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ལྷ་ས་གྲོང་ཁྱེར། ཆ་རྐྱེན་ཡོད་པའི་ས་གནས་སྲིད་འཛིན་ཀྲུང་ཧྲུའུ། རྫོང་རིམ་པའི་མི་དམངས་སྲིད་གཞུང་བཅས་ཀྱི་ཚན་རྩལ་ཁྱབ་གདལ་ཁང(ས་ཚིགས)དང་སྒྲིག་བཀོད་འཛུགས་སྐྱོང་བྱེད་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་དང་གཞི་རྩའི་འཛུགས་སྐྲུན་འཆར་འགོད་ནང་འཇུག་རྒྱུ་དང་། སྲིད་གཞུང་ནས་མ་དངུལ་བཏང་སྟེ་འཛུགས་སྐྱོང་བྱས་པའི་ཚན་རྩལ་ཁྱབ་གདལ་ཁང(ས་ཚིགས)དང་སྒྲིག་བཀོད་ལ་རིམ་མཚུངས་ནོར་སྲིད་ནས་ཉམས་བཟོ་དང་སྒྱུར་བཀོད། རྒྱུན་གཏན་བདག་སྐྱོང་བཅས་བྱེད་རྒྱུར་དགོས་ངེས་ཀྱི་གྲོན་དངུལ་བཀོད་སྒྲིག་བྱས་ཏེ་དེ་དག་རྒྱུན་གཏན་བཞིན་འཁོར་རྒྱུག་ཐུབ་པའི་འགན་སྲུང་བྱེད་དགོས།

སྲིད་གཞུང་ནོར་སྲིད་ནས་མ་དངུལ་བཏང་སྟེ་འཛུགས་སྐྱོང་བྱས་པའི་ཚན་རྩལ་ཁྱབ་གདལ་ཁང(ས་ཚིགས)དེ་ལོ་འཁོར་མར་སྤྱི་དམངས་ལ་སྒོ་ཕྱེ་རྒྱུ་དང་། ལོ་ཆུང་གཞོན་ནུར་དམིགས་བསལ་ལྟ་སྐྱོང་བྱེད་དགོས་པ་ལས་རང་དགར་སྤྱོད་གོ་གཞན་དག་བྱེད་མི་ཆོག

ཚན་རྩལ་ཁྱབ་གདལ་ཁང(ས་ཚིགས)འཛུགས་རྒྱུའི་ཆ་རྐྱེན་མེད་པའི་ས་ཁུལ་དུ་ད་ཡོད་ཀྱི་ཚན་རྩལ་དང་། སློབ་གསོ། རིག་གནས་སོགས་ཀྱི་སྒྲིག་བཀོད་བེད་སྤྱོད་བྱས་ཏེ་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་རྒྱུ་དང་སྦྲགས་ཚན་རྩལ་ཁྱབ་གདལ་གྱི་བར་ཁྱམས་དང་སྟེགས་སྒྲོམ་སོགས་བཟོ་དགོས།

དོན་ཚན་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ནས་ཚན་རྩལ་ཁྱབ་གདལ་བྱ་གཞག་གསར་གཉེར་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། ཐབས་རྣམ་སྣ་ཚོགས་ཀྱི་ཐོག་ནས་མ་དངུལ་གྲབས་གསོག་གིས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུར་སྐུལ་ལྕག་གཏོང་དགོས།

དོན་ཚན་བཅུ་གཅིག་པ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཚན་རྩལ་ཁྱབ་གདལ་བྱ་གཞག་འཛུགས་གཉེར་རམ་ཡང་ན་མ་དངུལ་བཏང་ནས་ཚན་རྩལ་ཁྱབ་གདལ་ཁང(ས་ཚིགས)གི་སྒྲིག་བཀོད་འཛུགས་སྐྱོང་བྱས་པར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་ཚན་རྩལ་ཁྱབ་གདལ་བྱ་གཞག་ཐད་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག

དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱི་ཚན་རྩལ་དང་། ཞིང་ལས་གྲོང་གསེབ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་གྱིས་ངེས་པར་དུ་ཞིང་འབྲོག་ཁུལ་དང་མཐའ་མཚམས་དབུལ་ཕོངས་ས་ཁུལ་དུ་སྐྱོད་ནས་ཚན་རྩལ་ཁྱབ་གདལ་སྐོར་དྲིལ་བསྒྲགས་དང་ཚན་རྩལ་སྦྱོང་བརྡར་སོགས་བྱེད་རྒྱུའི་ལས་དོན་སྤེལ་དགོས།

ལེའུ་གསུམ་པ། སྤྱི་ཚོགས་ཀྱི་འགན་འཁྲི།

དོན་ཚན་བཅུ་གསུམ་པ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་ནུས་ལྡན་སྤྱད་ནས་ཚན་རྩལ་ཁྱབ་གདལ་གྱི་ལས་བྱའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས།

དོན་ཚན་བཅུ་བཞི་པ། རིམ་ཁག་རིགས་ཁག་གི་སློབ་གྲྭ་དང་སློབ་གསོའི་སྒྲིག་གཞི་གཞན་དག་གིས་ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་སློབ་གསོའི་ནང་དོན་ནང་བཅུག་ནས་དགེ་སློབ་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་རྒྱུར་རོགས་སྐྱོར་དང་སྒྲིག་འཛུགས་བྱེད་པ་དང་། ཚན་རྩལ་སྐོར་གྱི་ཆེད་རྩོམ་རྩོམ་འབྲི་དང་། ཚན་རྩལ་གསར་གཏོད། ཚན་རྩལ་འགྲན་བསྡུར། ཚན་རྩལ་རྟོག་ཞིབ་སོགས་བྱེད་པའི་སློབ་གསེང་གི་བྱེད་སྒོ་སྤེལ་རྒྱུ། ཚན་རྩལ་ཁང་(ས་ཚིགས)དང་། ཚན་རྩལ་བྱེད་སྒོའི་ལྟེ་གནས། དེ་མིན་གྱི་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་བཅས་ཀྱིས་གཞོན་ནུ་དང་ལོ་ཆུང་གི་སློབ་ཕྱིའི་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་དགོས།

དོན་ཚན་བཅོ་ལྔ་པ། ཚན་ཞིབ་ཁང་དང་། ཆེད་ལས་སློབ་གྲྭ་ཆེ་འབྲིང་། སྨན་བཅོས་འཕྲོད་བསྟེན་ཚན་པ། སྤྱི་ཚོགས་ཚོགས་པ་བཅས་ཀྱི་ཚན་རྩལ་ལས་དོན་པ་དང་། དགེ་རྒན། སློབ་ཕྲུག སྨན་བཅོས་འཕྲོད་བསྟེན་ལས་དོན་པ་བཅས་ནས་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་རྒྱུ་དང་། ཚན་རྩལ་ཁྱབ་གདལ་སྐོར་དྲིལ་བསྒྲགས་བྱེད་རྒྱུར་རོགས་སྐྱོར་དང་སྒྲིག་འཛུགས་བྱེད་དགོས། མང་ཚོགས་ཚོར་ཚན་རྩལ་ཁྱབ་གདལ་སློབ་གསོ་སྤེལ་རྒྱུར་འཚམ་པོ་ཡོད་པའི་ཚན་ཞིབ་རྟེན་གཞི་དང་། ཚོད་ལྟ་ཁང་། བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས། དངོས་དཔེ་ཁང་། སྒྲིག་གཤོམ་ཁང་སོགས་སྤྱི་ཚོགས་ལ་སྒོ་མོ་འབྱེད་དགོས།

དོན་ཚན་བཅུ་དྲུག་པ། ཕྱོགས་བསྡུས་ཚགས་པར་དང་དུས་དེབ་ཁང་གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཚན་རྩལ་ཁྱབ་གདལ་ཆེད་སྒྲིག་ལེ་ཚན་དང་། ཆེད་སྒྲིག་པར་ངོས་བཟོ་བ་དང་། རྒྱང་བསྒྲགས་དང་བརྙན་འཕྲིན་ཁང་གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཚན་རིག་ཁྱབ་གདལ་སྐོར་གྱི་མཚན་བྱང་དང་ལེ་ཚན་བཟོ་བ་། བརྙན་འཕྲིན་དང་། འགྲེམས་སྤེལ། གློག་བརྙན། པར་སྐྲུན་བཅས་ཀྱི་སྒྲིག་གཞི་བཙུགས་ཏེ་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་། མང་ཚོགས་སྒྱུ་རྩལ་ཁང་། འགྲེམས་སྟོན་ཁང་། རིག་གནས་ཁང་། ལོ་ཆུང་གཞོན་ནུའི་ཕོ་བྲང་སོགས་རིག་གནས་བྱེད་སྒོ་སྤེལ་ཡུལ་དང་ཕྱོགས་བསྡུས་དྲ་ཁང་གིས་རང་ངོས་ཀྱི་ལས་སྒོ་དང་ཟུང་འབྲེལ་བྱས་ཏེ་ཚན་རྩལ་ཁྱབ་གདལ་སྐོར་གྱི་དྲིལ་བསྒྲགས་ནང་དོན་མང་དུ་བཏང་ནས་ཚན་རྩལ་ཁྱབ་གདལ་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་དགོས།

