ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེའུ་དང་པོ། སྤྱིའི་རྩ་འཛིན། 

1994ལོའི་ཟླ10ཚེས27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2001ལོའི་ཟླ11ཚེས23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་དང་པོ་བྱས།2006ལོའི་ཟླ11ཚེས29ཉིན་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོཌ་འདུ་ཐེངས་ཉེར་བདུན་པའི་ཐོག་དག་བཅོས་ཐེངས་གཉིས་པ་བྱས། 2010ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་དག་བཅོས་ཐེངས་གསུམ་པ་བྱས། 2015ལོའི་ཟླ11ཚེས26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་དག་བཅོས་ཐེངས་བཞི་པ་བྱས)

དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》དང་། དེ་བཞིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དུ་རྩྭ་ཐང་འཆར་འགོད་དང་། སྲུང་སྐྱོང། འཛུགས་སྐྲུན། བེད་སྤྱོད། དོ་དམ་བཅས་ཀྱི་བྱེད་སྒོ་སྤེལ་བར་བྱ་ཐབས་འདི་སྤྱོད་རྒྱུ།

དོན་ཚན་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་ལ་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ཕྱོགས་ཡོངས་ནས་སྲུང་སྐྱོང། གཙོ་གནད་དུ་འཛུགས་སྐྲུན། ལུགས་མཐུན་བེད་སྤྱོད་བཅས་བྱས་ཏེ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྩྭ་ཐང་སྲུང་སྐྱོང་དང་། འཛུགས་སྐྲུན། བེད་སྤྱོད་བཅས་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་འཇུག་དགོས།གྲོང་ཁྱེར(ས་གནས)དང་། རྫོང(གྲོང་ཁྱེར་དང་ཆུད)ཤང(གྲོང་རྡལ)བཅས་ཀྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་རྒྱུའི་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་འཛུགས་དགོས།

དོན་ཚན་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་རྩྭ་ཐང་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུའི་གཙོ་འགན་འཁུར་རྒྱུ།གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་རྩྭ་ཐང་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུའི་གཙོ་འགན་འཁུར་དགོས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ངེས་པར་དུ་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་རྩྭ་ཐང་སྲུང་སྐྱོང་དང་། འཛུགས་སྐྲུན། བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དགོས་མཁོ་གཞིར་བཟུང་ལས་གནས་ཆེད་འཛིན་ནམ་ཡང་ན་གཅིག་ལྕོགས་མི་སྣ་བསྐོས་ནས་ཞིབ་ཕྲའི་ལྟ་སྐུལ་ཞིབ་བཤེར་བྱེད་འགན་འཁུར་དུ་འཇུག་དགོས།

དོན་ཚན་ལྔ་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་གནས) དེ་བཞིན་འབྲོག་ལས་གཙོ་བོ་ཡིན་པའི་རྫོང་བཅས་ཀྱིས་ངེས་པར་དུ་རྩྭ་ཐང་གི་ཚན་རིག་ཞིབ་འཇུག་དང་ཁྱབ་གདལ་གཏོང་རྒྱུའི་ལམ་སྲོལ་རིམ་བཞིན་འཛུགས་རྒྱུ་མ་ཟད། འཐུས་ཚང་བཟོ་རྒྱུ་དང་། རྩྭ་ཐང་གི་ཚན་རྩལ་དཔུང་ཁག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩྭ་ཐང་གི་ཚན་རིག་ཞིབ་འཇུག་ཧུར་ཐག་བྱས་ཏེ་རྩྭ་ཐང་འཛུགས་སྐྱོང་དོ་དམ་གྱི་ཚན་རིག་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས། རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་མི་སྣར་རྩྭ་ཐང་གི་ཚན་རྩལ་ཞིབ་འཇུག་དང་ལག་རྩལ་ཞབས་ཞུ་སྤེལ་རྒྱུར་སྐུལ་ལྕག་བཏང་ནས་ཞིང་འབྲོག་མང་ཚོགས་ལ་རྩྭ་ཐང་འཛུགས་སྐྱོང་དང་། སྲུང་སྐྱོང། ལུགས་མཐུན་བེད་སྤྱོད་བཅས་བྱེད་རྒྱུའི་མཛུབ་ཁྲིད་བྱེད་རྒྱུ།

དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྩྭ་ཐང་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་ཐེར་འདོན་བྱེད་ལམ་འཛུགས་དགོས། རྩྭ་ཐང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ལ་ཚན་པ་དང་མི་སྒེར་ཚང་མས་ཐེར་འདོན་དང་ཁྲིམས་སྦྱོར་བྱེད་པའི་དབང་ཆ་ཡོད།

དོན་ཚན་བདུན་པ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་གིས་རྩྭ་ཐང་དོ་དམ་དང་། སྲུང་སྐྱོང་། འཛུགས་སྐྲུན། ལུགས་མཐུན་བེད་སྤྱོད་དང་དེ་བཞིན་ཚན་རིག་ཞིབ་འཇུག་སོགས་བྱེད་པའི་ལས་དོན་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ།

ལེའུ་གཉིས་པ། རྩྭ་ཐང་འཆར་འགོད།

དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་རྩྭ་ཐང་སྲུང་སྐྱོང་དང་། འཛུགས་སྐྱོང་། བེད་སྤྱོད་བཅས་ཀྱི་འཆར་འགོད་ལམ་ལུགས་འཛུགས་རྒྱུ།རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་རིམ་པ་གཅིག་གིས་མཐོ་བའི་རྩྭ་ཐང་སྲུང་སྐྱོང་དང་། འཛུགས་སྐྱོང་། བེད་སྤྱོད་བཅས་ཀྱི་འཆར་འགོད་གཞིར་བཟུང་སོ་སོའི་སྲིད་འཛིན་ས་ཁོངས་ཀྱི་རྩྭ་ཐང་སྲུང་སྐྱོང་དང་། འཛུགས་སྐྱོང་། བེད་སྤྱོད་བཅས་བྱེད་རྒྱུའི་འཆར་འགོད་བཟོས་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས། རྩྭ་ཐང་སྲུང་སྐྱོང་དང་། འཛུགས་སྐྱོང་། བེད་སྤྱོད་བཅས་ཀྱི་འཆར་འགོད་ལེགས་སྒྲིག་གམ་ཡང་ན་བཟོ་བཅོས་རྒྱག་དགོས་ཚེ་ངེས་པར་དུ་དེ་སྔའི་ཆོག་མཆན་སྤྲོད་མཁན་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།

དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་རྩྭ་ཐང་ལ་བརྟག་དཔྱད་བྱེད་པའི་ལམ་ལུགས་འཛུགས་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུཌ་བྱས་ཏེ་ལོ་ལྔ་རེའི་ཐོག་རྩྭ་ཐང་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་རེ་བྱེད་དགོས་པ་དང་། ལོ་གསུམ་རེའི་ཐོག་ཆེད་དོན་བརྟག་དཔྱད་ཐེངས་རེ་བྱེད་དགོས། རྩྭ་ཐང་ལ་བརྟག་དཔྱད་བྱེད་པར་རྩྭ་ཐང་སྤྱོད་མཁན་ནམ་ཡང་ན་གཉེར་སྐྱོང་འགན་གཙང་ལེན་མཁན་གྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཀྱི་དཔྱད་ཡིག་དང་གཞི་གྲངས་མཁོ་འདོན་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རྩྭ་ཐང་ཐོན་ཁུངས་ཀྱི་ཡིག་ཚགས་བཟོས་ཏེ་ཁྲིམས་ལུགས་བཞིན་རྩྭ་ཐང་གི་རྒྱ་ཁྱོན་དང་། རིམ་པ། རྩྭའི་ཐོན་འབོར། རྩྭ་ཁའི་ཕྱུགས་རིགས་ཤོང་ཚད། དེ་བཞིན་རྩྭ་ཐང་འཛུགས་སྐྱོང་བྱེད་ཕྱོགས་བཅས་ཀྱི་ཐད་བསྡོམས་རྩིས་བརྒྱབ་སྟེ་གཞི་འཛིན་གྲངས་མཛོད་བཟོ་དགོས།

དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ཀྱིས་རྩྭ་ཐང་གི་ཐོན་སྐྱེད་དང་འབྱུང་ཁམས་ལ་དཔྱད་ཞིབ་ཉེན་ཟོན་དང་སྔོན་བརྡའི་མ་ལག་འཛུགས་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འབྱུང་ཁམས་དང་། གནམ་གཤིས། རྩྭ་ཐང་གི་རིགས་གཙོ་བོ། དེ་བཞིན་འབྲོག་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་བཅས་མི་འདྲ་བར་གཞིགས་ཏེ་རྩྭ་ཐང་ཐོན་ཁུངས་ལ་འགྱུར་འགུལ་དཔྱད་ཞིབ་ས་ཚུགས་འཛུགས་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རྩྭ་ཐང་གི་རྒྱ་ཁྱོན་དང་། རིམ་པ། རྩི་ཤིང་ཁེབས་ཚུལ། ཐོན་སྐྱེད་ནུས་ཤུགས། རང་བྱུང་གནོད་འཚེ། སྐྱེ་དངོས་ཀྱི་གནོད་འཚེ་སོགས་རྩྭ་ཐང་གི་གཞི་རྩའི་གནས་ཚུལ་དང་། དེ་བཞིན་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཕན་འབྲས་ཐད་ལ་འགྱུར་འགུལ་ཀྱི་དཔྱད་ཞིབ་བྱས་ནས་དུས་ཐོག་ཏུ་རིམ་པ་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་འགྱུར་འགུལ་དཔྱད་ཞིབ་བྱས་ཚུལ་དང་ཉེན་ཟོན་ཆ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཉེན་ཟོན་ཆ་འཕྲིན་ལག་འབྱོར་བྱུང་རྗེས་ངེས་པར་དུ་དེ་མཚུངས་ཀྱི་སྔོན་འགོག་དང་། ཚོད་འཛིན་བཅོས་སྐྱོང་བཅས་ཀྱི་བྱ་ཐབས་དུས་ཐོག་ཏུ་སྤྱོད་དགོས།

ལེའུ་གསུམ་པ། རྩྭ་ཐང་གཉེར་སྐྱོང་།

དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་ལ་དབང་བའི་མཉམ་སྡེབ་ཀྱིས་བེད་སྤྱོད་པའི་རྩྭ་ཐང་དང་མཉམ་སྡེབ་ལ་དབང་བའི་རྩྭ་ཐང་རིགས་མཉམ་སྡེབ་དེ་གའི་དཔལ་འབྱོར་སྒྲིག་འཛུགས་ནང་གི་དུད་ཚང་སྒེར་གྱིས་འགན་གཙང་ལེན་པའམ་ཡང་ན་དུད་ཚང་མཉམ་འབྲེལ་གྱིས་འགན་གཙང་བླངས་ནས་འབྲོག་ལས་ཐོན་སྐྱེད་བྱེད་ཆོག

དོན་ཚན་བཅུ་གཉིས་པ། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྒྲིག་འཛུགས་དང་། དམག་དཔུང་། ལས་ཁུངས། སློབ་གྲྭ དགོན་སྡེ་སོགས་ལ་ཁྲིམས་ལུགས་ལྟར་བེད་སྤྱོད་བྱེད་རྒྱུར་སྤྲད་པའི་རྩྭ་ཐང་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་དེབ་བཟོས་ནས་རྩྭ་ཐང་བེད་སྤྱོད་ཆོག་པའི་ལག་ཁྱེར་སྤྲད་དེ་རྩྭ་ཐང་བེད་སྤྱོད་བྱེད་དབང་གཏན་འཁེལ་བཟོ་དགོས།

དོན་ཚན་བཅུ་གསུམ་པ། རྩྭ་ཐང་བེད་སྤྱོད་བྱེད་དབང་ལག་ཁྱེར་དང་རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་དབང་ལག་ཁྱེར་གཉིས་རྫོང་རིམ་མི་དམངས་སྲིད་གཞུང་གིས་དཔྱད་སྤྲོད་བྱེད་དགོས། རྩྭ་ཐང་གི་བདག་དབང་དང་། བེད་སྤྱོད་བྱེད་དབང་། གཉེར་སྐྱོང་འགན་གཙང་ལེན་དབང་བཅས་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་ཐོབ་ཀྱི་ཡོད་པས་ཚན་པ་དང་མི་སྒེར་གང་རུང་གིས་བཙན་གནོད་བྱེད་མི་ཆོག རྩྭ་ཐང་བེད་སྤྱོད་བྱེད་དབང་ལག་ཁྱེར་དང་རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་དབང་ལག་ཁྱེར་གཉིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཅིག་གྱུར་ཐོག་བཟོ་རྒྱུ་དང་གཏན་འབེབས་གཞིར་བཟུང་པར་འདེབས་མ་གནས་བསྡུ་བ་ཕུད་གླ་རིན་གཞན་དག་བསྡུ་མི་ཆོག

དོན་ཚན་བཅུ་བཞི་པ། རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་སྐབས་འགན་གཙང་སྤྲོད་མཁན་དང་འགན་གཙང་ལེན་མཁན་གཉིས་ཀྱིས་ཡིག་ཐོག་གན་རྒྱ་འཇོག་དགོས། རྒྱལ་ཁབ་ལ་དབང་ཞིང་མཉམ་སྡེབ་ཀྱིས་བེད་སྤྱོད་བྱེད་པའི་རྩྭ་ཐང་ཡིན་ཕྱིན་འགན་གཙང་སྤྲོད་མཁན་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་ཡིན་པ་དང་མཉམ་སྡེབ་ལ་དབང་པའི་རྩྭ་ཐང་ཡིན་ཕྱིན་འགན་གཙང་སྤྲོད་མཁན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒྲིག་འཛུགས་སམ་ཡང་ན་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཡིན། འགན་གཙང་ལེན་མཁན་དེ་རྩྭ་ཐང་གཉེར་སྐྱོང་བྱེད་མཁན་ཡིན།

དོན་ཚན་བཅོ་ལྔ་པ། གཉེར་སྐྱོང་འགན་གཙང་ལེན་པའི་གན་རྒྱའི་གཙོ་བོ་ནང་དོན་ཁོངས་སུ་ཕྱོགས་གཉིས་ཀའི་དབང་ཆ་དང་། འོས་འགན། དེ་བཞིན་འགན་གཙང་ལེན་ནས་བེད་སྤྱོད་བྱེད་པའི་རྩྭ་ཐང་གི་རྒྱ་ཁྱོན་དང་། རིགས་གྲས། རིམ་པ། ཕྱོགས་བཞིའི་དབྱེ་མཚམས། དུས་ཚད། སྤྱོད་སྒོ། གནད་དོན་ལས་འགལ་བའི་འགན་འཁྲི་སོགས་འཁོད་དགོས།

དོན་ཚན་བཅུ་དྲུག་པ། རྩྭ་ཐང་བེད་སྤྱོད་དམ་ཡང་ན་གཉེར་སྐྱོང་བྱེད་པའི་ནང་རྩོད་རྙོག་བྱུང་ཚེ་ངེས་པར་དུ་དབྱེ་བཅད་མཚམས་རྟགས་གཞིར་བཟུང་ལག་བསྟར་བྱེད་དགོས། གལ་སྲིད་དབྱེ་བཅད་མཚམས་རྟགས་མེད་ཚེ་ད་ལྟའི་གནས་ཚུལ་དང་ལོ་རྒྱུས་ལ་ལྟ་བསྡུར་དཔྱད་གཞི་བྱས་ཐོག་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་མཛུབ་ཁྲིད་འོག་རྩོད་རྙོགས་བྱུང་བའི་དོ་བདག་གཉིས་ཀས་ཕན་ཚུན་བསམ་ཤེས་བཟོད་སྒོམ་གྱིས་མཐུན་སྒྲིལ་དང་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུར་ཕན་པ་གཙོ་དོན་དུ་བཟུང་སྟེ་ཕན་ཚུན་གྲོས་མོལ་ཐག་གཅོད་བྱེད་དགོས་པ་དང་། གལ་སྲིད་གྲོས་མཐུན་བྱེད་མ་ཐུབ་ཚེ་རིམ་ཁག་མི་དམངས་སྲིད་གཞུང་གིས་གཤམ་གསལ་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས་པ་སྟེ། 

(གཅིག)འབྲོག་པའི(ཞིང་པ)དུད་ཚང་དབར་དང་། གྲོང་ཚོ་དང་གྲོང་ཚོའི་དབར་གྱི་རྩྭ་ཐང་གི་རྩོད་རྙོག་རིགས་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས་པ་དང་། 

(གཉིས)ཤང་དང་ཤང་དབར་དང་། ཤང་དང་རྫོང་ཁོངས་གཏོགས་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཚན་པའི་དབར་གྱི་རྩྭ་ཐང་གི་རྩོད་རྙོག་རིགས་རྫོང་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས། 

(གསུམ)རྫོང་དང་རྫོང་དབར་དང་། རྫོང་དང་ས་གནས་ཁོངས་གཏོགས་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཚན་པ་དབར་གྱི་རྩྭ་ཐང་གི་རྩོད་རྙོག་རིགས་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས། 

(བཞི)ས་གནས་དང་ས་གནས་དབར་དང་། ས་གནས་དང་རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཚན་པའི་དབར་གྱི་རྩྭ་ཐང་གི་རྩོད་ཪྙོག་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས། རྩྭ་ཐང་གི་རྩོད་རྙོག་ཐག་གཅོད་མ་བྱུང་གོང་དོ་བདག་ཕྱོགས་ནས་ངེས་པར་དུ་རྩྭ་ཐང་བེད་སྤྱོད་བྱེད་པའི་ད་ལྟའི་གནས་སྟངས་སོར་འཇོག་བྱེད་དགོས་པ་ལས་སུས་ཀྱང་རྩྭ་ཐང་དང་། དེའི་མཐའ་སྐྱོར། ཕྱུགས་ར། ཆུ་བེད་སོགས་ཀྱི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་མི་ཆོག་པ་མ་ཟད་འཚོ་བ་དང་ཐོན་སྐྱེད་ཀྱི་སྒྲིག་བཀོད་གསར་པ་བཟོ་མི་ཆོག

དོན་ཚན་བཅུ་བདུན་པ། གཤམ་གསལ་གྱི་གནས་ཚུལ་རིགས་ཡོད་ཚེ་ཁྲིམས་ལུགས་ལྟར་རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་དབང་ལ་འགྱུར་བ་གཏོང་བའམ་ཡང་ན་མཚམས་འཇོག་བྱེད་དགོས་པ་སྟེ། 

(གཅིག) རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་རྩྭ་ཐང་བསྡུ་ལེན་དང་བསྡུ་སྤྱོད་བྱས་པའི་རྐྱེན་གྱིས་རྩྭ་ཐང་བེད་སྤྱོད་གཏོང་ཡུལ་ལ་འགྱུར་བ་བྱུང་བ་དང་།

 (གཉིས) རྩྭ་ཐང་གི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་དང་འབྱུང་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུའི་དགོས་དབང་གིས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་དགོས་པ། 

(གསུམ) འགན་གཙང་ལེན་མཁན་གྱིས་རང་མོས་ཐོག་བློས་བཏང་བའམ་ཡང་ན་དུད་ཚང་ཆ་ཚང་ཆུད་བཙུགས་པའི་གྲོང་ཁྱེར་ལ་གནས་སྤོ་བྱས་ནས་གྲོང་ཁྱེར་ཐེམ་ཐོར་འགྱུར་བ།

(བཞི) ཚབས་ཆེའི་རང་བྱུང་གནོད་འཚེ་སོགས་ཀྱི་དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་བཟོ་སྐྱོར་བྱེད་དགོས་པ། 

(ལྔ)གཉེར་སྐྱོང་འགན་གཙང་ལེན་མཁན་གྱིས་གཉེར་སྐྱོང་འགན་གཙང་སྤྲོད་ལེན་གྱི་གན་རྒྱའི་ཁ་ཆད་ལྟར་འོས་འགན་མ་སྒྲུབ་པར་རྩྭ་ཐང་སྐྱེ་དངོས་དང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ། 

(དྲུག)དེ་མིན་རྒྱུ་རྐྱེན་གཞན་དག་གི་རྐྱེན་པས་རྩྭ་ཐང་དོ་དམ་དང་བེད་སྤྱོད་བྱེད་མི་ཐུབ་པའི་རིགས་བཅས་ཡིན།

དོན་ཚན་བཅོ་བརྒྱད་པ། རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་དབང་དེ་འདྲ་མཉམ་དང་། རང་མོས། རིན་ཡོད་བཅས་ཀྱི་རྩ་དོན་ལྟར་ཁྲིམས་ལུགས་གཞིར་བཟུང་ནང་བཤུག་བཏང་ན་འགྲིག རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་དབང་ནང་བཤུག་བཏང་ཡང་རྩྭ་ཐང་སྤྱོད་སྒོར་འགྱུར་བ་གཏོང་མི་ཆོག ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་རྩྭ་ཐང་བདག་དབང་ཡོད་པའི་ཚན་པའི་ནང་ཁོངས་སུ་ནང་བཤུག་གཏོང་བའམ་ཡང་ན་སྲིད་འཛིན་ས་ཁོངས་ཀྱི་དོ་དམ་བྱེད་ཁོངས་ཉེ་སར་ནང་བཤུག་གཏོང་དགོས།

དོན་ཚན་བཅུ་དགུ་པ། རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་དབང་ཁྲིམས་ལུགས་ལྟར་ནང་བཤུག་གཏོང་མཁན་དང་ལེན་མཁན་གཉིས་ཀྱིས་འགན་གཙང་སྤྲོད་མཁན་ལ་སྙན་ཞུ་འབུལ་དགོས་པ་དང་འགན་གཙང་སྤྲོད་མཁན་གྱི་མོས་མཐུན་ཐོབ་རྗེས་དོ་བདག་ཕྱོགས་གཉིས་པོས་ནང་བཤུག་གཏོང་བའི་གྲོས་མཐུན་འཇོག་དགོས།

དོན་ཚན་ཉི་ཤུ་པ། རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་དབང་ནང་བཤུག་བཏང་རྗེས་ནང་བཤུག་ལེན་མཁན་གྱིས་སླར་ཡང་གཞན་ལ་ནང་བཤུག་གཏོང་དགོས་ཚེ་དེ་སྔོན་འགན་གཙང་སྤྲོད་མཁན་དང་འགན་གཙང་ལེན་མཁན་གཉིས་ཀྱི་མོས་མཐུན་ཐོབ་རྗེས་ཁྲིམས་ལུགས་ཀྱི་འགྲོ་ལུགས་ལྟར་སྒྲུབ་དགོས།

དོན་ཚན་ཉེར་གཅིག་པ། རྩྭ་ཐང་འགན་གཙང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་སྐབས་བདག་མེད་སྲོག་ཆགས་ཀྱི་གཟན་རྩྭ་དང་། འཐུང་ཆུ། དེ་བཞིན་གནས་སྤོ་སོགས་འཚོ་གནས་ཐུབ་པའི་ཆ་རྐྱེན་ལ་བསྟུན་དགོས།

