ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར།

རྒྱལ་གཞུང་སྤེལ〔2019〕ཨང45བ། 

ཞིང་ཆེན་དང་རང་སྐྱོང་ལྗོངས་དང་། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ། ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

ཞིང་སྡེའི་གཞུང་ལམ་ནི“ཞིང་གསུམ”ལ་ཞབས་ཕྱི་སྒྲུབ་པའི་སྤྱི་ཕན་རང་བཞིན་གྱི་རྨང་གཞི་སྒྲིག་བཀོད་ཡིན་ལ། དབུལ་ཐར་འགག་སྒྲོལ་གཡུལ་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ལེན་དུ་བསྟར་བའི་འཆང་གཟུང་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་སྡེའི་གཞུང་ལམ་བྱ་བར་གཙིགས་འཛིན་མཛད་པ་དང་། “བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་གཞུང་ལམ”འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་གལ་ཆེན་ ཐེངས་མང་མཛད། “བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་གཞུང་ལམ”གྱི་བྱ་བའི་ཁྲོད་དོ་དམ་བཟང་པོ་དང་བདག་སྐྱོང་བཟང་པོ་བྱེད་པའི་ཞན་ཆའི་གནད་དོན་དངོས་གནས་ཐག་གཅོད་དང་། ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་གི་ཡུན་ཕན་རྐྱེན་སྲོལ་མགྱོགས་པོར་གསར་འཛུགས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད་དེ། ད་ལྟ་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་གཞུང་ལམ”སྐོར་གྱི་མཛུབ་སྟོན་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བ་བྱེད་པའི་འཕེལ་རྒྱས་བསམ་བློ་ལག་ལེན་བྱེད་ཅིང་། དབུལ་ཐར་འགག་སྒྲོལ་གཡུལ་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པར་དམ་པོར་དམིགས་པ་དང་། སྤུས་ཚད་རྩ་བར་འཛིན་པ་དང་བདེ་འཇགས་གོ་གནས་མཐོ་ཤོས་སུ་འཇོག་པ། རང་བྱུང་འཆམ་མཐུན་ཡིན་པ། ལྗང་མདོག་འཕེལ་རྒྱས་ཡོང་བ་བཅས་རྩ་དོན་དུ་བཟུང་ཐོག ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་སྡེའི་གཞུང་ལམ་དང་ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་གྱིས་མཐུན་སྦྱོར་ཡོང་བར་ཤུགས་བསྣན་ཞིང་། གོང་འོག་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ། མཉམ་འཛིན་དོ་དམ་བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱས་ནས། “བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་གཞུང་ལམ”སྤུས་ཚད་ལེགས་པོའི་སྒོ་ནས་འཕེལ་བར་སྐུལ་འདེད་བཏང་སྟེ། རྒྱ་ཆེ་བའི་ཞིང་པ་མང་ཚོགས་ཀྱིས་ཕྱུག་པོར་བསྒྱུར་ནས་འབྱོར་འབྲིང་གི་བགྲོད་ལམ་དུ་སྐྱོད་པ་དང་ཞིང་ལས་ཞིང་སྡེའི་དེང་རབས་ཅན་ལ་མགྱོགས་པོར་སྐུལ་སྤེལ་གཏོང་བར་སྔར་ལས་བཟང་བའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

གཉིས། བྱ་བའི་དམིགས་འབེན།

2022ལོ་རག་ཏུ། དབང་འགན་གསལ་བ་དང་མཉམ་འཛིན་དོ་དམ་བྱེད་པའི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་ཕལ་ཆེར་འཛུགས་ཤིང་། ནོར་སྲིད་གཏོང་འཇོག་འགན་འཁྲི་གསལ་བ་དང་སྤྱི་ཚོགས་སྟོབས་ཤུགས་ཧུར་ཐག་གིས་ཞུགས་པའི་རྣམ་པ་ཆགས་པར་བྱ་དགོས། ཞིང་སྡེའི་གཞུང་ལམ་བཅོས་སྐྱོང་བྱེད་ནུས་མངོན་གསལ་དུ་ཇེ་མཐོར་གཏོང་བ་དང་བཅོས་སྐྱོང་མ་ལག་རགས་རིམ་ཆགས་པར་བྱ་དགོས། ཞིང་སྡེའི་གཞུང་ལམ་ཤར་བགྲོད་ཆ་རྐྱེན་དང་ལམ་ཁོངས་ཀྱི་ཁོར་ཡུག་མངོན་གསལ་དུ་ཇེ་མཐོར་གཏོང་བ་དང་། འགྲིམ་འགྲུལ་འགན་སྲུང་བྱེད་ནུས་མངོན་གསལ་དུ་ཇེ་ཆེར་གཏང་དགོས། ཞིང་སྡེའི་གཞུང་ལམ་བདག་སྐྱོང་བྱེད་ཚད100%བསླེབ་པ་དང་། ལོ་རེའི་ཆ་སྙོམས་ཀྱི་བདག་སྐྱོང་ལས་གྲྭའི་བསྡུར་ཚད5%ལས་མི་དམའ་བ། འབྲིམ་རིམ་དང་འབྲིང་རིམ་ཡན་གྱི་ཞིང་སྡེའི་གཞུང་ལམ་ཀྱིས་ཟིན་པའི་བསྡུར་ཚད75%ལས་མི་དམའ་བ་བྱ་དགོས།

