ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག》པར་བསྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ཆར།ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག》པར་བསྐྲུན་འགྲེམ་སྤེལ་བྱས་པར་མ་ཟད།བརྡ་སྦྱོར་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དེ་ལྟར་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ནང་བསྟན་དོན།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས་པར་མ་ཟད།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཆགས་སྟངས་སུ་བཀོད་དེ།ཏང་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གསར་སྐྲུན་བྱས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཡང་ནས་ཡང་དུ་ནན་གྱིས་བསྟན་དོན།དབང་ཆ་ཡོད་ན་འགན་འདྲི་ཡོད་དགོས།འགན་འདྲི་ཡོད་ན་ལས་འགན་འཁུར་དགོས།ཁག་འགན་ཤོར་ན་རྩད་གཅོད་ནན་མོ་བྱེད་དགོས།ཏང་ཀྲུང་དབྱང་གིས་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པ་ནན་འཛིན་བྱས་ཏེ།འགན་འདྲི་བྱེད་པ་དེ་ཏང་གཟབ་ནན་གྱིས་སྐྱོང་བའི་ནུས་ལྡན་ལག་ཆར་བརྩིས་ནས། སྔ་གཞུག་ཏུ་ཏང་གི་འཛུགས་སྐྲུན་དང་ཏང་གི་ལས་དོན་ནང་འགན་ཤོར་འགན་འཛོལ་བྱུང་བའི་དཔེར་འོས་གནད་དོན་སྐོར་ཞིག་ལ་འགན་འདྲི་ནན་མོ་བྱས་པ་དང་།འགན་འདྲི་གཏིང་ཟབ་ཏུ་སྤེལ་བ་དེ་ཏང་ལ་དོ་དམ་དང་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་ཁྱད་ཆོས་མངོན་གསལ་དུ་བསྒྱུར་དགོས།ཏང་གི་འགན་འདྲི་བྱ་བ་ཚད་ལྡན་དུ་གཏོང་བ་དང་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག》(གཤམ་དུ་སྲོལ་ཡིག་ཏུ་བསྡུས་ཡོད)གཏན་འབེབས་བྱེད་རྒྱུའི་ཐག་བཅད།

《སྲོལ་ཡིག》གིས་ཏང་གི་སྒྲིགས་ཡིག་དེ་རྩ་བའི་གཞི་འཛིན་ས་བྱས་ཏེ།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པ།ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་དམིགས་པ་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འབུར་དུ་དོད་པ།གཙོ་བོ་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པའི་ཁྲོད་ཀྱི་ཏང་གི་མགོ་ཁྲིད་བྱེད་ཤུགས་ཞན་པ་དང་ཏང་འཛུགས་སྐྲུན་བྱས་པ་མི་བཟང་བ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ནུས་པ་མི་དྲག་པ།ཏང་གི་འདུ་ཤེས་ཞན་པ།རྩ་འཛུགས་ཟབ་ཟོབ་ཏུ་གྱུར་པ།སྒྲིགས་ཁྲིམས་ལྷོད་པ།ཁག་འགན་མི་འཁུར་བ་དང་འགན་དུ་མི་ལེན་པ་ལ་སོགས་པའི་འབུར་ཐོན་གནད་དོན་ཁ་ཤས་ཐག་བཅད་པས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་གྱི་གྲུབ་འབྲས་མཚོན་ལ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ལམ་ལུགས་བརྩི་སྲུང་གལ་ཆེན་ཞིག་ཡིན་པས།“གནས་ལྔ་ཕུང་གཅིག”གི་སྤྱིའི་ཆགས་སྟངས་ལ་གཅིག་གྱུར་འཆར་འགོད་སྒོས་སྐུལ་འདེད་གཏོང་བ་དང་།“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཆགས་སྟངས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་ཞིང་།ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན།རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་གི་འདོད་བློ་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་།ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས།སྲོག་ཤིང་གི་འདུ་ཤེས།གྲལ་མཉམ་འདུ་ཤེས་བཅས་ཡིད་ལ་དམ་པོར་བཟུང་ནས།རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་།《སྲོལ་ཡིག》ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པ་ནན་འཛིན་བྱས་ཏེ།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཁག་འགན་འཁུར་དགོས།དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ།རང་ཉིད་དེའི་ནང་དུ་བཞག་ནས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་པ།གནད་དོན་སྣ་ཚོགས་ལ་གདོང་གཏོད་ཕོད་པ།རིམ་པ་རེ་རེ་བཞིན་གནོན་ཤུགས་བྱིན་ཏེ།ལས་འཛོལ་བྱུང་མཁན་ལ་འགན་འཁྲི་རྩད་གཅོད་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་དེ་རྒྱུན་རྣམ་དུ་འགྱུར་དུ་འཇུག་དགོས།ཁ་བཤད་ཁྲིམས་ལྟར་དང་དཔེར་འོས་གནད་དོན་ལ་བརྟེན་ནས་གུ་ཡངས་སུ་གཏན་ནས་མི་གཏོང་བར་འགན་འཁྲི་རྩད་གཅོད་བྱེད་པ་དང་།འཇིགས་སྐུལ་དང་དོགས་ཟོན་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ།འགན་འཁྲིའི་འདུ་ཤེས་ཇེ་མཐོ་དང་ཁག་འགན་ཁུར་པའི་སྙིང་སྟོབས་ལ་སྐུལ་མ་གཏོང་དགོས།