དོན་ཚན་བཅུ་བདུན་པ། འཕྲོད་བསྟེན་བདེ་ཐང་དང་། སློབ་གསོ། རིག་གནས། ལུས་རྩལ། ཞིང་ལས་གྲོང་གསེབ། ནགས་ལས་དང་རྩྭ་ཐང་། ཆུ་བེད། མི་རིགས། ཆོས་ལུགས། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས། གནམ་དཔྱད། ས་ཡོམ། རིག་དངོས། ཡུལ་སྐོར་སོགས་རྒྱལ་ཁབ་ལས་ཁུངས་དང་བྱ་གཞག་ཚན་པས་རིགས་ཁག་གི་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་བྱེད་རྒྱུའི་ནང་ཞུགས་ཐོག་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་དགོས།

དོན་ཚན་བཅོ་བརྒྱད་པ། བཟོ་ཚོགས་དང་། གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྤྱི་ཚོགས་ཚོགས་པས་ངེས་པར་དུ་རང་ཉིད་ཀྱི་ལས་དོན་སྤེལ་ཡུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་དགོས།

དོན་ཚན་བཅུ་དགུ་པ། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་རྒྱུ་དང་ལས་བཟོའི་ནུས་རྩལ་སྦྱོང་བརྡར་སྤྲོད་རྒྱུ་གཉིས་ཟུང་འབྲེལ་བྱས་ནས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་དགོས།

དོན་ཚན་ཉི་ཤུ་པ། ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་ཀྱིས་ཚན་རྩལ་གཤམ་སྤེལ་སོགས་ཀྱི་བྱེད་སྒོ་སྤེལ་ཐོག་ས་ཁུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་རྒྱུར་དམིགས་ཏེ་ཤང་གྲོང་གི་ཚན་རྩལ་ཁྱབ་གདལ་རྩ་འཛུགས་དང་གྲོང་གསེབ་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་གྱིས་ཚན་རྩལ་ཁྱབ་གདལ་ལས་དོན་སྤེལ་དགོས།

རིགས་ཁག་གི་གྲོང་གསེབ་ཀྱི་དཔལ་འབྱོར་རྩ་འཛུགས་དང་། ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་ལས་ཁུངས། གྲོང་གསེབ་ཀྱི་ཆེད་ལས་ལག་རྩལ་མཐུན་ཚོགས་བཅས་ཀྱིས་སྔོན་ཐོན་གོ་ཆོད་ཀྱི་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་ཚན་རིག་ལག་རྩལ་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་དགོས།

དོན་ཚན་ཉེར་གཅིག་པ། གྲོང་ཁྱེར་གྲོང་རྡལ་གྱི་གཞི་རིམ་རྩ་འཛུགས་དང་སྡེ་ཁུལ་གྱིས་རང་གནས་སའི་ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། ཡུལ་སྐོར་སོགས་ཀྱི་ཐོན་ཁུངས་སྤྱད་ཐོག་ཡུལ་མིའི་འཚོ་བ་དང་། སློབ་སྦྱོང་། བདེ་ཐང་། རོལ་རྩེད་སོགས་ཀྱི་དགོས་མཁོར་གཞིགས་ནས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་དགོས།