ལེའུ་བཞི་པ། རྩྭ་ཐང་འཛུགས་སྐྲུན།

དོན་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་འཛུགས་སྐྲུན་བྱེད་རྒྱུར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་རྩྭ་ཐང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཚན་པ་དང་མི་སྒེར་ནས་རྩྭ་ཐང་འཛུགས་སྐྲུན་ལ་མ་འཇོག་བྱེད་རྒྱུར་རང་སྐྱོང་ལྗོངས་ཀྱིས་སྐུལ་མ་གཏོང་རྒྱུ་དང་མ་འཇོག་སུས་བྱས་ན་དེར་ཁེ་ཕན་ཐོབ་རྒྱུའི་རྩ་དོན་གཞིར་བཟུང་རྩྭ་ཐང་འཛུགས་སྐྲུན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཚན་པ་དང་མི་སྒེར་ལ་སྤང་རྩྭ་འདེབས་རྒྱུའི་སྐུལ་མ་དང་། རྒྱབ་སྐྱོར། དེ་བཞིན་ཁྲིད་སྟོན་བཅས་བྱེད་དགོས། ས་སྟོང་བཞག་པ་དང་ཞིང་ཁ་མི་འདེབས་པའི་སར་རྩྭ་ར་འདེབས་རྒྱུ་དང་། རང་འབྱུང་རྩྭ་ར་ལེགས་བཅོས་བྱེད་རྒྱུ། གཟན་རྩྭའི་རྟེན་གཞི་འཛུགས་རྒྱུ་བཅས་དར་ཁྱབ་གཏོང་དགོས་པ་དང་། གེགས་འགོག་རྟེན་གཞི་དང་། རྩྭ་ཐང་ར་སྐོར། གཟན་རྩྭ་གསོག་འཇོག ཕྱུགས་ཟོག་གི་ལྷས་ར་རྒྱག་པ་སོགས་ཐོན་སྐྱེད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས།

དོན་ཚན་ཉེར་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་རྩྭ་ཐང་སྲུང་སྐྱོང་དང་། འཛུགས་སྐྲུན། བེད་སྤྱོད་བཅས་ཀྱི་འཆར་འགོད་གཞིར་བཟུང་བྱེ་སར་གྱུར་བ་དང་། ཉམས་ཞན་དུ་གྱུར་བ། བ་ཚྭར་གྱུར་བ། ཐང་རྒོད་དུ་གྱུར་བ། ཨ་བྲ་དང་འབུའི་གནོད་འཚེ་ཕོག་པ། ས་ཆུ་ཤོར་བ་བཅས་ཀྱི་རྩྭ་ཐང་རིགས་བཅོས་སྐྱོང་བྱ་ཁུལ་དུ་དབྱེ་ནས་ཆེད་དམིགས་བཅོས་སྐྱོང་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས།

དོན་ཚན་ཉེར་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཟན་རྩྭའི་སོན་བཟང་འདེབས་གསོའི་རྟེན་གཞི་བཙུགས་ནས་ཡུལ་བབ་ལ་བསྟུན་ཏེ་གཟན་རྩྭའི་སོན་བཟང་ལེགས་འདེམས་དང་། ནང་འདྲེན། ཁྱབ་གདལ་བཅས་གཏོང་དགོས། རྩྭ་སོན་ཐོན་སྐྱེད་དང་། བཟོ་སྣོན། ཞིབ་དཔྱད། ནད་ཡམས་བརྟག་ཞིབ་བཅས་བྱེད་རྒྱུར་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་བྱེད་དགོས།

དོན་ཚན་ཉེར་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་རྩྭ་ཐང་འཛུགས་སྐྲུན་བྱེད་རྒྱུའི་ཐད་བཏང་བའི་མ་དངུལ་རྣམས་ཚན་པའམ་མི་སྒེར་གང་རུང་གིས་བཀག་ཉར་དང་གཞན་སྤྱོད་བྱེད་མི་ཆོག

ལེའུ་ལྔ་པ། རྩྭ་ཐང་བེད་སྤྱོད་དང་སྲུང་སྐྱོང་།

དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་ཀྱིས་རྩྭ་སྦོལ་ཞིང་ཁ་རྩྭ་རར་སྒྱུར་རྒྱུ་དང་རྩྭ་རྒྱ་བསྡམས་ནས་རྩྭ་ཁ་གསོ་རྒྱུའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཞི་རྩའི་རྩྭ་ཐང་སྲུང་སྐྱོང་ལམ་ལུགས་དང་། རྩྭ་ཕྱུགས་དོ་མཉམ་ལམ་ལུགས། རྩྭ་ཁ་སྡོམ་པ། རྩྭ་ཁ་བསྙལ་བ། རྩྭ་ཁ་སྤོ་རེས་བྱེད་པ་བཅས་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་གཏན་འབེབས་བྱས་པའི་རྩྭ་ཐང་གི་རྩྭ་ཁའི་ཕྱུགས་རིགས་ཤོང་ཚད་ཀྱི་ཕྱུགས་གྲངས་ཚད་གཞི་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་གི་རྩྭ་ཁའི་ཕྱུགས་རིགས་ཤོང་ཚད་ཀྱི་ཕྱུགས་གྲངས་ཚད་གཞི་གཏན་འཁེལ་བྱེད་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་རྩྭ་ཐང་གི་རྩྭ་ཁའི་ཕྱུགས་རིགས་ཤོང་ཚད་ཀྱི་ཕྱུགས་གྲངས་ཚད་གཞི་གཞིར་བཟུང་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་རྩྭ་ཁའི་ཕྱུགས་རིགས་ཤོང་ཚད་ཀྱི་ཕྱུགས་གྲངས་ཚན་རིག་ལུགས་མཐུན་བཟོས་ཐོག་རྩྭ་ཕྱུགས་དོ་མཉམ་གྱི་འགན་ཡིག་རིམ་པ་སྟར་ཆགས་བཞག་སྟེ་རྩྭ་ཕྱུགས་དོ་མཉམ་རྒྱུན་འཁྱོངས་ཡོང་བ་བྱེད་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་ལྔ་རེར་རྩྭ་ཕྱུགས་དོ་མཉམ་གྱི་གནས་ཚུལ་ལ་བསྐྱར་ཞིབ་ཐེངས་རེ་བྱེད་དགོས་པ་མ་ཟད་དེ་དོན་ཁྱབ་བསྒྲགས་བྱེད་དགོས། རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་མཁན་གྱིས་རྩྭ་ཐང་ལུགས་མཐུན་བེད་སྤྱོད་གཏོང་དགོས་པ་དང་རྩྭ་ཁར་གཞིགས་ནས་ཕྱུགས་གྲངས་གཏན་འཁེལ་བྱེད་དགོས་པ་ལས་རྩྭ་ཁའི་ཕྱུགས་རིགས་ཤོང་ཚད་ལས་བརྒལ་ནས་ཕྱུགས་རིགས་འཚོ་མི་ཆོག

དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་ནས་ཞིང་ཁུལ་དང་། ས་མ་འབྲོག དེ་བཞིན་ཆ་རྐྱེན་ཡོད་པའི་འབྲོག་ཁུལ་བཅས་ལ་ཕྱུགས་རིགས་ལག་གསོས་དང་ཕྱེད་ལག་གསོས་རྒྱག་རྒྱུ་དར་ཁྱབ་གཏོང་རྒྱུ།