2035ལོ་རག་ཏུ། མ་ལག་ཆ་ཚང་བ་དང་འཁོར་སྐྱོད་ལས་ཕྱོད་མཐོ་བའི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་དང་རྐྱེན་སྲོལ་ཁྱོན་ཡོངས་ནས་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ། གཞུང་ལམ་གནས་ཚུལ་དང་ཆུ་ཚད་དང་ལམ་ཁོངས་ཀྱི་ཁོར་ཡུག་རྩ་བ་ནས་ལེགས་སུ་སྒྱུར་བ། ཞིང་སྡེའི་གཞུང་ལམ་བཅོས་སྐྱོང་བྱེད་ནུས་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་ཞིང་བཅོས་སྐྱོང་བྱེད་ནུས་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏང་དགོས།

གསུམ། ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས།

(གཅིག) ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན་ལྟ་སྐུལ་ལ་ཤུགས་སྣོན་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་རམ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་དབང་ཆ་དང་འགན་ཁུར་ཞིབ་ཐོ་གཏན་འབེབས་བྱེད་པ་དང་། ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་སྲིད་ཇུས་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ། སྒྲིག་ལམ་ལམ་ལུགས་འཛུགས་ཤིང་འཐུས་ཚང་དུ་གཏོང་བ། བདག་སྐྱོང་གི་ཁ་གསབ་མ་དངུལ་གྲབས་གསོག་བྱེད་པ། བདག་སྐྱོང་དོ་དམ་ལས་ཁུངས་ཀྱི་འཇོན་ཐང་འཛུགས་སྐྱོང་མཛུབ་སྟོན་ལ་ཤུགས་སྣོན་པ་བཅས་བྱས་ནས། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་གྲུབ་འབྲས་དང་ལས་ཕྱོད་དོ་དམ་བྱེད་དགོས། གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་གོང་མཐུད་འོག་འདྲེན་གྱི་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ་དང་། རྒྱབ་སྐྱོར་སྲིད་ཇུས་དང་བདག་སྐྱོང་མ་དངུལ་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཛུབ་སྟོན་ལྟ་སྐུལ་ལ་ཤུགས་སྣོན་དགོས།