  བརྡ་སྦྱོར་ནང་བླང་བྱ་བཏོན་རྒྱུར།རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)དང་སྒྲིགས་ཨུ(སྒྲིགས་བཤེར་ཚན་ཆུང)ཡིས《སྲོལ་ཡིག》ལག་ཏུ་བསྟར་བའི་གནས་ཚུལ་ལ་དུས་ཐོག་ཏུ་ཆེད་དོན་ཞིབ་བཤེར་བྱས་ཏེ།གཏན་འབེབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་ནན་ཏན་བྱེད་དགོས།

  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་ཏུ་བསྟར་བའི་གོ་རིམ་ཁྲོད་ཀྱི་གནས་ཚུལ་དང་གྲོས་གཞི་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱེད་དགོས།

  《ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག》གི་ནང་དོན་ཆ་ཚང་གཤམ་གསལ་ལྟར།

  དོན་ཚན་དང་པོ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་། ཏང་གི་འགན་འདྲིའི་བྱ་བ་ཚད་ལྡན་དང་ཇེ་དྲག་ཏུ་གཏོང་བའི་ཆེན་དུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིགས་ཡིག》ལྟར་སྲོལ་ཡིག་འདི་གཏན་འབེབས་བྱས།

  དོན་ཚན་གཉིས་པ། ཏང་གི་འགན་འདྲི་བྱ་བས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཆགས་སྟངས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་དམིགས་ནས།ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་བཅས་བྱས་ནས།དབང་ཆ་ཡོད་ན་ཁག་འགན་ཡོད་དགོས་པ་དང་།འགན་འཁྲི་ཡོད་ན་ཁག་འགན་འཁུར་དགོས་པ།ལས་འཛོལ་བྱུང་ན་རྩད་གཅོད་ནན་མོ་བྱེད་དགོས་པར་མ་ཟད།ཏང་གི་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ་དང་།ཏང་གི་མགོ་ཁྲིད་ལས་བྱེད་པས་བྱ་བར་བློ་དཀར་ཞིང་སྤྱོད་པ་གཙང་བས་འགན་འཁྲི་ཁུར་ཕོད་པར་སྐུལ་མ་གཏོང་དགོས།

