ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་གཙོ་བོར་བརྟེན་ནས་འགོ་ཁྲིད་སྲོག་ཤིང་བརྟན་པོར་བསྐྱེད་དགོས།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བཅས་དང་ལྷན་དུ་ཀྲུང་ཕྱིའི་གསར་འགོད་པའི་ཚོགས་འདུར་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚིག་སྙན་དོན་གསལ་གྱིས་སྒོ་ནས་བསྟན་དོན། “ལྕགས་རྡུང་ན་ཐོ་བ་སྲ་དགོས། ང་ཚོའི་འོས་འགན་ནི། ཏང་ཡོངས་ཀྱི་བློ་མཐུན་ཚོ་དང་མཉམ་གཅིག་ཏུ་ཏང་གིས་ཏང་བདག་སྐྱོང་བྱེད་རྒྱུ་དང་ཏང་ནན་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་སྟེང་གི་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་དོན་དམ་བྱེད་པ། ལས་ཀའི་ལམ་སྲོལ་ལེགས་སྒྱུར་དོན་དམ་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་བཅས་བྱས་ཏེ། ང་ཚོའི་ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བར་བྱེད་དགོས།” དེ་ནས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་དར་ཆ་མཐོ་རུ་བསྒྲེངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཁྱད་ཆོས་མངོན་གསལ་ཞིག་ཏུ་གྱུར་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་བྱེད་པ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཀྱི་རྩ་བའི་འགན་སྲུང་དུའང་གྱུར་ཡོད། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པས་ཏང་སེམས་ཆེར་སྐུལ་དང་མི་སེམས་ཆེར་ཟིན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཁྲོད་ཀྱི་སྙན་གྲགས་རབ་ཏུ་འབར་བར་བྱས་ཡོད།

གཅིག རྒྱལ་ཁབ་སྐྱོང་ན་ཐོག་མར་ངེས་པར་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་ན་ངེས་པར་ནན་སྐྱོང་བྱེད་དགོས།

ཀྲུང་གོའི་དོན་དག་ཡག་པོར་སྒྲུབ་དགོས་ན་གནད་འགག་ནི་ཏང་ལ་ཐུག་ཡོད་པ་རེད། ཀྲུང་གོའི་ཉེ་རབས་ཚུན་གྱི་ལོ་རྒྱུས་ལས་ཡང་དང་ཡང་དུ་ར་འཕྲོད་བྱུང་བ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་རྨང་རྡོ་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་སྲོག་ཤིང་སྟོབས་ཤུགས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ཉིད་ཀྱི་ཚོམ་པ་མེད་པའི་འགོ་ཁྲིད་གོ་གནས་དང་སྲིད་སྐྱོང་གོ་གནས་ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ཀ་ཡིན་པ་རེད།

ཀྲུང་གོ་གུང་ཁྲན་ཏང་གིས་ལྕོགས་ཐུབ་དོན་ཅིའི་ཕྱིར་ཞེ་ན། དེར་རྒྱུ་རྐྱེན་གང་མང་ཞིག་ཡོད་མོད་ཀྱི། མཐར་གཏུགས་ན་ཏང་ནན་སྐྱོང་བྱེད་རྒྱུ་དེ་ཡིན། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་དང་མི་དམངས་ཀྱི་ལས་འགན་དང་རེ་འདོད་ཕྲག་ཏུ་ཁུར་ཏེ། ཐོག་མཐའ་བར་གསུམ་དུ་གདོང་ལེན་རུ་ཁག་གི་བླང་བྱ་སྒྲིག་ལམ་མདུན་དུ་བསྟར་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་བདག་པོ་རྒྱག་རྒྱུ་དང་ཏང་ནན་སྐྱོང་བྱེད་རྒྱུ་དམ་འཛིན་བྱེད་པ། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། མིག་སྔར། ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ཡོད་པའི་རླབས་ཆེའི་འཐབ་རྩོད་བྱེད་བཞིན་ཡོད། ང་ཚོའི་ཏང་ལ་འཕྲད་པའི་སྲིད་སྐྱོང་ཉམས་སད་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱིའི་ཁོར་ཡུག་གི་ཉམས་སད་བཅས་ནི་ཡུན་རིང་ཞིང་རྙོག་འཛིང་ལྡན་ལ་ཛ་དྲག་ཆེ་བས། སེམས་ཤུགས་ལྷོད་པའི་ཉེན་ཁ་དང་། མི་འཇོན་པའི་ཉེན་ཁ། མང་ཚོགས་དང་ཁ་འབྲལ་བའི་ཉེན་ཁ། རུལ་སུངས་ངན་འགྱུར་གྱི་ཉེན་ཁ་བཅས་སྔར་བས་ཛ་དྲག་པོའི་སྒོ་ནས་ཏང་ཡོངས་ཀྱི་མདུན་དུ་ལྷགས་ཡོད། ཉམས་སད་ཐེག་ཐུབ་པ་དང་ཉེན་ཁ་བསལ་དགོས་ན་རྩ་བ་ནི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས། ང་ཚོ་ལྟ་བུའི་ཏང་ཡོན་མི་གྲངས་བྱེ་བ་8དང་ས་ཡ་6ལྷག་ཡོད་པ་དང་། མི་འབོར་དུང་ཕྱུར་13ལྷག་ལ་ཟིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བ་ལ། ཏང་བདག་སྐྱོང་བྱེད་རྒྱུར་དུས་ནམ་ཡང་ལྷོད་བ་བྱས་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “གལ་སྲིད་ཏང་བདག་པོ་འཐུས་པོ་ཞིག་རྒྱག་མི་ཐུབ་པ་དང་། ཏང་བདག་སྐྱོང་ནན་མོ་ཞིག་བྱེད་མི་ཐུབ་ལ། མི་དམངས་མང་ཚོགས་བསམ་འཆར་ཆེ་བའི་ཏང་ནང་གི་གནད་དོན་འབུར་ཐོན་ཅན་དག་ཐག་གཅོད་ཡག་པོ་ཞིག་བྱེད་མ་ཐུབ་པ་ཡིན་ན། ང་ཚོའི་ཏང་ལ་ནམ་ཞིག་ལ་སྲིད་དབང་འཛིན་པའི་ཐོབ་ཐང་ཤོར་འགྲོ་བ་དང་། བཟློག་ཐབས་མེད་པར་ལོ་རྒྱུས་ཀྱིས་ཕྱིར་འབུད་བཏང་ཡོང་གི་རེད། འདི་ནི་ཞེད་སྣང་སློང་བའི་སྐད་ཆ་གཏན་ནས་མིན།”ཞེས་པའོ།། དེར་བརྟེན། ལོ་རྒྱུས་ཀྱི་ལས་འགན་ཇི་ལྟར་གཟི་བརྗིད་ལྡན་པ་དང་། འབད་བརྩོན་བྱེད་པའི་དམིགས་འབེན་ཇི་ལྟར་རྒྱ་ཆེ་ལ། སྲིད་དབང་སྐྱོང་བའི་ཁོར་ཡུག་ཇི་ལྟར་རྙོག་འཛིང་ལྡན་ན། ང་ཚོས་དེ་ལྟར་དུ་བདེ་བའི་དུས་སུ་ཉམས་ཉེན་དྲན་པའི་འདུ་ཤེས་དྲག་པོ་བསྐྱེད་དགོས་པ་དང་། དེ་ལྟར་དུ་ཏང་ནན་སྐྱོང་བྱས་ཏེ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་འཁུར་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ ཏང་གིས་ཏང་བདག་པོ་རྒྱག་རྒྱུ་དང་ཏང་ནན་སྐྱོང་བྱེད་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་སྤེལ་བ་ནི། ང་ཚོའི་ཏང་གིས་ལོ་ངོ་90ལྷག་གི་ལོ་རྒྱུས་ནང་ཐེངས་དང་པོར་“ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་”ཞེས་བཏོན་པ་ཡིན་ཏེ། དེས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གལ་ཆེའི་དོན་སྙིང་ཞིབ་ཏུ་བརྗོད་པ་མ་ཟད། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འོས་འགན་གཙོ་བོ་དང་གཞི་རྩའི་བླང་བྱའང་ཕྱོགས་བསྡོམས་ལེགས་པོ་བྱས་ནས། ཁྱོན་ཡོངས་ནས་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་རླབས་ཆེའི་ལས་གཞིའི་ཐད་བསམ་བློའི་གོ་ཆ་དྲག་པོ་སྤྲས་ཡོད་པ་རེད།

“ཁྱོན་ཡོངས་བཞི་”ལ་མཐུན་འགྲིག་སྒོས་སྐུལ་འདེད་གཏོང་བའི་འཐབ་ཇུས་ངོས་ཀྱི་བཀོད་པ་ནི་སྔོན་མེད་དོན་དག་རླབས་ཆེན་ཞིག་ཡིན་ལ། ལྗིད་རྫོབ་ཆེ་ལ་མ་ལག་ཚང་བའི་ལས་གཞི་ཞིག་ཀྱང་ཡིན་ཏེ། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཡང་དག་པའི་ཁ་ཕྱོགས་ཁག་ཐེག་དང་སྒྲིལ་ཤུགས་ཆེན་པོ་ཆགས་སུ་འཇུག་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་བྱེད་དགོས་ན། གོང་འཕེལ་འགྲོ་བར་བརྟེན་པ་ནི་འགྱུར་མེད་ཀྱི་ཆོས་ཉིད་ཅིག་ཡིན་མོད་ཀྱང་། གལ་ཏེ་མཐུན་འགྲིག་དང་ཆ་སྒྲིག་གི་བསྒྱུར་བཅོས་ཀྱི་སྒུལ་ཤུགས་མེད་པ་དང་། ཁྲིམས་ལྟར་གོ་རིམ་ལྡན་པའི་དཔལ་འབྱོར་དང་སྤྱི་ཚོགས་བཅོས་སྐྱོང་མེད་ལ། སྟོབས་དང་ལྡན་པའི་སྲིད་སྐྱོང་ཏང་གི་འགོ་ཁྲིད་མེད་ན། རང་རྒྱལ་གོང་འཕེལ་འགྲོ་བར་རྒྱལ་ཁ་འཐོབ་མི་སྲིད། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཏང་གི་འགོ་ཁྲིད་བྱེད་པའི་ཆུ་ཚད་དང་སྲིད་སྐྱོང་བའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ན། ད་གཟོད་ཁྱོན་ཡོངས་ནས་“ཕྱོགས་ལྔ་གཞི་གཅིག་”གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་ཐུབ་པ་དང་། ད་གཟོད་བསྒྱུར་བཅོས་དང་ཁྲིམས་སྐྱོང་གི་གདོས་བུ་དམ་པོར་བཟུང་སྟེ། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གཉིས་ཀ་མངོན་དུ་འགྱུར་བའི་འཁོར་ལོ་ལེགས་པོ་སྒྱུར་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་བྱེད་པའི་དམིགས་འབེན་བདེ་བླག་ངང་མངོན་དུ་འགྱུར་བར་ཁག་ཐེག་བྱེད་ཐུབ། དེའི་ཕྱིར། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ངོས་ཀྱི་སྒྲིག་བཀོད་ནང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་དེ་འཐབ་ཇུས་ངོས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་དོན་དག་ལེགས་པར་བསྒྲུབ་ཐུབ་པའི་རྩ་བའི་ཁག་ཐེག་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གནས་བབ་གསར་པ་ཞིག་ཧུར་སྐྱེད་བྱེད་དགོས།

གཉིས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་ན་གནད་འགག་ནི་གཟབ་ནན་དང་དྲང་བདེན་ལ་ཐུག་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་གི་བསམ་བློའི་འཛུགས་སྐྲུན་དང་། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། རུལ་རྒོལ་གཙང་སྤེལ་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་ལྔ་པོར་ཤུགས་སྣོན་ཆེར་སྐྱེད་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོའི་སྒོ་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་དང་གོང་འཕེལ་གཏོང་བ་དང་། ཏང་གིས་རང་ཉིད་གཙང་མ་དང་། ལེགས་འཛོམས། ལེགས་སྒྱུར། མཐོར་འདེགས་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ཏང་གི་འཛུགས་སྐྲུན་སྐོར་གྱི་ཚ་གནད་དང་དཀའ་གནད་ལ་དམིགས་ནས། ཀྲུང་དབྱང་གིས་གཏན་འཁེལ་རྣམ་པ་བརྒྱད་བཏོན་ཞིང་། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་དང་“ནན་གསུམ་དང་དྲང་གསུམ་”སྐོར་གྱི་ཆེད་གཉེར་སློབ་གསོ་དང་བཀོད་སྒྲིག་སྤེལ་ནས། སྤྱོད་ཚུལ་འཛུགས་སྐྲུན་ཉིད་འགག་གནད་དུ་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་འཐབ་རྩོད་བྱེད་རྒྱུ་མཐར་གཏུགས་ནས་སྤེལ་བ་དང་། དཔོན་སྡེ་ནན་སྐྱོང་དང་ཏང་གི་སྒྲིག་ཁྲིམས་གཟབ་ནན་བཟོ་བ། སྲོལ་གསར་སྤྱོད་བཟང་དར་སྤེལ་དང་བྱ་ངན་སྤྱོད་ངན་གཙང་དག་བཟོ་བ། ཏང་སྲོལ་དང་སྲིད་སྲོལ་ལ་རྣམ་པ་གསར་པ་ཤར་ཏེ། ཏང་སེམས་དང་དམངས་སེམས་སུ་ཞི་བར་འཇགས་དགོས། ལག་ལེན་ལས་ར་འཕྲོད་བྱུང་བ་ལྟར་ན། ཏང་ནན་སྐྱོང་བྱེད་དགོས་ན། ངེས་པར་དུ་སྔོན་ལ་ནན་ཏན་དང་རྩ་གནད་ངེས་པ། གནད་དོན་ལ་དམིགས་པ་བཅས་བྱེད་དགོས་པ་དང་། གཟབ་ནན་བཟོ་དགོས་ལ་ཏན་ཏིག་ཀྱང་བཟོ་དགོས་ཁར་དེ་གཉིས་ཟུང་འབྲེལ་བྱེད་དགོས་ཏེ། “བླང་བྱ་ནན་མོར་འདོན་ཞིང་བྱ་སྤྱོད་དངོས་སྤེལ་བ་དང་། དངོས་དོན་ངོ་མས་འཛིན་ཞིང་དངོས་དོན་དམ་འཛིན་བགྱིས་ན། ད་གཟོད་སྔོན་དཔག་གི་གྲུབ་འབྲས་འཐོབ་ཐུབ།”

ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་ན། བསམ་བློའི་སློབ་གསོ་ནན་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་འདུན་བརྟན་པོར་བཟོ་དགོས། “གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ།” ཕུགས་བསམ་དང་དད་འདུན་བརྟན་པོར་སྐྱེད་པ་དང་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་ལ་རྩེ་གཅིག་ཏུ་གཞོལ་རྒྱུ་ནི། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་སྲོག་འཚོ་ཞིང་ལུས་བརྟན་པའི་རྩ་བ་ཡིན། མར་ཁེ་སི་རིང་ལུགས་ལ་འཆང་བའི་དད་འདུན་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་འཆང་བའི་དད་འདུན་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན་པ་དང་། གུང་ཁྲན་ཏང་མིས་ཉམས་སད་གང་ཡང་རུང་བ་ཐེག་ཐུབ་པའི་བསམ་པའི་གདུང་འདེགས་ཀྱི་ཀ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཕུགས་བསམ་དང་དད་འདུན་ནི་གུང་ཁྲན་ཏང་མིའི་བསམ་པའི་སྟེང་གི་‘རུས་སྨན་’ཡིན་པ་དང་། ཕུགས་བསམ་དང་དད་འདུན་བརྟན་ན་བསམ་པའི་རུས་རྩ་སྲ་བ་དང་། ཕུགས་བསམ་དང་དད་འདུན་ཤོར་ན་བསམ་པའི་རུས་རྩ་སོབ་འགྲོ་ལ། ‘རུས་པའི་ཕྲུམ་ནད་’འབྱུང་སྲིད།” ཁོང་གིས་ནན་དུ་བསྟན་དོན། “‘མི་འགྱུར་རྡོ་རྗེའི་སྐུ་’སྒྲུབ་ན་ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་པར་གོ་ཆ་བསྒོས་ཏེ། རྒྱུན་ཆད་མེད་པར་ང་རང་ཚོའི་སེམས་ཀྱི་ཁྱིམ་གཞིས་བསྐྲུན་དགོས་པ་རེད་”ཅེས་སོ།། ང་ཚོས་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྲུན་ཏེ་རྩ་གནད་འདི་ཉིད་དམ་འཛིན་དང་། ཕུགས་བསམ་དང་དད་འདུན་མུ་མཐུད་བརྟན་པོར་བྱས་ཐོག ཟབ་མོར་རྟོགས་པ་དང་། བློ་གདེང་ཐུབ་པར་ཡིད་རྟོན། དོན་དམ་པར་སྤྱོད་པ་བཅས་བྱེད་དགོས། སྟོང་བཤད་ཀྱིས་རྒྱལ་ཁབ་ལ་བར་ཆད་གཏོང་ཞིང་། དོན་དམ་སྒྲུབ་པས་རྒྱལ་ཁབ་དར་རྒྱས་གཏོང་ཞེས་པ་ལྟར། ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་སྐྲུན་ལེགས་པོར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བའི་དམིགས་འབེན་ལ་དམིགས་ཏེ་དཔའ་ངར་ཆེན་པོས་མུ་མཐུད་ནས་མདུན་དུ་བསྐྱོད་དགོས།

ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་ན། སྤྱོད་ཚུལ་འཛུགས་སྐྲུན་ནན་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། རྡོ་ལ་རྐང་རྗེས་དང་ལྕགས་ལ་ལག་རྗེས་འཇོག་ནུས་པའི་ངར་ཤུགས་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་འཛིན་པ་དང་། གུ་ཡངས་སྤུ་ཙམ་མེད་པའི་རྣམ་འགྱུར་གྱིས་རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོའི་ཏང་ཉིད་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ངོས་ནས་རབ་ཏུ་ཆེ་བའི་བདེན་ལུགས་ཀྱི་སྟོབས་ཤུགས་ཡོད་དགོས་པས་མི་ཚད། ད་དུང་རབ་ཏུ་ཆེ་བའི་མི་གཤིས་ཀྱི་སྟོབས་ཤུགས་ཀྱང་ལྡན་དགོས་པ་རེད། བདེན་ལུགས་ཀྱི་སྟོབས་ཤུགས་ནི་ང་ཚོའི་ཏང་གི་ཡང་དག་པའི་རིགས་པའི་གཞུང་ལུགས་ཀྱི་སྟེང་ནས་གཅིག་སྡུད་དུ་མཚོན་པ་དང་། མི་གཤིས་ཀྱི་སྟོབས་ཤུགས་ནི་ང་ཚོའི་ཏང་གི་ཕུལ་དུ་བྱུང་བའི་སྤྱོད་ཚུལ་གྱི་སྟེང་ནས་གཅིག་སྡུད་དུ་མཚོན་ཡོད་པ་རེད། སྤྱོད་ཚུལ་གྱི་གནད་དོན་གྱི་སྙིང་པོ་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་འཛིན་སྐྱོང་བྱེད་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཏང་དང་མང་ཚོགས་བར་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་འཛིན་སྐྱོང་བྱེད་རྒྱུ་ནི། ང་ཚོའི་ཏང་ཉིད་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་སྡོད་པའི་རྨང་རྡོ་ལྟ་བུ་ཡིན།” ཁོང་གིས་ནན་བཤད་བྱས་དོན། “གལ་སྲིད་བློ་ཐག་རྦད་ཆོད་ཀྱིས་དར་སྲོལ་ངན་པ་ཡོ་བསྲང་མ་བྱས་པར་རྒྱུན་འབྱམས་སུ་བཏང་ན། གཟུགས་མེད་ཀྱི་ལྕགས་རི་ཞིག་གིས་ང་ཚོའི་ཏང་དང་མི་དམངས་མང་ཚོགས་གཉིས་ལོགས་བཀར་བྱས་འགྲོ་བས། ང་ཚོའི་ཏང་ལ་གཞི་རྩ་ཤོར་འགྲོ་བ་བ་དང་། ཁྲག་རྒྱུད་ཤོར་འགྲོ་ལ། སྟོབས་ཤུགས་ཤོར་འགྲོ་བ་རེད།” ཁོང་གིས་བསྟན་དོན། སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་ནི་ཏང་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པ་སྐུལ་འདེད་གཏོང་བའི་འཇུག་སྒོ་དང་གཙོ་གནད་ཡིན་པས། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་བསྐྱེད་དེ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། བག་མེད་ལོངས་སྤྱོད་རིང་ལུགས། རྒྱས་སྤྲོས་ཀྱི་སྲོལ་ངན་བཅས་པའི་“སྤྱོད་ཚུལ་བཞིའི་”གནད་དོན་གཅིག་སྡུད་དུ་ཐག་གཅོད་བྱེད་པ་དང་། ཚུལ་མིན་དར་སྲོལ་དང་རུལ་སུངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད། རུལ་སུངས་ལ་ངོ་རྒོལ་དང་ཆབ་སྲིད་གཙང་མ་འཛུགས་སྐྲུན་བྱེད་པ་དང་། ཏང་གི་ཕུང་པོ་བདེ་ཐང་ཡོང་བ་སྲུང་འཛིན་བྱེད་པ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཡིན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་འཐབ་རྩོད་བྱེད་རྒྱུ་མཐའ་གཅིག་ཏུ་སྤེལ་ཏེ། ལས་བྱེད་པ་གཙང་མ་དང་། སྲིད་གཞུང་གཙང་མ། ཆབ་སྲིད་གཙང་མ་བཅས་ཡོང་ཐུབ་པ་བྱེད་རྒྱུ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་འདུ་ཤེས་དང་ནུས་རྩལ་ཧུར་སྐྱེད་དང་། སྤྱོད་ཚུལ་སྒྱུར་བའི་ཕན་འབྲས་ཉིད་ཏང་དང་མི་དམངས་ཀྱི་ཁེ་ཕན་དོན་དུ་གཉེར་བའི་ལས་ཀའི་ཁྲོད་མཚོན་པར་བྱེད་དགོས།

ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་ན། རྩ་འཛུགས་འཛུགས་སྐྲུན་ནན་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གནད་འགག་ནི་དཔོན་སྡེ་ནན་སྐྱོང་དང་། ཏང་དང་མི་དམངས་ལ་དགོས་མཁོ་ཡོད་པའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་དང་འདེམས་བསྐོ། གཞི་རིམ་གྱི་རྩ་འཛུགས་ལེགས་སྒྲིག ཏང་གིས་སྲིད་དབང་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་བཅས་བྱེད་དགོས། “སྲིད་དོན་སྒྲུབ་པའི་གནད་འགག་ནི་ཐོག་མར་མི་བཀོལ་སྤྱོད་བྱེད་རྒྱུར་ཐུག་ཡོད་”ཅེས་པ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པ་ཡག་པོའི་ཚད་གཞི་ལྔ་བཏོན་པ་ནི། དད་འདུན་བརྟན་པ་དང་། དམངས་ལ་ཞབས་འདེགས་ཞུ་སྤྲོ་བ། སྲིད་དོན་ཧུར་ལེན་བྱེད་པ། དང་ལེན་བྱེད་ཕོད་པ། ཚུལ་ལྡན་སྤྱོད་གཙང་ཡིན་པ་བཅས་ཡིན། ཁོང་གིས་ནན་དུ་གསུངས་དོན། “རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་སྤྱོད་ཚུལ་བཟང་པོ་འཛུགས་སྐྲུན་དང་དར་སྤེལ་གཏོང་དགོས་པ་སྟེ། རང་རྒྱུད་སྦྱོང་རྒྱུར་གཟབ་ནན་ཆེ་དགོས་པ་དང་། དབང་ཆ་སྤྱོད་རྒྱུར་གཟབ་ནན་ཆེ་དགོས་ལ། རང་ཁྲིམས་རང་སྡོམ་བྱེད་རྒྱུར་གཟབ་ནན་ཆེ་དགོས་པས་མི་ཚད། ད་དུང་དོན་གཉེར་མཐར་ཕྱིན་ཞིག་བྱེད་དགོས་པ་དང་། ལས་འབྱེད་མཐར་ཕྱིན་ཞིག་བྱེད་དགོས་ལ། མི་ཆོས་མཐར་ཕྱིན་ཞིག་སྐྱོང་དགོས་”ཞེས་སོ།། “གཟབ་ནན་གསུམ་དང་མཐར་ཕྱིན་གསུམ་”ནི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་རྒྱུད་སྦྱོང་བའི་གཞི་དང་། སྲིད་དོན་གཉེར་བའི་གནས་ལུགས་དང་། དོན་དག་འགྲུབ་པའི་གནད་ཀ་བཅས་ཡིན། ང་ཚོས་མི་གདམ་གསེས་དང་མི་བཀོལ་སྤྱོད་ཡང་དག་བྱེད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