(གཉིས) རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས“རྫོང་གི་ལམ་རྫོང་གིས་དོ་དམ་དང་གྲོང་གསེབ་ཀྱི་ལམ་གྲོང་གསེབ་ཀྱིས་དོ་དམ་བྱེད་པའི”རྩ་དོན་ལྟར་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་འགན་ཁུར་ལམ་ལུགས་འཛུགས་ཤིང་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་དང་ཤང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་དབང་ཆ་དང་འགན་ཁུར་གསལ་ཐོ་ངེས་གསལ་བྱེད་པ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཁག་དང་ཤང་རིམ་པའི་མི་དམངས་སྲིད་གཞུང་གིས་རང་འགན་གཙང་སྒྲུབ་བྱེད་པར་མཛུབ་སྟོན་ལྟ་སྐུལ་བྱེད་དགོས། རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ལམ་དཔོན་ལམ་ལུགས་ཤུགས་ཆེན་པོས་ཁྱབ་གདལ་གཏོང་བ་དང་། རིམ་པ་སོ་སོའི་ལམ་དཔོན་གྱིས་དེ་དང་མཐུན་པའི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་བྱ་བའི་འགན་འཁུར་ཞིང་། “མི་ཧྲག་ཅིང་ལས་ཕྱོད་མཐོ་བ་དང་། ཆེད་ལས་དང་གཅིག་ལྕོགས་ཟུང་དུ་འབྲེལ་བ། ཆེད་ལས་གཙོ་བོར་འཛིན་པའི” དོ་དམ་མ་ལག་འཛུགས་དགོས། “ལམ་ཡོད་ཡོད་ངེས་པར་བདག་སྐྱོང་བྱེད་པ་དང་བདག་སྐྱོང་བྱས་བྱས་ངེས་པར་གནད་དུ་སྨིན་པའི”བླང་བྱ་ལྟར། ཞིང་སྡེའི་གཞུང་ལམ་བདག་སྐྱོང་མ་དངུལ་དང་དོ་དམ་ལས་ཁུངས་ཀྱི་འཁོར་སྐྱོད་གྲོན་དངུལ་དང་མི་སྣའི་འགྲོ་སྒོ་དེ་སྤྱི་པའི་ནོར་སྲིད་སྔོན་རྩིས་ནང་དུ་འཇུག་པ་དང་། འགན་འཁྲི་འཁུར་ནུས་འཛུགས་སྐྱོང་དང་དོ་དམ་བདག་སྐྱོང་ལ་་གཏོང་འཇོག་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

(གསུམ) ཤང་དང་སྡེ་བ་རིམ་པ་གཉིས་ཀྱི་ནུས་པ་དང་ཞིང་པ་མང་ཚོགས་ཀྱི་ཧུར་ཐག་རང་བཞིན་འདོན་སྤེལ་བྱེད་དགོས། ཤང་རིམ་པའི་མི་དམངས་སྲིད་གཞུང་གིས་ཆེད་བསྐོས་བྱ་བ་སྒྲུབ་མཁན་གཏན་འཁེལ་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བའི་ལམ་དོ་དམ་བདག་སྐྱོང་བྱ་བ་རྩ་འཛུགས་བཟང་པོ་བྱེད་པར་མཛུབ་སྟོན་བྱེད་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས“ཞིང་པས་རང་མོས་དང་དམངས་གཙོས་ཇུས་ཐག་གཅོད་པའི”རྩ་དོན་ལྟར་དོན་རེར་གྲོས་རེ་དང་རྒུད་གསབ་ལས་སྤྲོད་སོགས་ཀྱི་བྱེད་ཐབས་བེད་སྤྱད་དེ་སྡེ་བའི་ལམ་དོ་དམ་བདག་སྐྱོང་བྱ་བ་རྩ་འཛུགས་བྱེད་དགོས། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ཐོག་ལམ་གཅེས་ལམ་སྲུང་གི་བླང་བྱ་དེ་ཡུལ་སྲོལ་དམངས་ཆིངས་དང་སྡེ་སྲོལ་དམངས་ཆིངས་ནང་དུ་འགོད་དགོས། བྱ་དགས་གསབ་དངུལ་གྱི་ཚབ་བྱེད་པ་སོགས་ཀྱི་བྱེད་སྟངས་བེད་སྤྱོད་པར་སྐུལ་བསྟོད་བྱས་ཏེ། རྒྱུན་ལྡན་གྱི་བདག་སྐྱོང་དེ་འཚུབ་ཟློག་མྱུར་བགྲོད་དང་རྐྱ་བརྒྱབ་ནས་ལག་བསྟར་བྱེད་པ་མ་ཟད་ཞིང་པས་འགན་གཙང་ལེན་བྱེད་པར་སྤྲོད་པའི་རྣམ་པ་ཁྱབ་གདལ་དུ་གཏོང་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་སྟོབས་ཤུགས་རང་ཉིད་ཀྱིས་མ་དངུལ་དང་ངལ་ལས་གྲབས་གསོག་བྱས་ཏེ་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་བྱ་བར་ཞུགས་པར་སྐུལ་བསྟོད་བྱེད་པ་དང་། ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་དེ་སྤྱི་ཕན་ལས་གནས་སུ་འཇུག་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང་ལ་ལས་ཞུགས་གོ་སྐབས་འདོན་སྤྲོད་བྱེད་དགོས།

བཞི། ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་གི་མ་དངུལ་འགན་སྲུང་ལ་ཤུགས་སྣོན་དགོས།