དོན་ཚན་སུམ་ཅུ་པ། རང་བྱུང་གནོད་འཚེ་སོགས་དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་རྩྭ་ཐང་སྙོམས་སྒྲིག་གཡར་སྤྱོད་བྱེད་དགོས་ཚེ་ཕྱོགས་གཉིས་ནས་ཕན་ཚུན་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་། སྲིད་འཛིན་ས་ཁོངས་བརྒལ་ནས་གནས་སྐབས་རྩྭ་ཐང་སྙོམས་སྒྲིག་གཡར་སྤྱོད་བྱེད་དགོས་ཚེ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་ཐུན་མོང་གི་གོང་རིམ་མི་དམངས་སྲིད་གཞུང་གིས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་དགོས། བསམ་འཆར་གཅིག་མཐུན་བྱུང་ན་རྩྭ་ཐང་གཡར་སྤྱོད་ཀྱི་གན་རྒྱ་བཞག་ནས་གནས་སྐབས་རྩྭ་ཐང་གཡར་སྤྱོད་བྱེད་རྒྱུའི་དུས་ཚད་དང་། གཞི་ཁྱོན། གསབ་རིན་སོགས་ཁ་ཆད་བྱེད་དགོས། རྩྭ་ཐང་གཡར་སྤྱོད་དང་སྙོམས་སྒྲིག་བྱེད་པར་ཁ་གཡར་ཏེ་གཞན་གྱི་རྩྭ་ཐང་ཡུན་རིང་ཧམ་བཟུང་བྱེད་རིགས་ནན་འགོག་བྱེད་དགོས་པ་དང་། གནས་སྐབས་བཟུང་སྤྱོད་བྱས་པའི་རྩྭ་ཐང་ཐོག་གཏན་གནས་ཀྱི་ཨར་སྐྲུན་དངོས་རིགས་རྒྱག་མི་ཆོག

དོན་ཚན་སོ་གཅིག་པ། རྩྭ་ཐང་ཐོག་རྩྭ་ཐང་སྲུང་སྐྱོང་བྱེད་རྒྱུ་དང་འབྲོག་ལས་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུ་བའི་ལས་གྲྭའི་སྒྲིག་བཀོད་བཟོ་སྐྲུན་བྱེད་དགོས་ཚེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ཆོག་མཆན་སྤྲོད་དགོས།རྒྱལ་ཁབ་དང་ས་གནས་ཀྱི་འཛུགས་སྐྲུན་དགོས་མཁོའི་རྐྱེན་པས་རྩྭ་ཐང་བསྡུ་སྤྱོད་དང་གནས་སྐབས་བེད་སྤྱོད་བྱེད་དགོས་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས》དང《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས>ལག་བསྟར་བྱེད་ཕྱོགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འགྲོ་ལུགས་སྒྲུབ་དགོས།

དོན་ཚན་སོ་གཉིས་པ། རྩྭ་ཐང་ཐོག་གི་སྤང་བཀོག་པ་དང་། རྩྭ་ཐང་སྦོལ་བའི་རིགས་བྱེད་མི་ཆོགཉམས་གུད་དང་ཕྱེད་ཉམས་གུད་འགྲོ་བ་དང་། ཉམས་ཞན་དུ་གྱུར་བ། བྱེ་སར་གྱུར་བ། བ་ཚྭར་གྱུར་བ། ས་ཆུ་ཤོར་བ་བཅས་ཀྱི་གནས་ཚུལ་ཚབས་ཆེ་བའི་རྩྭ་ཐང་དང་དེ་བཞིན་འབྱུང་ཁམས་གཉོད་ཆུང་བའི་རྩྭ་ཐང་ཐོག་གི་སྐྱེ་དངོས་བཀོག་པའམ་ཡང་ན་རྩྭ་ཐང་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་གཞན་དག་སྤེལ་མི་ཆོག

དོན་ཚན་སོ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། བབ་མཚུངས་ཀྱི་སྲུང་སྐྱོང་བྱ་ཐབས་སྤེལ་དགོས། ཚན་པ་དང་མི་སྒེར་ཚང་མས་ངེས་པར་དུ་རྩྭ་ཐང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུའི་འོས་འགན་བསྒྲུབ་དགོས་པ་ལས་ཆུ་སྙིགས་དང་། རླངས་རོ། ཕན་མེད་རྫས་རོ། གད་སྙིགས། དེ་མིན་སྦག་བཙོག་དངོས་རིགས་གཞན་དག་བཅས་རང་དགར་རྩྭ་ཐང་ཐོག་དབྱུགས་མི་ཆོག

དོན་ཚན་སོ་བཞི་པ། རྩྭ་ཐང་གསར་བཟོ་དང་སྤང་རྩྭ་འདེབས་དགོས་རིགས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་བཟོས་པའི་ལག་འདེབས་བྱེད་ཁུལ་དབྱེ་བཅད་གཞིར་བཟུང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་རྗེས་གཞི་ནས་འདེབས་ལས་བྱེད་དགོས།

དོན་ཚན་སོ་ལྔ་པ། ས་ཆུ་ཚབས་ཆེན་ཤོར་བ་དང་། བྱེ་སར་འགྱུར་བཟོ་ཡོད་པ། འབྱུང་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས་པ་བཅས་ཀྱི་རྩྭ་སྦོལ་ས་ཆའི་རིགས་རིམ་ཁག་མི་དམངས་སྲིད་གཞུང་གིས་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་རྩྭ་སྦོལ་ཞིང་ཁ་རྩྭ་རར་བསྒྱུར་དགོས།

དོན་ཚན་སོ་དྲུག་པ། རྩྭ་ཐང་ཐོག་ཡུལ་སྐོར་བྱེད་སྒོ་སྤེལ་དགོས་ཚེ་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་འབྱུང་ཁམས་འཛུགས་སྐྱོང་གི་འཆར་འགོད་དང་མཐུན་དགོས་ཤིང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་མོས་མཐུན་ཐོབ་དགོས་པ་མ་ཟད། རྩྭ་ཐང་ལ་ལྟ་འདོམས་བྱེད་མཁན་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས། རྩྭ་ཐང་ཐོག་ཡུལ་སྐོར་བྱེད་སྒོ་སྤེལ་སྐབས་རྩྭ་ཐང་གི་བདག་པོ་དང་། རྩྭ་ཐང་བེད་སྤྱོད་གཏོང་མཁན་ནམ་ཡང་ན་རྩྭ་ཐང་གཉེར་སྐྱོང་འགན་གཙང་ལེན་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

དོན་ཚན་སོ་བདུན་པ། ཉེན་སེལ་གུད་སྐྱོབ་ཞིང་འབྲོག་མང་ཚོགས་གནས་སྤོས་ཀྱི་འཕྲུལ་སྒུལ་འཁོར་ལོ་ཕུད་དེ་མིན་གྱི་འཕྲུལ་སྒུལ་འཁོར་ལོ་གཏན་འཁེལ་གྱི་གཞུང་ལམ་ནས་བྲལ་ཏེ་རྩྭ་ཐང་ཐོག་བགྲོད་བསྐྱོད་བྱེད་མི་ཆོག ས་གཤིས་རྩད་གཅོད་དང་། ཚན་རིག་རྟོག་ཞིབ། ལས་གྲྭའི་ཐིག་རིས་སོགས་ཀྱི་བྱེད་སྒོའི་རྐྱེན་པས་གཏན་འཁེལ་གྱི་གཞུང་ལམ་ནས་བྲལ་ཏེ་རྩྭ་ཐང་ཐོག་བགྲོད་བསྐྱོད་བྱེད་དགོས་ངེས་ཡིན་ཚེ་ངེས་པར་དུ་སྔོན་ལ་ས་ཆ་དེ་གའི་ས་གནས་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་ཚན་པར་བགྲོད་བསྐྱོད་ས་ཁོངས་དང་བགྲོད་བསྐྱོད་ལམ་ཕྱོགས་ཀྱི་སྙན་ཞུ་འབུལ་དགོས་པ་མ་ཟད། སྙན་ཞུའི་བགྲོད་བསྐྱོད་ས་ཁོངས་དང་བགྲོད་བསྐྱོད་ལམ་ཕྱོགས་གཞིར་བཟུང་རྩྭ་ཐང་ཐོག་བགྲོད་བསྐྱོད་བྱེད་དགོས།

དོན་ཚན་སོ་བརྒྱད་པ། རྩྭ་ཐང་ཐོག་ས་དང་། བྱེ་མ། རྡོ་སོགས་སྔོག་འདོན་བྱེད་དགོས་ཚེ་ངེས་པར་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས་པ་དང་། གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་དགོས་ཚེ་ཁྲིམས་ལུགས་ལྟར་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས། ཆོག་མཆན་ཐོབ་པ་བཞིན་རྩྭ་ཐང་ཐོག་གོང་གསལ་དོན་ཚན་འདིའི་ནང་གསེས་དང་པོའི་ནང་འཁོད་པའི་ལས་ཀ་དེ་རིགས་བྱེད་དགོས་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རྩྭ་ཐང་གི་སྤང་སླར་གསོ་བྱེད་རྒྱུའི་འབའ་དངུལ་འཇལ་དགོས་པ་མ་ཟད། གཏན་འཁེལ་བྱས་པའི་དུས་བཅད་དང་ས་ཁོངས་ནང་ཆོག་མཆན་ཐོབ་པའི་སྔོག་འདོན་བྱ་ཐབས་བཞིན་ལས་ཀ་བྱེད་པ་དང་འབྲེལ་རྩྭ་ཐང་གི་སྤང་སྲུང་སྐྱོབ་བྱེད་རྒྱུའི་བྱ་ཐབས་སྤྱོད་དགོས། མི་གཞན་གྱིས་འགན་གཙང་བླངས་པའི་རྩྭ་ཐང་ཐོག་གོང་གསལ་དོན་ཚན་འདིའི་ནང་གསེས་དང་པོའི་ནང་འཁོད་པའི་ལ་ཀ་དེ་རིགས་བྱེད་དགོས་ན་སྔོན་ལ་རྩྭ་ཐང་འགན་གཙང་ལེན་མཁན་གྱི་མོས་མཐུན་ཐོབ་དགོས།

དོན་ཚན་སོ་དགུ་པ། རྩྭ་ཐང་ཐོག་དབྱར་རྩྭ་དགུན་འབུ་ལ་སོགས་པའི་རྩ་ཆེའི་སྨན་རྩྭ་བཀོག་ནས་རྩྭ་ཐང་གི་སྤང་ལ་གཏོར་སྐྱོན་བཟོས་ཚེ་ངེས་པར་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་རྩྭ་ཐང་གི་སྤང་སླར་གསོ་བྱེད་རྒྱུའི་འགྲོ་གྲོན་འཇལ་དགོས། རྩྭ་ཐང་གི་སྤང་སླར་གསོ་བྱེད་རྒྱུའི་འགྲོ་གྲོན་རྣམས་རྩྭ་ཐང་གི་སྤང་སླར་གསོ་བྱེད་རྒྱུའི་ཐོག་ཆེད་སྤྱོད་བྱེད་དགོས། 

དོན་ཚན་བཞི་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྩྭ་ཐང་གི་བྱི་བ་དང་འབུའི་གནོད་འཚེ་སྔོན་དཔག་དང་སྔོན་བརྡ་གཏོང་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ནས་རྩྭ་ཐང་གི་བྱི་བ་དང་འབུའི་གནོད་འཚེ་འགོག་བཅོས་དང་དུག་རྩྭའི་རིགས་རྩ་མེད་བཟོ་རྒྱུའི་བྱ་ཐབས་སྤྱོད་དགོས། བྱི་བ་དང་གནོད་འབུ་ཟ་མཁན་བྱ་རིགས་དང་གཅན་གཟན་རིགས་གསོད་པར་བཀག་འགོག་ནན་པོ་བྱེད་དགོས།

དོན་ཚན་ཞེ་གཅིག་པ། རྫོང་དང་། ཤང་(གྲོང་རྡལ) གྲོང་ཚོ་བཅས་ལ་མེ་ཟོན་འགན་འཁྲིའི་ལམ་ལུགས་འཛུགས་དགོས་པ་དང་རྩྭ་ཐང་གི་མེ་ཟོན་ལམ་ལུགས་བཟོས་ནས་ལག་བསྟར་ནན་པོ་བྱས་ཏེ་རྩྭ་ཐང་གི་མེ་ཟོན་ལས་ཀར་ཤུགས་སྣོན་རྒྱག་དགོས། 

དོན་ཚན་ཞེ་གཉིས་པ། རྒྱལ་ཁབ་ནས་མ་འཇོག་དང་མཉམ་སྡེབ་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་བསྐྲུན་པའི་རྩྭ་ཐང་གི་སྒྲིག་བཀོད་རྣམས་རྩྭ་ཐང་བེད་སྤྱོད་གཏོང་མཁན་ནམ་ཡང་ན་གཉེར་སྐྱོང་འགན་གཙང་ལེན་མཁན་ལ་བེད་སྤྱོད་དང་བདག་སྐྱོང་བྱེད་རྒྱུར་སྤྲོད་གཏན་འཁེལ་ན་འགྲིག རྩྭ་ཐང་གི་མཐའ་སྐྱོར་དང་། མི་ཕྱུགས་ཀྱི་འཐུང་ཆུའི་སྒྲིག་བཀོད། ཆུ་བེད་ལས་གྲྭ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བའམ་ཡང་ན་རང་དགར་བཤིག་དབྲལ་གཏོང་མི་ཆོག གལ་ཏེ་བཤིག་དབྲལ་གཏོང་དགོས་ངེས་ཡིན་ཚེ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་དགོས།

ལེའུ་དྲུག་པ། ལྟ་སྐུལ་ཞིབ་བཤེར།

དོན་ཚན་ཞེ་གསུམ་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་གནས) དེ་བཞིན་འབྲོག་ལས་གཙོ་བོ་བྱེད་མཁན་རྫོང་བཅས་ཀྱིས་ངེས་པར་དུ་རྩྭ་ཐང་ལ་ལྟ་འདོམས་བྱེད་མཁན་ལས་ཁུངས་འཛུགས་དགོས། རྩྭ་ཐང་ལ་ལྟ་འདོམས་བྱེད་མཁན་ལས་ཁུངས་ཀྱིས་གཤམ་གསལ་གྱི་འགན་འཁྲི་ཁག་བསྒྲུབ་དགོས་པ་སྟེ།

གཅིག) རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ལག་བསྟར་བྱེད་རྒྱུ་དང་།

 གཉིས)རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་རིགས་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ། 

གསུམ)རྩྭ་ཐང་བེད་སྤྱོད་བྱེད་དབང་ལག་ཁྱེར་དང་གཉེར་སྐྱོང་འགན་གཙང་ལེན་དབང་ལག་ཁྱེར་ཐོ་འགོད་བྱས་ནས་ཐོ་དེབ་བཟོ་རྒྱུའི་ལས་དོན་བསྒྲུབ་རྒྱུ།

བཞི)རྩྭ་ཐང་བསྡུ་སྤྱོད་དང་གནས་སྐབས་བཟུང་སྤྱོད་བྱེད་རྒྱུའི་ཐད་ཀྱི་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུ། 

ལྔ)རྩྭ་ཐང་བསྡུ་སྤྱོད་དང་རྩྭ་ཐང་འཛུགས་སྐྲུན་བྱེད་རྒྱུའི་རྣམ་གྲངས་སོགས་ཀྱི་ས་ཡུལ་དངོས་ལ་ཞིབ་བཤེར་བྱེད་རྒྱུ།

དྲུག)རྩྭ་ཐང་གི་རྩོད་རྙོག་འདུམ་འགྲིག་བྱེད་རྒྱུའི་ནང་ཐེ་ཞུགས་བྱས་ནས་རྩྭ་ཐང་སྙོམས་སྒྲིག་བེད་སྤྱོད་བྱེད་རྒྱུའི་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུ། 