དོན་ཚན་ཉེར་གཉིས་པ། སྤྱི་གླིང་དང་། ཁྲོམ་ར། གནམ་ཐང་། རླངས་འཁོར་བབས་ཚུགས་སོགས་རིགས་ཁག་གི་མི་འདུ་འཛོམས་བྱེད་ཁུལ་གྱི་བདག་སྐྱོང་དོ་དམ་ཚན་པས་རང་ཉིད་ཀྱི་གཏོགས་ཁོངས་ནང་ཚན་རྩལ་ཁྱབ་གདལ་སྐོར་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

ལེའུ་བཞི་པ། ཚན་རྩལ་ཁྱབ་གདལ་རྩ་འཛུགས་དང་ཚན་རྩལ་ཁྱབ་གདལ་ལས་བྱ།

དོན་ཚན་ཉེར་གསུམ་པ། ཚན་རྩལ་ཁྱབ་གདལ་རྩ་འཛུགས་ཀྱི་ཁོངས་གཏོགས་ནི།

(གཅིག)ཚན་རིག་ལག་རྩལ་མཐུན་ཚོགས་དང་། ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་ལས་འགན་གཙོ་བོ་བྱས་པའི་རིག་གཞུང་སློབ་ཚོགས་དང་། མཐུན་ཚོགས། ཞིབ་འཇུག་ཚོགས་པ་། ཚན་རྩལ་ཁྱབ་གདལ་དང་བླངས་རྩ་འཛུགས་བཅས་དང་།

(གཉིས)ཚན་རྩལ་ཁྱབ་གདལ་ཐད་ཀྱི་ཞིབ་འཇུག་དང་། རྩོམ་འབྲི། རྩོམ་སྒྱུར། སློབ་གསོ། འགྲེམས་སྟོན། དཔེ་སྐྲུན་སོགས་ཀྱི་ཆེད་དོན་ལས་དོན་སྒྲུབ་མཁན་བྱ་གཞག་ཚན་པ་དང་སྤྱི་ཚོགས་ཚོགས་པ།

(གསུམ)ཞིང་འབྲོག་ཁུལ་དང་ཁེ་ལས་ལ་ཐད་ཀར་ཁ་ཕྱོགས་པའི་རིགས་ཁག་གི་ལག་རྩལ་ཁྱབ་གདལ་དང་སྦྱོང་བརྡར་སྤྲོས་མཁན་ལས་ཁུངས།

(བཞི)སྤྱི་ཚོགས་སྟོབས་ཤུགས་ཀྱིས་འཛུགས་གཉེར་བྱས་པའི་ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་གཙོ་བོར་བྱས་པའི་ལས་སྒོའི་སྒྲིག་གཞི་བཅས་ཡིན།

དོན་ཚན་ཉེར་བཞི་པ། ཚན་རྩལ་ཁྱབ་གདལ་རྩ་འཛུགས་ལ་གཤམ་གསལ་གྱི་དབང་ཆ་ཡོད་པ་སྟེ།

(གཅིག)རང་ཚུགས་ཀྱིས་རྣམ་པ་འདྲ་མིན་གྱི་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་བ་དང་།

(གཉིས)སྲིད་གཞུང་སྡེ་ཚན་དང་། ཁེ་ལས་བྱ་གཞག་ཚན་པ། དེ་བཞིན་རྩ་འཛུགས་གཞན་དག་གམ་ཡང་ན་མི་སྒེར་གྱིས་མངགས་བཅོལ་བྱས་པའི་ཚན་རྩལ་ཁྱབ་གདལ་གྱི་རྣམ་གྲངས་རེ་ཞུ་དང་སྒྲུབ་གཉེར་བྱེད་པ།

(གསུམ)འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པ།

(བཞི)ཁྲིམས་མཐུན་གྱི་མ་དངུལ་དང་། རོགས་དངུལ། ཞལ་འདེབས་བཅས་རག་ཐབས་བྱེད་པ།

(ལྔ)མཚན་འཛིན་དང་། གཟི་བརྗིད་མཚན་སྙན། གཟེངས་བསྟོད། ཤེས་བྱའི་བདག་དབང་བཅས་རག་ཐབས་བྱེད་པ།

(དྲུག)ཚན་རྩལ་ཁྱབ་གདལ་ལས་དོན་ལ་ལེགས་བཅོས་དང་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་བསམ་འཆར་དང་གྲོས་འཆར་འདོན་པ།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ཐོག་གཏན་འབེབས་བྱས་པའི་དབང་ཆ་གཞན་དག་ཡོད་པ་བཅས་ཡིན།