(བཞི) བཅོས་སྣུམ་གྱི་ཁྲལ་གྲོན་བཅོས་སྒྱུར་གྱི་མ་དངུལ་དོན་འཁྱོལ་བྱེད་དགོས། བཅོས་སྣུམ་གྱི་ཁྲལ་གྲོན་བཅོས་སྒྱུར་གྱི་སྤོ་བསྒྱུར་གཏོང་སྤྲོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྤོ་བསྒྱུར་གཏོང་སྤྲོད་ཀྱི་གཞི་ཁྱོན་ལུགས་མཐུན་གྱིས་གཏན་འཁེལ་བྱས་ཏེ་གཞུང་ལམ་དཀྱུས་མ་བདག་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། བཅོས་སྣུམ་གྱི་ཁྲལ་གྲོན་བཅོས་སྒྱུར་ལས་གསར་དུ་འཕར་སྣོན་བྱུང་བའི་སྔར་གྱི་ཡོང་སྒོ་ཡིས་གཞུང་ལམ་བདག་སྐྱོང་གྲོན་དངུལ་གྱི་ཚབ་བྱེད་པའི་ཆ་ཤས་དེ། བཅོས་སྒྱུར་རྩིས་གཞིའི་ལོ(2009ལོ)ཡི་གཞུང་ལམ་བདག་སྐྱོང་གྲོན་དངུལ་གྱི་ཡོང་སྒོ་ཡིས“དངུལ་དྲུག”(གཞུང་ལམ་བདག་སྐྱོང་གྲོན་དངུལ་དང་གྲུ་ལམ་བདག་སྐྱོང་གྲོན་དངུལ། གཞུང་ལམ་སྐྱེལ་འདྲེན་དོ་དམ་གྲོན་དངུལ། གཞུང་ལམ་འགྲུལ་ཟོག་སྐྱེལ་འདྲེན་ཟུར་སྣོན་གྲོན་དངུལ། ཆུ་ལམ་སྐྱེལ་འདྲེན་དོ་དམ་གྲོན་དངུལ། ཆུ་ལམ་འགྲུལ་ཟོག་སྐྱེལ་འདྲེན་ཟུར་སྣོན་གྲོན་དངུལ)གི་ཡོང་སྒོ་ཟིན་པའི་བསྡུར་ཚད་ལས་དམའ་མི་ཆོག བཅོས་སྣུམ་གྱི་ཁྲལ་གྲོན་བཅོས་སྒྱུར་གྱི་སྤོ་བསྒྱུར་གཏོང་སྤྲོད་དེ་གཞུང་ལམ་དཀྱུས་མ་བདག་སྐྱོང་ཐད་དུ་སྤྱོད་པའི་བསྡུར་ཚད80%ལས་སྤྱིར་བཏང་དུ་དམའ་མི་ཆོག་ལ་གཞུང་ལམ་གསར་དུ་སྐྲུན་པའི་ཐད་དུ་སྤྱོད་ཀྱང་མི་ཆོག 2022ལོ་ནས་བཟུང་། མ་དངུལ་འདི་དག་དོ་དམ་ལས་ཁུངས་ཀྱི་འཁོར་སྐྱོད་གྲོན་དངུལ་དང་མི་སྣ་སོགས་ཀྱི་འགྲོ་སྒོ་གཞན་པའི་ནང་དུའང་འཇུག་མི་ཆོག ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ལས་གྲྭར་ཁ་གསབ་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་དང་གྲོང་ཁྱེར་དང་རྫོང་ལ་བགོ་བཤའ་བརྒྱབ་པའི་ཆ་ཤས་ཀྱི་བསྡོམས་གྲངས་དེ་བཅོས་སྣུམ་གྱི་ཁྲལ་གྲོན་བཅོས་སྒྱུར་གྱི་གསར་སྣོན་ཡོང་སྒོ་ཡིས་གཞུང་ལམ་བདག་སྐྱོང་གྲོན་དངུལ་གྱི་ཚབ་བྱེད་པའི་ཆ་ཤས་ཟིན་པའི་བསྡུར་ཚད15%ལས་དམའ་མི་ཆོག་ལ། དོན་དངོས་སུ་གོང་གསལ་གྱི་བསྡུར་ཚད་ལས་མཐོ་བ་ཇེ་དམའ་རུ་བཏང་མི་ཆོག