བདུན)རྩྭ་ཐང་ལ་ལྟ་འདོམས་བྱེད་རྒྱུའི་འབྲེལ་ཡོད་ལས་དོན་གཞན་དག་བསྒྲུབ་རྒྱུ་བཅས་ཡིན།

དོན་ཚན་ཞེ་བཞི་པ། རྩྭ་ཐང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་འགན་འཁྲི་སྒྲུབ་སྐབས་གཤམ་གསལ་གྱི་བྱ་ཐབས་སྤྱོད་དབང་ཡོད་པ་སྟེ། 

(གཅིག)ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་ལ་རྩྭ་ཐང་གི་བདག་ཁོངས་དབང་ཆའི་འབྲེལ་ཡོད་ཡིག་ཆ་དང་དཔྱད་ཡིག་མཁོ་འདོན་བྱེད་དུ་བཅུག་ནས་ལྟ་བཤེར་རམ་ཡང་ན་པར་སློག་བྱེད་རྒྱུ་དང་། 

(གཉིས)ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་ལ་རྩྭ་ཐང་གི་བདག་ཁོངས་དབང་ཆ་སོགས་ཀྱི་གནད་དོན་གསལ་བཤད་བྱེད་དུ་འཇུག་པ། 

(གསུམ)ཞིབ་བཤེར་བྱ་ཡུལ་དུ་ཕྱིན་ནས་པར་ལེན་དང་། བརྙན་ཕབ། དཔྱད་ཞིབ་ཚད་ལེན་བཅས་བྱེད་པ། 

(བཞི)ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་ལ་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་ཁྲིམས་བཅད་ཀྱི་འོས་འགན་སྒྲུབ་ཏུ་འཇུག་རྒྱུའི་བཀའ་གཏོང་བ་བཅས་ཡིན།

དོན་ཚན་ཞེ་ལྔ་པ། རྩྭ་ཐང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་གཞུང་དོན་སྒྲུབ་སྐབས་ངེས་པར་དུ་ཁྲིམས་སྒྱུར་ལག་ཁྱེར་སྟོན་དགོས་པ་དང་། གཞུང་དྲང་དང་། འདྲ་མཉམ་ཡོངས་བསྒྲགས་བཅས་བྱེད་དགོས། རྩྭ་ཐང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་སྣས་ཁྲིམས་ལུགས་ལྟར་གཞུང་དོན་སྒྲུབ་པར་ཚན་པ་དང་མི་སྒེར་གང་རུང་གིས་བཀག་སྡོམ་བྱེད་པ་དང་། དང་ལེན་མི་བྱེད་པའམ་ཡང་ན་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་བཟོ་བ་སོགས་ཀྱི་བྱ་ཐབས་གཞན་དག་སྤྱད་དེ་འགོག་རྐྱེན་བཟོ་རིགས་བྱེད་མི་ཆོག

ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ཞེ་དྲུག་པ། བྱ་ཐབས་འདིའི་དོན་ཚན་བཅུ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་བཀག་ནང་སྤང་རྩྭ་སླར་གསོ་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། གྱོང་གུན་བཟོས་རིགས་ཁྲིམས་ལུགས་ལྟར་གྱོང་གུན་གསབ་རྒྱུའི་འགན་དཀྲི་དགོས།

དོན་ཚན་ཞེ་བདུན་པ། བྱ་ཐབས་འདིའི་དོན་ཚན་ཉེར་དྲུག་པའི་གཏན་འབེབས་དང་རྒྱབ་འགལ་བྱས་ཏེ་རྩྭ་ཐང་འཛུགས་སྐྲུན་གྱི་མ་དངུལ་བཀག་ཉར་དང་གཞན་སྤྱོད་བྱས་ཚེ་འབྲེལ་ཡོད་འགན་འཁུར་མི་སྣར་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་ཞེ་བརྒྱད་པ། བྱ་ཐབས་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་བཞི་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་དགོས་པ་མ་ཟད། རྩྭ་ཐང་གི་ཤོང་ཚད་ལས་བརྒལ་བའི་ཕྱུགས་རིགས་ཐོལ་པ་རྣམས་གཏན་འབེབས་ཀྱི་དུས་བཀག་ནང་བཤས་གཏོང་རྒྱུའི་བཀའ་གཏོང་དགོས། 

དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་དོན་ཚན་སུམ་ཅུ་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་བཀག་ནང་ཕྱིར་སློག་དང་བཤིག་དབྲལ་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། དུས་ཚད་ལས་ཡོལ་ཀྱང་ཕྱིར་སློག་དང་བཤིག་དབྲལ་མི་བྱེད་མཁན་ལ་བཙན་ཤེད་ཐོག་ནས་བཤིག་དབྲལ་བྱེད་དུ་འཇུག་དགོས་ཤིང་། དེ་ཐད་འགྲོ་གྲོན་གཏོང་དགོས་རིགས་ཁྲིམས་འགལ་བྱེད་མཁན་གྱིས་འགན་འཁུར་དགོས་པ་དང་། རྩྭ་ཐང་གི་བདག་པོ་དང་རྩྭ་ཐང་བེད་སྤྱོད་གཏོང་མཁན་ལ་གྱོང་གུན་བཟོས་རིགས་གྱོང་གུན་གསབ་རྒྱུའི་འགན་དཀྲི་དགོས།

དོན་ཚན་ལྔ་བཅུ་པ། བྱ་ཐབས་འདིའི་དོན་ཚན་སོ་གཉིས་པའི་ནང་གསེས་དང་པོའི་གཏན་འབེབས་དང་རྒྱབ་འགལ་བྱས་ནས་རྩྭ་ཐང་ནས་སྤང་དྲས་ཚེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་རྒྱུ་དང་དུས་བཀག་ནང་སྤང་སླར་གསོ་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། ཁྲིམས་འགལ་ཡོང་འབབ་གཞུང་བཞེས་གཏོང་དགོས་པའི་ཐོག་ད་དུང་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་གཏོང་དགོས། ཁྲིམས་འགལ་ཡོང་འབབ་བྱུང་མེད་རིགས་ལ་རྩྭ་ཐང་དེ་གཏོར་བཤིག་མ་བཏང་གོང་གི་ལོ་གསུམ་གྱི་ཐོན་རྫས་རིན་ཐང་ཆ་སྙོམས་བཏང་འབོར་གྱི་ལྡབ་བཅུ་ཡན་ནས་ལྡབ་ཉི་ཤུ་མན་གྱི་དངུལ་ཆད་གཏོང་དགོས་པ་དང་། རྩྭ་ཐང་གི་བདག་པོའམ་ཡང་ན་རྩྭ་ཐང་བེད་སྤྱོད་གཏོང་མཁན་ལ་གྱོང་གུན་བཟོས་རིགས་ཁྲིམས་ལུགས་ལྟར་གྱོང་གུན་གསབ་རྒྱུའི་འགན་དཀྲི་དགོས། 

དོན་ཚན་ང་གཅིག་པ། བྱ་ཐབས་འདིའི་དོན་ཚན་སོ་གསུམ་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་དུས་བཀག་ནང་གཙང་སེལ་བྱེད་རྒྱུའི་བཀའ་གཏོང་དགོས་པ་མ་ཟད། གནོད་འཚེ་བཟོས་པའི་མཇུག་འབྲས་ཚབས་ཆེ་ཆུང་ལ་གཞིགས་ནས་སྒོར1000ཡན་ནས10000མན་གྱི་དངུལ་ཆད་གཏོང་དགོས། 