དོན་ཚན་ཉེར་ལྔ་པ། ཚན་རྩལ་ཁྱབ་གདལ་རྩ་འཛུགས་ཀྱིས་གཤམ་གསལ་འོས་འགན་སྒྲུབ་དགོས་པ་སྟེ།

(གཅིག)ཚན་རིག་གི་སྙིང་སྟོབས་དར་སྤེལ་གྱིས་ཚན་རིག་གི་ལ་རྒྱ་སྲུང་སྐྱོབ་བྱེད་དགོས་པ་དང་།

(གཉིས)ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་བྱེད་སྒོ་གཙོ་བོར་བཟུང་ནས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོའི་རྣམ་པ་དང་ནང་དོན་ལེགས་བཅོས་དང་གསར་བརྗེས་བྱས་པ་བརྒྱུད་ཚན་རྩལ་ཁྱབ་གདལ་ལས་ཀའི་ཆུ་ཚད་གོང་མཐོར་གཏོང་དགོས་པ།

(གསུམ)ཚན་རྩལ་ཁྱབ་གདལ་གཏོང་མཁན་ལས་བྱའི་བསམ་འཆར་དང་རེ་འདུན་གོང་ལ་ཞུས་ནས་ཚན་རྩལ་ཁྱབ་གདལ་ལས་བྱའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ།

(བཞི)བཅའ་ཁྲིམས་དང་། ཁྲིམས་སྲོལ་ཐོག་གཏན་འབེབས་བྱས་པའི་འོས་འགན་གཞན་དག་སྒྲུབ་དགོས་པ་བཅས་ཡིན།

དོན་ཚན་ཉེར་དྲུག་པ། ཚན་རྩལ་ཁྱབ་གདལ་གཏོང་མཁན་ལས་བྱ་ཞེས་པ་ནི་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ཐད་ཞིབ་འཇུག་དང་། རྩོམ་འབྲི། རྩོམ་སྒྱུར། སློབ་གསོ། འགྲེམས་སྟོན། དཔེ་སྐྲུན་བཅས་བྱེད་མཁན་དང་། ལོ་ཆུང་གཞོན་ནུའི་ཚན་རྩལ་སློབ་གསོའི་ལས་དོན་སྒྲུབ་མཁན། ཁེ་ལས་བྱ་གཞག་ཚན་པ་དང་སྤྱི་ཚོགས་ཀྱི་ཚོགས་པ་སོགས་སྒྲིག་གཞིའི་ཚན་རྩལ་ཁྱབ་གདལ་གྱི་ལས་དོན་སྒྲུབ་མཁན། དེ་བཞིན་ཚན་རྩལ་ཁྱབ་གདལ་གཏོང་མཁན་དང་བླངས་པ་བཅས་ལ་ཟེར་བ་ཡིན།

ཚན་རྩལ་ཁྱབ་གདལ་གཏོང་མཁན་རྩ་འཛུགས་དང་ཚན་པའི་ནང་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་སྒྲུབ་མཁན་དང་། ལོ་ཆུང་གཞོན་ནུའི་ཚན་རྩལ་དགེ་རྒན་ནམ་ཡང་ན་ཟུར་ཁྲིད་པ། དེ་བཞིན་ཚན་རྩལ་ཁྱབ་གདལ་གཏོང་མཁན་གྱི་རྩོམ་འབྲིའི་ལས་དོན་པ། ཚན་རྩལ་ཁྱབ་གདལ་གཏོང་མཁན་གྱི་ཆེད་ལས་ལས་བྱ། དེ་མིན་གྱི་ཚན་རྩལ་ཁྱབ་གདལ་གཏོང་མཁན་ལས་དོན་པ་བཅས་ནི་ཆེད་ལས་མིན་པའི་ཚན་རྩལ་ཁྱབ་གདལ་གཏོང་མཁན་གྱི་ལས་བྱ་ཡིན།

དོན་ཚན་ཉེར་བདུན་པ། ཚན་རྩལ་ཁྱབ་གདལ་གཏོང་མཁན་ལས་བྱར་གཤམ་གསལ་དབང་ཆ་ཡོད་པ་སྟེ།

(གཅིག)ཁྲིམས་བཞིན་ཚན་རྩལ་ཁྱབ་གདལ་རྩ་འཛུགས་འཛུགས་གཉེར་དང་དེའི་ནང་ཞུགས་ནས་རང་ཚུགས་ཀྱིས་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་བ།