(ལྔ) ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཞིང་སྡེའི་གཞུང་ལམ་བདག་སྐྱོང་དེ་ས་གནས་ནོར་སྲིད་ཀྱི་འགན་དབང་ལ་གཏོགས་པ་དང་། རྩ་དོན་ཐོག་ས་གནས་ཀྱིས་རང་ཡོད་ནོར་ཤུགས་ལ་བརྟེན་ནས་མ་དངུལ་བཀོད་སྒྲིག་བྱེད་ཅིང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འགྲོ་སྒོ་དོན་འཁྱོལ་བྱེད་ཐད་གནས་ཡོད་པའི་ཡོང་འགྲོའི་ཆད་གྲངས་ལ། གོང་རིམ་མི་དམངས་སྲིད་གཞུང་གིས་དུས་སྐབས་མི་འདྲ་བའི་འཕེལ་རྒྱས་དམིགས་འབེན་གཞིར་བཟུང་ནས་མ་དངུལ་རྒྱབ་སྐྱོར་ངེས་ཅན་ཞིག་བྱེད་དགོས། ཀྲུང་དབྱང་གིས་ཆ་སྙོམས་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་ཁྲོད་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་གི་རྒྱུ་རྐྱེན་ལ་སྔར་ལས་ལྷག་པར་བསམ་བློ་གཏོང་དགོས་ཤིང་། དབུལ་ཕོངས་ས་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འཁོར་ཉོ་དཔྱ་ཁྲལ་གྱི་མ་དངུལ་མུ་མཐུད་དུ་བཀོད་སྒྲིག་བྱས་ནས་ཞིང་སྡེའི་གཞུང་ལམ་གྱི་རིམ་སྤར་སྒྱུར་བཀོད་དང་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭའི་འཛུགས་སྐྲུན་དང་ཉེན་ཁའི་ཟམ་པ་སྒྱུར་བཀོད་སོགས་ལ་རྒྱབ་སྐྱོར་བྱེད་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ནོར་སྲིད་འགྲོ་སྒོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ་དང་། འབྲེལ་ཡོད་ཁྲལ་འབབ་ཕྱིར་བསློགས་ནས་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཐད་དུ་སྤྱོད་དགོས། ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་བཅས་རིམ་པ་གསུམ་གྱི་སྤྱི་པའི་ནོར་སྲིད་མ་དངུལ་ནི་ཞིང་སྡེའི་གཞུང་ལམ་རྒྱུན་ལྡན་བདག་སྐྱོང་ཐད་ལ་སྤྱོད་པའི་བསྡོམས་འབོར་དེ་གཤམ་གྱི་ཚད་གཞི་ལས་དམའ་མི་ཆོག་སྟེ། རྫོང་ལམ་དུ་ལོ་རེར་སྤྱི་ལེ་རེར་སྒོར10000 དང་། ཤང་ལམ་དུ་ལོ་རེར་སྤྱི་ལེ་རེར་སྒོར5000 དང་སྡེ་བའི་ལམ་དུ་ལོ་རེར་སྤྱི་ལེ་རེར་སྒོར3000སྤྲོད་པ། ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་བཅས་རིམ་པ་གསུམ་གྱི་སྤྱི་པའི་ནོར་སྲིད་ཀྱི་གཏོང་འཇོག་བསྡུར་ཚད་ནི་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)སོ་སོས་རང་ས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱེད་པ་མ་ཟད། ད་དུང་བདག་སྐྱོང་མ་གནས་འགྱུར་བ་སོགས་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འགུལ་རྣམ་སྙོམ་སྒྲིག་རྐྱེན་སྲོལ་འཛུགས་དགོས།