དོན་ཚན་ང་གཉིས་པ། བྱ་ཐབས་འདིའི་དོན་ཚན་སོ་དྲུག་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགན་དབང་གཞིར་བཟུང་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་དུས་བཀག་ནང་སླར་གསོ་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། ཁྲིམས་འགལ་ཡོང་འབབ་གཞུང་བཞེས་གཏོང་དགོས་པའི་ཐོག་ད་དུང་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་གྱི་དངུལ་ཆད་གཏོང་དགོས། ཁྲིམས་འགལ་ཡོང་འབབ་བྱུང་མེད་རིགས་ལ་རྩྭ་ཐང་དེ་གཏོར་བཤིག་མ་བཏང་གོང་གི་ལོ་གསུམ་གྱི་ཐོན་རྫས་རིན་ཐང་ཆ་སྙོམས་བཏང་འབོར་གྱི་ལྡབ་དྲུག་ཡན་ནས་ལྡབ་བཅུ་གཉིས་མན་གྱི་དངུལ་ཆད་གཏོང་དགོས་པ་དང་། རྩྭ་ཐང་གི་བདག་པོའམ་ཡང་ན་རྩྭ་ཐང་བེད་སྤྱོད་གཏོང་མཁན་ལ་གྱོང་གུན་བཟོས་རིགས་ཁྲིམས་ལུགས་ལྟར་གྱོང་གུན་གསབ་རྒྱུའི་འགན་དཀྲི་དགོས། 

དོན་ཚན་ང་གསུམ་པ། བྱ་ཐབས་འདིའི་དོན་ཚན་སོ་བདུན་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ་རྫོང་རིམ་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་དུས་བཀག་ནང་སྤང་སླར་གསོ་བྱེད་རྒྱུའི་བཀའ་གཏོང་དགོས་པའི་ཐོག ད་དུང་རྩྭ་ཐང་དེ་གཏོར་བཤིག་མ་བཏང་གོང་གི་ལོ་གསུམ་གྱི་ཐོན་རྫས་རིན་ཐང་ཆ་སྙོམས་བཏང་འབོར་གྱི་ལྡབ་གསུམ་ཡན་ནས་ལྡབ་དགུ་མན་གྱི་དངུལ་ཆད་གཏོང་དགོས་པ་དང་། རྩྭ་ཐང་གི་བདག་པོའམ་ཡང་རྩྭ་ཐང་བེད་སྤྱོད་གཏོང་མཁན་ལ་གྱོང་གུན་བཟོས་རིགས་ཁྲིམས་ལུགས་ལྟར་གྱོང་གུན་གསབ་རྒྱུའི་འགན་དཀྲི་དགོས།

དོན་ཚན་ང་བཞི་པ། བྱ་ཐབས་འདིའི་དོན་ཚན་སོ་བརྒྱད་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་དུས་བཀག་ནང་སྤང་སླར་གསོ་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། ཁྲིམས་འགལ་གྱི་རྒྱུ་དངོས་དང་ཡོང་འབབ་གཞུང་བཞེས་གཏོང་དགོས་པའི་ཐོག ད་དུང་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་གྱི་དངུལ་ཆད་གཏོང་དགོས་པ་དང་། ཁྲིམས་འགལ་ཡོང་འབབ་བྱུང་མེད་རིགས་ལ་སྒོར་10000ཡན་ནས་20000མན་གྱི་དངུལ་ཆད་གཏོང་དགོས། རྩྭ་ཐང་གི་བདག་པོའམ་ཡང་ན་རྩྭ་ཐང་བེད་སྤྱོད་གཏོང་མཁན་ལ་གྱོང་གུན་བཟོས་རིགས་ཁྲིམས་ལུགས་ལྟར་གྱོང་གུན་གསབ་རྒྱུའི་འགན་དཀྲི་དགོས།

དོན་ཚན་ང་ལྔ་པ། བྱ་ཐབས་འདིའི་དོན་ཚན་ཞེ་ལྔ་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་རྒྱབ་འགལ་བྱས་རིགས་ལ་ཁྲིམས་ལུགས་ལྟར་བདེ་འཇགས་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། 

དོན་ཚན་ང་དྲུག་པ། རྩྭ་ཐང་ལ་ལྟ་སྐུལ་བྱེད་མཁན་ལས་ཁུངས་དང་རྩྭ་ཐང་དོ་དམ་བྱེད་མཁན་ལས་ཁུངས་ཀྱི་ལས་བྱ་དང་དེ་བཞིན་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱར་གཤམ་གསལ་བྱེད་སྤྱོད་གྲས་ཤིག་ཡོད་པར་དེ་གའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་འཛིན་ཆད་པ་གཅོད་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པ་སྟེ། 

(གཅིག)འགན་དབང་གང་བྱུང་དུ་སྤྱད་པ་དང་། ཉེར་ཕྱོགས་གཡོ་ཟོལ་བྱས་པ། རྩྭ་ཐང་བེད་སྤྱོད་བྱེད་དབང་ངམ་ཡང་ན་གཉེར་སྐྱོང་བྱེད་དབང་ལ་བཙན་གནོད་བྱས་པ་དང་། 

(གཉིས)རྩྭ་ཐང་གི་སྤང་སླར་གསོ་བྱེད་རྒྱུའི་འགྲོ་གྲོན་བཀག་ཉར་དང་གཞན་སྤྱོད་བྱས་པ། 

(གསུམ)ཁྲིམས་འགལ་གྱི་བྱེད་སྤྱོད་ཐག་གཅོད་མ་བྱས་པའི་རྐྱེན་གྱིས་མཇུག་འབྲས་ཚབས་ཆེ་བཟོས་པ། 

(བཞི)རྩྭ་ཐང་གི་ཐོན་སྐྱེད་དང་འབྱུང་ཁམས་ཐད་ཀྱི་དཔྱད་ཞིབ་ཉེན་ཟོན་སྔོན་བརྡ་དུས་ཐོག་ཏུ་མ་བཏང་བའམ་ཡང་ན་ཉེན་ཟོན་སྔོན་བརྡ་འབྱོར་ཡང་བབ་མཚུངས་ཀྱི་བྱ་ཐབས་དུས་ཐོག་ཏུ་མ་སྤྱད་པ་བཅས་ཡིན། 

དོན་ཚན་ང་བདུན་པ། བྱ་ཐབས་འདིའི་གཏན་འབེབས་གཞན་དག་དང་རྒྱབ་འགལ་བྱས་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས།

ལེའུ་བརྒྱད་པ། ཞར་བྱུང་།

དོན་ཚན་ང་བརྒྱད་པ། གཞུང་ཁོངས་ཞིང་ར་དང་། ནགས་ར། འབྲོག་ར་བཅས་ཀྱིས་བྱ་ཐབས་འདི་གཞིར་བཟུང་སོ་སོའི་ཁུལ་ཁོངས་རྩྭ་ཐང་ལ་དོ་དམ་དང་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་ལ་ལྟ་འདོམས་བྱེད་མཁན་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

དོན་ཚན་ང་དགུ་པ། བྱ་ཐབས་འདིའི་ནང་བརྗོད་པའི་རྩྭ་ཐང་ཞེས་པ་ནི་རང་བྱུང་རྩྭ་ཐང་དང་། ལག་འདེབས་སྤང་རྩྭ། སྐྱེ་ཤིང་ཐར་ཐོར་ཡོད་པའི་སྤང་རྩྭ། སྡོང་ཕྲན་ཡོད་པའི་སྤང་། རྩྭ་སྦོལ་ཞིང་ཁ་རྩྭ་རར་སྒྱུར་རིགས་བཅས་ལ་ཟེར། ལག་འདེབས་སྤང་རྩྭ་ཞེས་པའི་ཁོངས་སུ་གྲོང་ཁྱེར་གྲོང་རྡལ་གྱི་སྔོ་ལྗང་སྤང་དེ་ཚོ་ཚུད་མེད། སྐྱེ་ཤིང་ཐར་ཐོར་ཡོད་པའི་སྤང་ཞེས་པ་ནི་སྐྱེ་ཤིང་གིས་ས་ངོས་ཁེབས་ཚད0.2མན་ཟིན་པའི་སྤང་ལ་ཟེར།

དོན་ཚན་དྲུག་ཅུ་པ། བྱ་ཐབས་འདི2007ལོའི་ཟླ3ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་དང་། 1994ལོའི་ཟླ10ཚེས27ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས>ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།