  དོན་ཚན་གསུམ་པ། ཏང་གི་འགན་འདྲི་བྱ་བའི་ཐད་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་སྟེ།སྒྲིགས་སྲོལ་དང་སྒྲིགས་ཁྲིམས་ལྟར་དང་དངོས་ཐོག་བདེན་འཚོལ་བྱས་ཏེ།ལས་འཛོལ་བྱུང་ན་རྩད་གཅོད་བྱེད་དགོས་པ་དང་།འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱས་ཏེ།རིམ་པ་རེ་རེ་བཞིན་ལས་འགན་འཁུར་བ་དང་རིམ་པ་རེ་རེ་བཞིན་འགན་འཁྲི་དངོས་འབེབས་བྱེད་དགོས།

  དོན་ཚན་བཞི་པ། ཏང་གི་འགན་འདྲི་བྱ་བ་ནི་ཏང་རྩ་འཛུགས་ཀྱིས་འགན་འཁྲིའི་དབང་མཚམས་ལྟར་ཏང་གི་འཛུགས་སྐྲུན་དང་ཏང་གི་ལས་དོན་ནང་ལས་འཛོལ་འགན་འཛོལ་བྱུང་བའི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི།མགོ་ཁྲིད་པའི་འགན་འཁྲི་བཅས་རྩད་གཅོད་བྱེད་རྒྱུ་དེ་རེད།

  འགན་འདྲི་བྱ་ཡུལ་ནི་རིམ་པ་སོ་སོའི་ཏང་ཨུའམ(ཏང་ཙུའུ)ཏང་གི་བྱ་བའི་སྡེ་ཁག་དང་དེའི་མགོ་ཁྲིད་ཁོངས་མི།རིམ་པ་སོ་སོའི་སྒྲིགས་ཨུ(སྒྲིགས་བཤེར་ཚན་ཆུང)དང་དེའི་མགོ་ཁྲིད་ཁོངས་མི་བཅས་ཡིན་ལ།གཙོ་བོ་ནི་འགན་འཁྲི་པ་གཙོ་བོ་ཡིན།

  དོན་ཚན་ལྔ་པ། འགན་འདྲི་བྱེད་སྐབས་ངེས་པར་འགན་འཁྲི་གསལ་པོ་བྱེད་དགོས།ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་གིས་འགན་འཁྲིའི་ཁྱབ་ཁོངས་ནང་དུ་ཁྱོན་ཡོངས་ནས་མགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས།མགོ་ཁྲིད་ཚན་ཁག་གི་འགན་འཁྲི་པ་གཙོ་བོ་དང་ཐད་ཀའི་གཙོ་གཉེར་ཚན་ཁག་གི་ཁོངས་མིས་འགན་འཁྲི་པ་གཙོ་བོའི་འགན་འཁྲི་འཁུར་དགོས།ཇུས་ཆོད་དང་བྱ་བར་ཞུགས་པའི་ཚན་ཁག་གི་ཁོངས་མི་གཞན་དག་གིས་མགོ་ཁྲིད་པ་གཙོ་བོའི་འགན་འཁུར་དགོས།

  དོན་ཚན་དྲུག་པ། ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པ་ཏང་གི་སྒྲིགས་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་པ་དང་འགལ་ཏེ།འགན་འཁྲི་མི་འཁུར་བའམ་ཡང་ན་འགན་འཁྲི་ཡང་དག་གིས་མ་ཁུར་པར།

  གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།འགན་འདྲི་རྩད་གཅོད་བྱ་དགོས་པ་སྟེ།

  (གཅིག)ཏང་གི་མགོ་ཁྲིད་བྱེད་ཤུགས་ཇེ་ཞན་དུ་སོང་བ་དང་།ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས།ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་ནུས་ལྡན་ལག་ལེན་དང་དངོས་འབེབས་མ་བྱེད་པར།དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་དང་ཡང་ན་རང་ས་གནས་དང་རང་སྡེ་ཁག རང་སྡེ་ཚན་བཅས་སུ་བྱུང་བའི་གནད་དོན་ཆེན་པོ་ཁྲོད་མགོ་ཁྲིད་ཀྱི་ནུས་པ་བཏོན་པ་མི་ལེགས་པ་དང་།ནོར་འཛོལ་ཆེན་པོ་བྱུང་སྟེ།ཏང་གི་ལས་དོན་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཆེན་པོ་བཟོས་པ་དང་ཤུགས་རྐྱེན་ངན་པ་ཐེབས་པ།