(དྲུག) བདག་སྐྱོང་མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས། ནོར་སྲིད་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་ལ་དཔྱད་ཞིབ་བྱེད་པའི་རྐྱེན་སྲོལ་འཛུགས་དགོས་ཤིང་། དཔྱད་ཞིབ་འབྲས་བུ་དེ་འབྲེལ་ཡོད་གཏོང་འཇོག་དང་འབྲེལ་མཐུད་བྱེད་དགོས། ས་གནས་རིམ་པ་སོ་སོའི་སྤྱི་པའི་ནོར་སྲིད་ཀྱིས་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཐད་དུ་སྤྱོད་པའི་མ་དངུལ་ལ་བརྒྱུད་རིམ་ཧྲིལ་བོའི་སྔོན་རྩིས་དང་ལས་ཕྱོད་དོ་དམ་ལག་བསྟར་བྱས་ནས། མ་དངུལ་གྲངས་ཚང་དུས་ཐོག་ཏུ་དམིགས་སར་གཏོང་སྤྲོད་ཐུབ་པར་ཁག་ཐེག་བྱེད་དགོས། ས་གནས་རིམ་པ་སོ་སོའི་ནོར་སྲིད་དང་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཁག་གིས་ཞིང་སྡེའི་གཞུང་ལམ་བདག་སྐྱོང་མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ཐོག་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་ཨར་ལས་རྒྱག་མཁན་གྱིས་དངུལ་ལྡན་འཛུགས་སྐྲུན--སྤོ་སྤྲོད(BT)བྱེད་རྒྱུའི་རྣམ་པ་བེད་སྤྱོད་པར་གཏན་འགོག་བྱེད་པ་དང་། ས་གནས་ཀྱིས“འཛུགས་སྐྲུན་དང་བདག་སྐྱོང་གཞི་གཅིག་ཅན་ཏུ་སྒྱུར་བའི” མིང་ཐོག་མངོན་མེད་བུ་ལོན་གསར་དུ་སྣོན་པར་གཏན་འགོག་བྱེད་ཅིང་། སྤྱི་པའི་མ་དངུལ་བེད་སྤྱོད་གནས་ཚུལ་དེ་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་སུ་ཡོངས་སྒྲོག་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་དུ་ལེན་དགོས། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་སྡེ་བའི་ལམ་བདག་སྐྱོང་མ་དངུལ་བེད་སྤྱོད་དང་བདག་སྐྱོང་སྤུས་ཚད་སོགས་ཀྱི་གནས་ཚུལ་དེ་ལྟ་སྐུལ་ཁྱབ་ཁོངས་ནང་དུ་འཇུག་དགོས། རྩིས་བཤེར་སྡེ་ཁག་གིས་དུས་བཅད་ལྟར་ཞིང་སྡེའི་གཞུང་ལམ་བདག་སྐྱོང་མ་དངུལ་བེད་སྤྱོད་གནས་ཚུལ་ལ་རྩིས་བཤེར་བྱེད་དགོས།

(བདུན) ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་ཀྱི་མ་དངུལ་འཇོག་སྡུད་རྐྱེན་སྲོལ་གསར་གཏོད་བྱེད་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སྲིད་གཞུང་གི་མ་དངུལ་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། མ་དངུལ་ཁ་གསབ་དང་སྔོན་དུ་བདག་སྐྱོང་དང་རྗེས་སུ་ཁ་གསབ་བྱེད་པ། བྱ་དགས་གསབ་དངུལ་གྱི་ཚབ་བྱེད་པ། རྒྱུ་ཆ་ར་བ་སྐྱིན་མེད་ཀྱིས་འདོན་སྤྲོད་བྱེད་པ་སོགས་ཀྱི་རྣམ་པ་སྣ་མང་བེད་སྤྱད་དེ་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་དེ་ས་གནས་སྲིད་ཞུང་གི་བུན་འཛིན་སྤྱིར་བཏང་བའི་རྒྱབ་སྐྱོར་ཁྱབ་ཁོངས་སུ་འཇུག་དགོས། ས་གནས་མི་དམངས་སྲིད་གཞུང་གིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་དུས་སྐབས་ངེས་ཅན་ཞིག་གི་བདག་སྐྱོང་སྡེབ་སྦྱོར་གྱིས་འོས་འཇུག་བྱེད་པར་སྐུལ་བསྟོད་བྱས་ཐོག ཞིང་སྡེའི་གཞུང་ལམ་དང་ཐོན་ལས་དང་སྡེ་གླིང་། གྲོང་གསེབ་ཡུལ་སྐོར་སོགས་བདག་གཉེར་རང་བཞིན་གྱི་ལས་གཞི་གཞི་གཅིག་ཅན་དུ་གསར་སྤེལ་བྱས་ནས། འཁོར་སྐྱོད་ཡོང་འབབ་དེ་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཐད་དུ་སྤྱོད་དགོས། འགན་བཅོལ་མ་དངུལ་གྱིས་ས་གནས་སྲིད་གཞུང་གི་བུན་འཛིན་སྤྱིར་བཏང་བ་ཉོ་བའི་བྱེད་སྟངས་ལ་བརྟེན་ནས་ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་ལ་ཁྲིམས་མཐུན་སྲོལ་མཐུན་གྱིས་ཞུགས་པར་སྐུལ་བསྟོད་བྱེད་པ་དང་། ཞིང་སྡེའི་གཞུང་ལམ་གྱི་གནོད་སྐྱོན་འགན་བཅོལ་འཚོལ་ཞིབ་བྱས་ནས་ཁྱབ་སྤེལ་བྱེད་དགོས།