ན། ཐོག་མར་སྤྱོད་ཡོན་གཉིས་ལྡན་དང་སྤྱོད་ཡོན་གཉིས་ལས་སྔ་མ་གཙོ་བོར་བྱས་པའི་ཚད་གཞི་དམ་པོར་འཛིན་དགོས། ལས་བྱེད་པ་ཡག་པོའི་ཚད་གཞི་ལྔ་ལྟར་དུ་བློ་དཀར་བ་དང་། ཀུན་སློང་གཙང་མ། འགན་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་རུ་ཁག་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས། “གཟབ་ནན་གསུམ་དང་མཐར་ཕྱིན་གསུམ་”གྱི་བླང་བྱ་ལྟར། ཅའོ་ཡུས་ལུའུ་ལྟ་བུའི་ཏང་ཡོན་ཡག་པོ་དང་ལས་བྱེད་པ་ཡག་པོ་བྱེད་ཅི་ཐུབ་བྱེད་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་ནི་ཏང་གི་དོན་དག་ཡོངས་རྫོགས་ཀྱི་རྨང་གཞི་ཡིན་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་ན། གཞི་རིམ་ལ་མཐོང་ཆེན་དང་རྨང་གཞི་ལེགས་པོ་འདིང་བ་དང་། ཏང་ཡོན་ལས་བྱེད་པས་སེམས་ལ་ཏང་དང་མི་དམངས་ཤར་བ་དང་སེམས་ལ་འགན་འཁྲི་དང་བསླབ་སྡོམ་བཅངས་པར་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ། ཏང་རྩ་འཛུགས་ཀྱི་འཐབ་འཛིང་བྱེད་པར་བཙན་རྫོང་ལྟ་བུའི་བྱེད་ནུས་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་གི་ལམ་ཕྱོགས་དང་སྲིད་ཇུས་དང་བྱེད་ཕྱོགས་དག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་དགོས།

ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་ན། ལམ་ལུགས་འཛུགས་སྐྲུན་ནན་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལུགས་སྲོལ་ནན་བསྟར་དང་། སྒྲིག་ཁྲིམས་སྲུང་བ་དང་ལུགས་སྲོལ་བརྩི་རྒྱུ་དེ་སྔར་བས་གལ་ཆེའི་གནས་སུ་འཇོག་དགོས། “ཐིག་ཚད་མེད་ན་ཚད་མཐུན་གྱི་གྲུ་བཞི་དང་སྒོར་དབྱིབས་འབྲི་མི་ཐུབ་”ཅེས་པ་ལྟར། སྒྲིག་ཁྲིམས་ནི་ཚེ་སྲོག་གི་འགན་སྲུང་ཡིན་པ་དང་། ལུགས་སྲོལ་ནི་འཚོ་གནས་ཀྱི་རྨང་གཞི་ཡིན། ཏང་གིས་ཏང་བདག་པོ་རྒྱག་རྒྱུ་དང་ཏང་ནན་སྐྱོང་བྱེད་དགོས་ན། ཏང་གི་སྒྲིག་ཡིག་དང་། སྒྲིག་སྲོལ། སྒྲིག་ཁྲིམས་གསུམ་ལ་བརྟེན་དགོས་པ་དང་། སྒྲིག་ཁྲིམས་དང་ལུགས་སྲོལ་གཟབ་ནན་གྱིས་བསྟར་ཏེ། སྒྲིག་ཁྲིམས་ཉིད་ཏང་བདག་ཏང་སྐྱོང་བྱེད་སྤྱད་ཐིག་ཤིང་ཏང་ཡོན་གྱིས་ངེས་པར་སྲུང་དགོས་པའི་མ་མཐའ་བླང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་དུ་གསུངས་དོན། “ཏང་གི་མདུན་དུ་ལྷགས་པའི་གནས་བབས་ཇི་ལྟར་རྙོག་འཛིང་ཆེ་བ་དང་། ཕྲག་ཏུ་འཁུར་བའི་ལས་འགན་ཇི་ལྟར་ལྗིད་ན། དེ་ལྟར་སྒྲིག་ཁྲིམས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དེ་ལྟར་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་ཐོག ཏང་ཡོངས་ཀྱི་གཅིག་གྱུར་གྱི་འདོད་བློ་དང་། གཅིག་གྱུར་གྱི་བྱ་སྤྱོད། གཅིག་གྱུར་གྱི་གོམ་སྟབས་བཅས་ཀྱི་སྒོ་ནས་མདུན་སྐྱོད་བྱེད་རྒྱུ་ཁག་ཐེག་བྱེད་དགོས་”ཞེས་སོ།། ཏང་གི་སྒྲིག་ཁྲིམས་གཟན་ནན་བཟོ་ན་ཐོག་མར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་གཟབ་ནན་བཟོ་དགོས་པ་དང་། བསམ་བློའི་སྟེང་དང་ཆབ་སྲིད་ཀྱི་སྟེང་དང་བྱ་སྤྱོད་ཀྱི་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས། ཏང་གི་སྒྲིག་ཡིག་ནི་ང་ཚོས་ཏང་སྐྱོང་བ་དང་། ཏང་བདག་པོ་རྒྱག་པ། ཏང་སྐྱོང་བའི་སྤྱིའི་སྒྲིག་ཡིག་ཡིན་པ་དང་། ཆེས་རྩ་བའི་ཏང་ནང་ཁྲིམས་སྲོལ་ཡིན་ལ། ཏང་ཡོངས་ཀྱིས་ངེས་པར་དུ་ཐུན་མོང་ཐོག་བརྩི་སྲུང་བྱེད་དགོས་པའི་སྤྱིའི་ལུགས་སྲོལ་ཡང་ཡིན། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ནི་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་ཡིན་པ་དང་། ཏང་གི་རྩ་བའི་རྩ་འཛུགས་ཀྱི་ལམ་ལུགས་དང་འགོ་ཁྲིད་ཀྱི་ལམ་ལུགས་ཀྱང་ཡིན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ངོས་ཀྱི་གསར་གཏོད་སྐུལ་འདེད་གཏོང་དགོས་པ་དང་། དབང་ཆ་སྤྱོད་པར་སྡོམ་འཆིང་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཐོག རུལ་སུངས་སྤེལ་མི་ཕོད་པའི་ཁྲིམས་ཆད་ཀྱི་ལམ་སྲོལ་དང་། རུལ་སུངས་སྤེལ་མི་ནུས་པའི་སྔོན་ཟོན་གྱི་ལམ་སྲོལ། རུལ་སུངས་སྤེལ་མི་སླ་བའི་འགན་སྲུང་གི་ལམ་སྲོལ་བཅས་ཆགས་པར་བྱེད་དགོས་པ་དང་། “སྐར་ཁུང་གཏོར་བའི་ནུས་སྣང་”འབྱུང་རྒྱུ་གཏན་འགོག་བྱེད་དགོས། སྤྱོད་ཚུལ་འཛིན་པའི་ཡུན་རིང་གོ་ཆོད་ཀྱི་ལམ་སྲོལ་འཛུགས་དགོས་པ་དང་། རྒྱུན་སྲིང་ལྷོད་མེད་དང་འབད་འབུངས་ལྷོད་མེད་ཀྱི་སྒོ་ནས་དམ་འཛིན་དང་། མགོ་མཇུག་ཡོད་པ་དང་སེམས་ནུས་ཡོད་རྒུ་བཏོན་ཏེ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་དམག་འཁྲུག་འདི་ཡག་པོར་འགྱེད་དགོས།

གསུམ། ཏང་བདག་ཏང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ནི་དུས་ནམ་ཡང་བྱེད་བཞིན་པ་ད་ལྟ་བ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བའི་ཕྱོགས་བསྡོམས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱིས། སློབ་གསོ་དང་དང་ལག་ལེན་གྱི་བྱེད་སྒོ་སྤེལ་ཏེ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁས་ལེན་གང་ལེགས་བྱས་པ་དང་། སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བའི་ལེགས་གྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡོམས་ཟབ་མོར་བྱས་ལ། གནས་བབ་གསར་པའི་ནང་ཏང་ནན་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་བླང་བྱ་རྣམ་པ་བརྒྱད་གསལ་པོ་བཏོན་ཞིང་། གནས་བབ་གསར་པའི་ནང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་ངོས་ཀྱི་བཀོད་སྒྲིག་བྱས་ཡོད། གསུང་བཤད་འདི་ནི་སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་ཡང་བསྐྱར་བཀོད་སྒྲིག་ཅིག་ཡིན་ལ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་དཔུང་འཇུག་གི་དམག་བརྡ་དེ་བས་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གནད་ཟིན་པར་བྱེད་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་དག་ཀྲུང་དབྱང་གི་ཇུས་བཀོད་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འོས་འགན་དོན་འཁྱོལ་དཔྱིས་ཕྱིན་པ་བྱེད་པ། འགོ་རྩོམ་ས་གསར་པ་ཞིག་ནས་ཏང་གི་འཛུགས་སྐྲུན་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་བ། ཏང་ཡོངས་ཀྱི་གསར་གཏོད་ཀྱི་ནུས་ཤུགས་སྔར་བས་ལེགས་པར་འདོན་སྤེལ་བྱེད་པ། ལས་བྱེད་པ་དང་མང་ཚོགས་ཀྱི་བློ་སྤོབས་བསྐྱེད་པ། “ལོ་ངོ་བརྒྱ་ཁྲག་གཉིས་”ཀྱི་འབད་བརྩོན་དམིགས་འབེན་མངོན་དུ་འགྱུར་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་བྱེད་དགོས།