  (གཉིས)ཏང་གི་འཛུགས་སྐྲུན་ཐད་ཤུགས་མི་འདོན་པ་དང་།ཏང་ནང་གི་ཆབ་སྲིད་འཚོ་བ་རྒྱུན་ལྡན་མིན་པ།རྩ་འཛུགས་འཚོ་བ་འཐུས་ཚང་མིན་པ།ཏང་རྩ་འཛུགས་ནུས་མིད་ཟབ་ཟོབ་ཡིན་པ།ཏང་གཤིས་སློབ་གསོ་དང་ནང་སྒོས་སུ་ཕུགས་འདུན་འདུ་ཤེས་ཀྱི་དམིགས་ཡུལ་སློབ་གསོ་གཉོམ་ཞན་ཡིན་པ།ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་མི་བྱེད་པ།སྤྱོད་ཚུལ་འཛུགས་སྐྲུན་ཕྱི་ཚུལ་ཙམ་ཡིན་པ།ལས་བྱེད་པ་འདེམ་པ་དང་བསྐོ་བཞག་བྱེད་པའི་བྱ་བའི་ཁྲོད་དུ་གནད་དོན་མང་པོ་བྱུང་བ།ཏང་ནང་དང་མང་ཚོགས་ཁྲོད་བསམ་འཆར་ཆེ་བ།ཏང་གི་སྣང་བཪྙན་ལ་གནོད་འཚེ་གཏོང་བ།ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞིར་གནོད་འཚེ་བཏང་བ།

  (གསུམ)ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་མི་འདང་བ།འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དངོས་འབེབས་བྱེད་པ་གནད་སར་མི་འབྱོར་བ།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་ལྷོད་ཡངས་ཞན་གསུམ་དུ་གྱུར་པ།མི་བཟང་རིང་ལུགས་དར་ཏེ་ཚང་མར་ངག་འཇམ་ཞི་དུལ་གྱིས་འགན་འཁྲི་མི་འཁུར་བ་དང་ཁག་མི་འཁུར་བ།ཏང་ནང་གི་ལྟ་སྐུལ་དོ་དམ་ཞན་པ།ཪྙེད་འོས་པའི་གནད་དོན་ཪྙེད་མིད་པ།གནད་དོན་ཪྙེད་རྗེས་ཡར་ཞུ་དང་ཐག་གཅོད་མི་བྱེད་པ་དང་ལེགས་སྒྲིག་དང་འགན་འདྲི་མི་བྱེད་པར།མཇུག་འབྲས་ངན་པ་བཟོས་པ།

  (བཞི)ཏང་གི་ཆབ་སྲིད་སྒྲིགས་ཁྲིམས་དང་རྩ་འཛུགས་སྒྲིགས་ཁྲིམས།སྤྱོད་གཙང་སྒྲིགས་ཁྲིམས།མང་ཚོགས་སྒྲིགས་ཁྲིམས།བྱ་བའི་སྒྲིགས་ཁྲིམས།འཚོ་བའི་སྒྲིགས་ཁྲིམས་བཅས་ལ་སྲུང་སྐྱོབ་བྱས་པ་མི་འདང་བས།ཁྲིམས་འགལ་སྒྲིགས་འགལ་གྱི་བྱ་སྤྱོད་མང་དུ་བྱུང་བ་དང་།ནང་སྒོས་སུ་ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་སྲུང་སྐྱོབ་བྱེད་པའི་ཐད་ནས་ནོར་འཛོལ་བྱུང་སྟེ།ཁོངས་གཏོགས་མངའ་ཁོངས་སུ་བཀའ་ཡོད་བཞིན་དུ་མི་བསྒྲུབ་པ་དང་།གཏན་འགོག་བྱེད་བཞིན་དུ་མི་ཁོག་པ།ངན་པ་ཕྱོགས་སྒྲིག་བྱེད་པའི་གནད་དོན་ཚབས་ཆེན་ཡིན་པ་བཅས་ཀྱིས་ཤུགས་རྐྱེན་ངན་པ་བཟོས་པ།