(གཉིས)ཚན་རྩལ་ཁྱབ་གདལ་རྣམ་གྲངས་ལ་གྲོན་དངུལ་གནང་རོགས་ཞུ་བ་དང་རོགས་དངུལ་རག་ཐབས་བྱེད་པ།

(གསུམ)རིན་དོད་ཡོད་པའི་ཚན་རྩལ་ཁྱབ་གདལ་གྱི་ཞབས་ཞུ་སྒྲུབ་སྐབས་ཁྲིམས་མཐུན་གྱི་ཐོབ་ཆ་རག་ཐབས་བྱེད་པ།

(བཞི)མཚན་འཛིན་དང་། གཟི་བརྗིད་མཚན་སྙན། གཟེངས་བསྟོད། ཤེས་བྱའི་བདག་དབང་བཅས་རག་ཐབས་བྱེད་པ།

(ལྔ)མུ་མཐུད་སློབ་གསོ་དང་ལེན་དང་ཆེད་ལས་ལག་རྩལ་སྦྱོང་བརྡར་བྱེད་པ་དང་། ཚན་རྩལ་རིག་གཞུང་སྤེལ་རེས་ནང་ཞུགས་པ།

(དྲུག)ཚན་རྩལ་ཁྱབ་གདལ་ལས་དོན་ཐད་བསམ་འཆར་དང་གྲོས་འཆར་འདོན་པ།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ཐོག་གཏན་འབེབས་བྱས་པའི་དབང་ཆ་གཞན་དག་བཅས་ཡིན།

དོན་ཚན་ཉེར་བརྒྱད་པ། ཚན་རྩལ་ཁྱབ་གདལ་གཏོང་མཁན་ལས་བྱས་གཤམ་གསལ་འོས་འགན་སྒྲུབ་དགོས་པ་སྟེ།

(གཅིག)ཚན་རིག་གི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་ལས་རིགས་ཀུན་སྤྱོད་ལ་སྲུང་བརྩི་ཞུ་དགོས་པ།

(གཉིས)ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་བ་དང་དེའི་ནང་ཞུགས་པ། ཚན་རྩལ་ཤེས་བྱ་ཁྱབ་གདལ་གཏོང་བ། སྔོན་ཐོན་གོ་ཆོད་ཀྱི་ལག་རྩལ་ཁྱབ་གདལ་གཏོང་བ། ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་འགན་གཞན་དག་གཉེར་སྒྲུབ་བྱེད་པ།

(གསུམ)རང་ངོས་ཀྱི་ཚན་རིག་རིག་གནས་བྱང་ཚད་དང་ཚན་རྩལ་ཁྱབ་གདལ་ལས་ཀའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ།

(བཞི)ཚན་རིག་རྫུན་མ་དང་ཚན་རིག་ལ་ངོ་རྒོལ་བྱེད་པའི་བྱེད་སྤྱོད་བཀག་སྡོམ་དང་ངོ་རྒོལ་བྱེད་དགོས་པ།

(ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ཐོག་གཏན་འབེབས་བྱས་པའི་འོས་འགན་གཞན་དག་སྒྲུབ་དགོས་པ་བཅས་ཡིན།

དོན་ཚན་ཉེར་དགུ་པ། ཚན་རྩལ་ཁྱབ་གདལ་གཏོང་མཁན་གྱི་ཆེད་ལས་ལས་བྱའི་གཏོགས་ཁོངས་ནང་གི་ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་གདེང་བྱེད་སྐབས་དེའི་ཚན་རྩལ་ཁྱབ་གདལ་སྐོར་གྱི་བརྩམ་བྱ་དང་། ཆེད་རྩོམ། ཚན་རྩལ་ཁྱབ་གདལ་འགྲན་བསྡུར་ནང་ཐད་ཀར་ཐེ་ཞུགས་དང་མཛུབ་ཁྲིད་བྱས་འབྲས། ཚན་རྩལ་ཁྱབ་གདལ་ལས་ཀའི་གྲུབ་འབྲས་གཞན་དག་བཅས་ནི་ཆེད་ལས་ལག་རྩལ་གྱི་གོ་གནས(གོ་མིང)སྤོར་རྒྱུའི་གཞི་འཛིན་སར་བརྩི་དགོས།