ལྔ། ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་གི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས།

(བརྒྱད) ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཁྲོམ་ར་ཅན་དུ་བསྒྱུར་བའི་བཅོས་སྒྱུར་ལ་མགྱོགས་པོར་སྐུལ་སྤེལ་གཏོང་དགོས། མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་དང་ཁེ་ཕན་ཐོབ་ཚད་དང་། བདག་སྐྱོང་སྤུས་ཚད་དང་མ་དངུལ་བེད་སྤྱོད་ལས་ཆོད་བཅས་བསྡུར་ཞིབ་ཚད་གཞིར་འཛིན་པ་དང་། ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཁྲོམ་ར་ཅན་དུ་བསྒྱུར་བའི་བཅོས་སྒྱུར་ལ་རིགས་འབྱེད་རིམ་ལྡན་གྱིས་སྐུལ་སྤེལ་བཏང་སྟེ། སྲིད་གཞུང་དང་ཁྲོམ་ར་ལུགས་མཐུན་གྱིས་ལས་བགོས་བྱས་པའི་བདག་སྐྱོང་ཐོན་སྐྱེད་རྩ་འཛུགས་རྣམ་པ་རིམ་བཞིན་འཛུགས་དགོས། ཁྲོམ་རའི་ངོ་བོ་དང་མཐུན་པའི་དོན་ལས་སྡེ་ཚན་དེང་རབས་ཁེ་ལས་སུ་སྒྱུར་བར་ཁྲིད་སྟོན་བྱེད་པ་དང་། མ་ལམ་གཞུང་ལམ་འཛུགས་སྐྲུན་བདག་སྐྱོང་དང་ཞིང་སྡེའི་གཞུང་ལམ་སྡེབ་སྦྱོར་གྱིས་འོས་འགུགས་བྱེད་པར་སྐུལ་བསྟོད་བཏང་སྟེ། བདག་སྐྱོང་ཁེ་ལས་ཀྱིས་ས་ཁོངས་ལས་བརྒལ་ནས་ཁྲོམ་རའི་འགྲན་རྩོད་ལ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ཡུན་རིང་པོའི་བདག་སྐྱོང་གན་རྒྱ་འཇོག་པ་དང་འོས་འགུགས་འོས་འཇུག་ཁ་ཆད་སོགས་ཀྱི་བྱེད་སྟངས་བེད་སྤྱོད་པར་སྐུལ་བསྟོད་བྱས་ནས། ཆེད་ལས་བདག་སྐྱོང་ཁེ་ལས་ཀྱིས་གཏོང་འཇོག་ཇེ་མང་དུ་གཏོང་བ་དང་བདག་སྐྱོང་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཇེ་མཐོ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས།

(དགུ) བདེ་འཇགས་དང་ཡིད་རྟོན་དོ་དམ་ལ་ཤུགས་སྣོན་དགོས། གཞུང་ལམ་བདེ་འཇགས་སྒྲིག་བཀོད་དེ་ལས་གྲྭ་གཙོ་བོ་དང་དུས་མཉམ་དུ་ཇུས་འགོད་བྱེད་པ་དང་དུས་མཉམ་དུ་ཨར་ལས་རྒྱག་པ། དུས་མཉམ་དུ་བེད་སྤྱོད་བྱེད་མགོ་རྩོམ་ཤིང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་བདེ་དང་འཚུབ་ཟློག་སོགས་འགན་ནུས་སྡེ་ཁག་རྩ་འཛུགས་བྱས་ནས་ཞིང་སྡེའི་གཞུང་ལམ་ཡོངས་གྲུབ(བཟོ་སྐྲུན་རྩིས་སྤྲོད)བྱས་ཏེ་ཞིབ་བཤེར་རྩིས་ལེན་བྱེད་པར་ཞུགས་དགོས། བསྐྲུན་ཀྱང་བདེ་འཇགས་སྒྲིག་བཀོད་ཆ་ཚང་མ་བསྒྲིགས་པའི་ཞིང་སྡེའི་གཞུང་ལམ་རིམ་བཞིན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། སྤུས་ཚད་ལྟེ་བར་འཛིན་པའི་ཡིད་རྟོན་གདེང་འཇོག་རྐྱེན་སྲོལ་ཤུགས་ཡོད་རྒུས་གསར་འཛུགས་བྱས་ཐོག་ཁ་དན་ཚིག་གནས་ལ་མཉམ་འབྲེལ་གྱིས་སྐུལ་མ་གཏོང་བ་དང་ཁ་དན་ཚིག་ལ་མ་གནས་པར་མཉམ་འབྲེལ་གྱིས་ཆད་པ་གཅོད་པ་མ་ཟད། ད་དུང་ཡིད་རྟོན་ཟིན་ཐོ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་སུ་བཞག་ནས་ཁྲིམས་ལྟར་སྤྱི་ཚོགས་ཡོངས་སུ་སྒྲོག་དགོས།