(ལྔ)ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བ་མཐའ་གཅིག་ཏུ་མི་བསྒྲུབ་པ་དང་ནན་ཏན་མིན་པ། ཁོངས་གཏོགས་མངའ་ཁོངས་ནང་གི་རུལ་སུངས་གང་སར་ཁྱབ་པའི་གནས་བབ་བཀག་འགོག་ནུས་ལྡན་མི་བྱེད་པ།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྲོལ་ངན་ལུགས་ངན་དང་རུལ་སུངས་གནད་དོན་འབུར་ཐོན་ཡིན་པ།

  (དྲུག)འགན་འཁྲི་རྩད་གཅོད་བྱེད་དགོས་པའི་ལས་འཛོལ་འགན་འཛོལ་གྱི་གནས་ཚུལ་གཞན་དག

  དོན་ཚན་བདུན་པ། ཏང་རྩ་འཛུགས་ཀྱི་འགན་འདྲི་ཐབས་ལ་འདི་དག་ཡོད་པ་སྟེ།

(གཅིག)ཞིབ་བཤེར་བྱེད་པ།འགན་འདྲི་ལག་བསྟར་བྱས་པ་མི་འདང་ཞིང་།གནས་ཚུལ་ཅུང་ཡང་མོ་ཡིན་ན།བཀའ་ཕབ་སྟེ་དེ་ལ་ཡིག་ངོས་ཀྱི་སྐྱོན་ཞིབ་འབྲི་རུ་འཇུག་པར་མ་ཟད་དངོས་གནས་ལེགས་སྒྲིག་བྱེད་དུ་འཇུག་དགོས།

  (གཉིས)བརྡ་ཁྱབ་གཏོང་བ།འགན་འཁྲི་ལག་བསྟར་བྱས་པ་མི་འདང་ཞིང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ལེགས་སྒྲིག་བྱེད་དགོས་པའི་བཀའ་འབེབས་པར་མ་ཟད།ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་བརྡ་ཁྱབ་སྤེལ་དགོས།

  (གསུམ)བཅོས་སྒྲིག་བྱེད་པ།ལས་འཛོལ་འགན་འཛོལ་བྱུང་སྟེ།ཏང་གི་སྒྲིགས་ཁྲིམས་ལ་འགལ་བ་ཚབས་ཆེན་ཡིན་པ་དང་།རང་སྟེང་ནས་ཡོ་བསྲང་བྱེད་མི་ཐུབ་ན་བཅོས་སྒྲིག་བྱེད་དུ་འཇུག་དགོས།

  ཏང་གི་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ཐབས་ལ་འདི་དག་ཡོད་པ་སྟེ།

  (གཅིག)བརྡ་ཁྱབ་སྤེལ་བ།འགན་འདྲི་ལག་བསྟར་བྱས་པ་མི་འདང་ན།སྐྱོན་བརྗོད་ནན་མོ་བྱེད་དགོས་པ་དང་།སྒྲིགས་ཁྲིམས་ལྟར་ལེགས་སྒྲིག་བྱེད་པར་མ་ཟད།

  ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་བརྡ་ཁྱབ་སྤེལ་དགོས།

  (གཉིས)གསལ་འདེབས་ཁ་ཏ།ལས་འཛོལ་འགན་འཛོལ་བྱུང་ཞིང་།གནས་ཚུལ་ཅུང་ཡང་མོ་ཡིན་ན།ཁ་བརྡ་བྱེད་པའམ་ཡང་ན་ཡིག་ཐོག་ནས་གསལ་འདེབས་ཁ་ཏ་བྱེད་དགོས།