ཆེད་ལས་མིན་པའི་ཚན་རྩལ་ཁྱབ་གདལ་གཏོང་མཁན་ལས་བྱའི་ཚན་རྩལ་ཁྱབ་གདལ་གྱི་ལས་དོན་དེ་རང་གི་ལས་འབོར་ལ་བརྩི་བ་དང་། དེའི་ཚན་རྩལ་ཁྱབ་གདལ་ཐད་ཀྱི་གྲུབ་འབྲས་དེ་ཆེད་ལས་ལག་རྩལ་གོ་གནས(གོ་མིང)སྤོར་རྒྱུའི་གཞི་འཛིན་སར་བརྩི་དགོས།

ལེའུ་ལྔ་པ། བྱ་དགའ་ཆད་གཅོད།

དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་ཚན་རྩལ་ཁྱབ་གདལ་ལས་ཀའི་ནང་དམིགས་བསལ་གྱི་བྱས་རྗེས་ཡོད་པའི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚན་རྩལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སློབ་གསོའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་དེ་བཞིན་ཚན་རྩལ་མཐུན་ཚོགས་དང་མཉམ་དུ་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་སྒྲུབ་སྐབས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་སློབ་གྲྭ་དང་། ཚན་རྩལ་ཁང(ས་ཚིགས) དེ་བཞིན་ཚན་པ་བཅས་ལ་ཚན་རྩལ་ཁྱབ་གདལ་སློབ་གསོའི་དཔེ་སྟོན་སློབ་གྲྭའམ་ཡང་ན་ཚན་རྩལ་ཁྱབ་གདལ་སློབ་གསོའི་དཔེ་སྟོན་ཚན་པའི་མཚན་སྙན་སྤྲད་ན་འགྲིག

དོན་ཚན་སོ་གཅིག་པ། རྒྱལ་ཁབ་ཀྱི་ལས་བྱས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་སྒྲུབ་སྐབས་རང་འགན་སྣང་མེད་དུ་གཏོང་བ་དང་། འགན་དབང་གང་བྱུང་དུ་སྤྱད་ནས་ཚན་རྩལ་ཁྱབ་གདལ་བྱ་གཞག་ལ་གྱོང་གུན་བཟོས་པའམ་ཡང་ན་ཚན་རྩལ་ཁྱབ་གདལ་ལས་བྱའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བཏང་ཚེ་དེ་དག་གནས་སའི་ཚན་པའམ་ཡང་ན་གོང་རིམ་ལས་ཁུངས་ཀྱི་གཙོ་འགན་འཁུར་མཁན་ནམ་ཡང་ན་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་སོ་གཉིས་པ། ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་མིང་ཐོག་ནས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་གནོད་འཚེ་བཟོ་བ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའམ་ཡང་ན་རྒྱུ་དངུལ་གཡོ་ལེན་བྱེད་པའི་རིགས་ལ་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་སྦྲགས་བཀག་སྡོམ་བྱེད་རྒྱུ། བདེ་འཇགས་དོ་དམ་གྱི་གཏན་འབེབས་ལས་འགལ་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་སོ་གསུམ་པ། ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ནོར་སྲིད་ཀྱི་གྲོན་དངུལ་ཟུར་འཐེན་དང་གཞན་སྤྱོད་བྱས་ཚེ་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་ཕྱིར་སློག་བྱེད་དུ་འཇུག་རྒྱུ་དང་། གཙོ་འགན་འཁུར་མཁན་དང་དེ་མིན་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་སོ་བཞི་པ། ནོར་སྲིད་ནས་མ་དངུལ་བཏང་སྟེ་འཛུགས་སྐྱོང་བྱས་པའི་ཚན་རྩལ་ཁྱབ་གདལ་ཁང(ས་ཚིགས)རང་དགར་གཞན་སྤྱོད་བྱས་ཚེ་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།

ལེའུ་དྲུག་པ། ཞར་བྱུང་།

དོན་ཚན་སོ་ལྔ་པ། 2005ལོའི་ཟླ12ཚེས1ཉིན་ནས་བཟུང་བྱ་ཐབས་འདི་ལག་བསྟར་བྱས།

(བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།