(བཅུ) ཁྲིམས་སྲོལ་སྲིད་ཇུས་དང་དཔུང་སྡེའི་འཛུགས་སྐྱོང་ཇེ་དྲག་ཏུ་གཏོང་དགོས། གཞུང་ལམ་བཅའ་ཁྲིམས་བཟོ་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་གཞུང་ལམ་སྲོལ་ཡིག་ཞིབ་འཇུག་བྱས་ནས་གཏན་ལ་འབེབས་པ། དམངས་དོན་སྐྱིན་ཚབ་སྤྲོད་པར་བརྟེན་ནས་ལམ་གྱི་ཐོན་དབང་སྲུང་སྐྱོང་བྱེད་པར་འཚོལ་ཞིབ་བྱེད་དགོས། གྲོན་ཆུང་གོ་ཆོད་དང་ལྗང་མདོག་ཁོར་སྲུང་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག“མཛེས་པའི་གཞུང་ལམ” གསར་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་། ཞིང་སྡེའི་གཞུང་ལམ་བདག་སྐྱོང་ལག་རྩལ་ཇེ་མཐོར་གཏོང་བ། ལམ་སྲིད་དོ་དམ་མཛུབ་སྟོན་མ་ལག་འཐུས་ཚང་དུ་གཏོང་ཞིང་། རྫོང་ལ་ལམ་སྲིད་མི་སྣ་ཡོད་པ་དང་ཤང་ལ་ལྟ་སྐུལ་དོ་དམ་མི་སྣ་ཡོད་པ། སྡེ་བར་ལམ་སྲུང་མཁན་ཡོད་པའི་ལམ་གྱི་ཐོན་དབང་སྲུང་སྐྱོང་དཔུང་སྡེ་འཛུགས་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དེ་དབུལ་ཐར་འགག་སྒྲོལ་གཡུལ་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ལེན་བསྟར་བ། ཞིང་ལས་ཞིང་སྡེའི་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་བའི་སྔོན་སྐྱོད་ལས་གྲྭ་བྱས་ནས་དུས་མཉམ་དུ་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། རང་ས་ཁོངས་ཀྱི་བཅོས་སྒྱུར་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་ཅིང་། གནད་དོན་ཆེན་པོ་མཐུན་སྦྱོར་ངང་ཐག་གཅོད་པ་དང་། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འགན་འཁྲི་དངོས་སུ་འཁུར་བར་སྐུལ་འདེད་བཏང་སྟེ། ནན་ཏན་སྒོས་ལས་འགན་དོན་འཁྱོལ་བྱ་བ་ལེགས་འཛིན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་པ་དང་། འགན་འཁྲི་ལྟར་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བྱ་བ་མཛུབ་སྟོན་དང་སྐུལ་འདེད་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དུས་ཐོག་ཏུ་གནས་ཚུལ་གལ་ཆེན་ཞུ་འབུལ་བྱེད་དགོས།

བསམ་འཆར་འདི་དཔར་འགྲེམ་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་གི་སྒྲིག་སྲོལ་བཅོས་སྒྱུར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(རྒྱལ་གཞུང་སྤེལ〔2005〕ཨང49བ)དུས་མཚུངས་སུ་ལག་བསྟར་བྱེད་མཚམས་འཇོག་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2019ལོའི་ཟླ9བའི་ཚེས5ཉིན།

རྩོམ་སྒྲིག་པ། : གསང་བདག་རྒྱལ།