  (གསུམ)རྩ་འཛུགས་ཀྱིས་ལེགས་སྒྲིག་དང་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས།ལས་འཛོལ་འགན་འཛོལ་བྱུང་སྟེ།གནས་ཚུལ་ཅུང་ཚབས་ཆེན་ཡིན་པ་དང་།ད་ལྟའི་གོ་གནས་འཁུར་མི་འོས་ན།གནས་ཚུལ་ལྟར་གོ་གནས་འཁུར་མཚམས་བཞག་ནས་ཞིབ་བཤེར་དང་ལས་གནས་ལེགས་སྒྲིག་བྱེད་པ།ལས་གནས་ནས་ཕུད་པ་དང་གོ་གནས་མར་འབེབས་པ།གོ་གནས་མིད་པར་བཟོ་དགོས་པ་བཅས་ཀྱི་བཀའ་འབེབས་པའི་བྱེད་ཐབས་སྤྱོད་དགོས།

(བཞི)སྒྲིགས་ཁྲིམས་ལྟར་ཆད་པ་གཅོད་པ།ལས་འཛོལ་འགན་འཛོལ་བྱུང་བར་སྒྲིགས་ཁྲིམས་ལྟར་ཆད་པ་གཅོད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལྟར་སྒྲིགས་ཁྲིམས་འགན་འདྲི་བྱེད་དགོས།

  གོང་གི་འགན་འདྲི་ཐབས་འདི་དག་ནི་ཁེར་རྐྱང་གིས་བཀོལ་སྤྱོད་བྱེད་ཆོག་ལ།མཉམ་དུ་བཀོལ་སྤྱོད་བྱེད་ནའང་ཆོག

  དོན་ཚན་བརྒྱད་པ།  འགན་འདྲིའི་ཆོད་དོན་ནི་ངེས་པར་ཏང་ཀྲུང་དབྱང་དང་ཡང་ན་དོ་དམ་དབང་མཚམས་ཡོད་པའི་ཏང་རྩ་འཛུགས་ཀྱིས་བྱེད་དགོས་པ་དང་།དེའི་ནང་གི་ཏང་གི་མགོ་ཁྲིད་ལས་བྱེད་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང(སྒྲིག་བཤེར་ཚན་ཆུང)།ཏང་གི་བྱ་བའི་སྡེ་ཁག་བཅས་ལ་བརྡ་ཁྱབ་སྤེལ་བ་དང་གསལ་འདེབས་ཁ་ཏ་བྱེད་རྒྱུའི་དབང་ཆ་ཡོད།རྩ་འཛུགས་ཀྱིས་ལེགས་སྒྲིག་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པའི་གྲོས་གཞི་བཏོན་ཆོག སྒྲིགས་ཁྲིམས་ལྟར་ཆད་པ་གཅོད་པའི་རྣམ་པ་སྤྱད་དེ་འགན་འདྲི་བྱེད་པ་དང་།ཏང་གི་སྒྲིགས་ཡིག་དང་ཏང་ནང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དབང་མཚམས་དང་གོ་རིམ་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་དགུ་པ། འགན་འདྲིའི་བྱ་རྒྱུའི་ཐག་བཅད་རྗེས།ངེས་པར་དུས་ལྟར་འགན་འདྲི་བྱ་ཡུལ་གྱི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པ་དང་དེ་མིན་ད་རུང་དེ་ཉིད་གནས་སའི་ཏང་རྩ་འཛུགས་ལ་བསྒྲག་དགོས་པར་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་དགོས།

འགན་འདྲི་བྱེད་པའི་འབྲེལ་ཡོད་གནས་ཚུལ་རྣམས་རྩ་འཛུགས་སྡེ་ཁག་ལ་བརྡ་ཁྱབ་སྤེལ་དགོས་པར་མ་ཟད།རྩ་འཛུགས་སྡེ་ཁག་གིས་འགན་འདྲི་བྱེད་རྒྱུའི་ཐག་བཅད་པའི་དཔྱད་གཞིའི་ཡིག་རིགས་རྣམས་འགན་འདྲི་བྱེད་པའི་མགོ་ཁྲིད་ལས་བྱེད་པའི་མི་སྒེར་ཡིག་ཚགས་ནང་འཇོག་དགོས་པར་མ་ཟད།གོང་རིམ་རྩ་འཛུགས་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་སྙན་སེང་ཞུ་དགོས།རྩ་འཛུགས་ཀྱིས་ལེགས་སྒྲིག་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པ་དང་འབྲེལ་ན།ཟླ་གཅིག་གི་ནང་དུ་དེ་བསྟུན་གྱི་འགྲོ་རིམ་བསྒྲུབ་ཚར་དགོས།

འགན་འདྲི་བྱས་པའི་ཏང་གི་མགོ་ཁྲིད་ལས་བྱེད་པས་འགན་འདྲི་བྱེད་རྒྱུའི་ཐག་བཅད་པའི་ལས་ཁུངས་ལ་ཡིག་ངོས་ཀྱི་སྐྱོན་ཞིབ་འབྲི་དགོས་པར་མ་ཟད།དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་དང་ཡང་ན་ཏང་གི་གྲོས་ཚོགས་གཞན་པའི་སྟེང་སྐྱོན་ངོས་ལེན་ཟབ་མོ་བྱེད་དགོས།འགན་འདྲིའི་དཔེ་མཚོན་གནད་དོན་བརྡ་ཁྱབ་ཏུ་སྤེལ་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།རྩ་འཛུགས་ཀྱིས་ལེགས་སྒྲིག་དང་རྩ་འཛུགས་ཀྱིས་ཐག་གཅོད།སྒྲིགས་ཁྲིམས་ལྟར་ཆད་པ་གཅོད་པ་བཅས་ཀྱི་རྣམ་པས་འགན་འདྲི་བྱས་ན།སྤྱིར་བཏང་དུ་སྤྱི་ཚོགས་སྟེང་བསྒྲག་དགོས།

དོན་ཚན་བཅུ་པ། ཚེ་གང་པོར་འགན་འདྲི་ལག་བསྟར་བྱས་ཏེ།ལས་འཛོལ་འགན་འཛོལ་བྱུང་བའི་ངོ་བོ་ཚབས་ཆེན་ཡིན་པ་དང་།མཇུག་འབྲས་ཚབས་ཆེན་བཟོས་ན།དེའི་འགན་འཁྲི་པ་ལས་གནས་སྤོ་སྒྱུར་དང་གོ་གནས་འཕར་བ།ཡང་ན་ལས་འཁྱུར་ངལ་གསོ་བྱས་པ་གང་ཞིག་ཡིན་རུང་།འགན་འདྲི་ནན་མོ་བྱེད་དགོས།

དོན་ཚན་བཅུ་གཅིག་པ། ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་།ཀྲུང་དབྱང་གི་པུའུ་ཨུ་སོ་སོ།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་སོ་སོའི་ཏང་ཙུའུ(ཏང་ཨུ)བཅས་ཀྱིས་སྲོལ་ཡིག་འདིའི་གཏན་འཁེལ་ལྟར་ལག་བསྟར་བྱེད་པའི་བྱེད་ཐབས་གཏན་འབེབས་བྱེད་ཆོག

 ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་འབྲེལ་ཡོད་གཏན་འཁེལ་གཏན་འབེབས་བྱེད་ཆོག

དོན་ཚན་བཅུ་གཉིས་པ། སྲོལ་ཡིག་འདི་ལ་ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་བྱེད་པའི་འགན་འཁུར་དགོས།

དོན་ཚན་བཅུ་གསུམ་པ། སྲོལ་ཡིག་འདི2016ལོའི་ཟླ7པའི་ཚེས8ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།སྔོན་ཆད་སྤེལ་བའི་འབྲེལ་ཡོད་འགན་འདྲིའི་ནང་གི་གཏན་འཁེལ་སྲོལ་ཡིག་འདི་དང་གཅིག་མཐུན་མིན་ན།སྲོལ་ཡིག་འདི་ལྟར་ལག་བསྟར་བྱེད་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།