རྩ་ལག་མཉམ་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་དང་། བསམ་བློའི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་རྒྱུ་དང་ལམ་ལུགས་ཀྱི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱེད་དགོས། བསམ་བློའི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་པ་ཞེས་པ་ནི་ལས་བྱེད་པར་སློབ་གསོ་ནན་གཏོང་དང་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་འདུན་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པར་ཟེར། བསམ་བློའི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་པར་མཐོང་ཆེན་པོར་བྱས་པ་ནི་ང་ཚོའི་ཏང་གི་ཁྱད་འཕགས་དགེ་མཚན་ཞིག་ཡིན། ལམ་ལུགས་ཀྱི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་པ་ཞེས་པ་ནི་སྒྲིག་སྲོལ་དང་ལམ་ལུགས་གསལ་བར་བྱེད་པ་དང་། ལམ་ལུགས་ལ་བརྟེན་ནས་མི་དང་དོན་དག་དོ་དམ་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་མཐའ་མཚམས་དང་མ་མཐའི་གནད་དོན་ཐག་གཅོད་བྱེད་པར་ཟེར། ལམ་ལུགས་ཀྱི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོའི་ཏང་གིས་རང་ཉིད་འཛུགས་སྐྲུན་གྱི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་དང་བསླབ་བྱ་ལ་བྱས་པའི་ཕྱོགས་བསྡོམས་ཡིན་ལ། དུས་རབས་ཀྱི་བླང་བྱའང་ཡིན། ལག་ལེན་ལས་ར་འཕྲོད་བྱུང་བ་ལྟར་ན། ལམ་ལུགས་ཀྱི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་རྒྱུ་ནི་ཚན་རིག་དང་མཐུན་པའི་བསམ་བློས་སྣེ་ཁྲིད་བྱེད་རྒྱུ་དང་ཁ་འབྲལ་མི་རུང་སྟེ། དེ་ལས་ལྡོག་ན་ཁ་ཕྱོགས་འཆུགས་འགྲོ་ལ་ཕན་འབྲས་ཀྱང་མངོན་གསལ་དུ་མི་ཐོན། བསམ་བློའི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་རྒྱུ་དེ་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བའི་ཐོག་ནས་འགན་སྲུང་དང་བརྟན་པོར་བྱེད་དགོས་ཏེ། དེ་ལས་ལྡོག་ན་མུ་མཐུད་དུ་རྒྱུན་བསྐྱང་དཀའ་བར་མ་ཟད་དོན་འཁྱོལ་བྱས་མི་ཐུབ། བསམ་བློའི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་རྒྱུ་དང་ལམ་ལུགས་ཀྱི་སྟེང་ནས་ཏང་འཛུགས་སྐྱོང་བྱེད་རྒྱུ་གཉིས་དམ་འབྲེལ་བྱེད་པ་དང་། སློབ་གསོར་བརྟེན་ལ་ལམ་ལུགས་ལ་ཡང་བརྟེན་པ། མཁྲེགས་མཉེན་སྡེབ་འཛིན། ཕྱོགས་དུས་གཅིག་ཏུ་ཧུར་སྐྱེད་བྱེད་པ་བཅས་བྱས་ན། ད་གཟོད་ཏང་བདག་ཏང་སྐྱོང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་ཐུབ་ལ། ང་ཚོའི་ཏང་ཉིད་སྔར་བས་སྟོབས་ལྡན་དུ་འཛུགས་སྐྲུན་བྱས་ཐུབ།

ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་དང་། ཏང་གི་སྒྲིག་ཁྲིམས་གསལ་བྱེད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཟབ་ནན་བཟོ་བ། སྲོལ་བཟང་ལུགས་བཟང་དང་དོན་གཉེར་ལས་འབྱེད་ཅན་གྱི་སྲིད་སྐྱོང་ཁོར་ཡུག་ཧུར་ཐག་གིས་བསྐྲུན་པ་བཅས་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱིས་ཏང་གཤིས་གསོ་སྦྱོང་བྱེད་པར་སློབ་གསོ་དང་དོ་དམ་བྱེད་པའི་ལས་སྟེགས་གཙོ་བོ་ཞིག་ཡིན་པ་དང་། ཏང་ནན་སྐྱོང་བྱེད་དགོས་ན་ངེས་པར་དུ་ཏང་ནང་གི་ཆབ་སྲིད་ཀྱི་འཚོ་བར་ནན་ཏན་བྱེད་པ་ནས་འགོ་རྩོམ་དགོས། ཀུན་སྤྱོད་གཙང་ན་དར་སྲོལ་བཟང་། དར་སྲོལ་བཟང་ན་མི་སེམས་འདུ། མི་སེམས་ཟིན་ན་དོན་བྱ་འགྲུབ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཡིན་ཞིང་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་ན་ལས་བྱེད་པ་དང་ཤེས་ཡོན་པ་འབྱུང་ངེས་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་གཏན་མིན་པ་དང་། ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་མིན་ཁར་ལྐོག་གི་སྒྲིག་སྲོལ་ཁྱབ་རྒྱ་ཆེ་བར་དར་ན་ལས་བྱེད་པ་དང་དོན་དག་ཐམས་ཅད་བརླག་ངེས། ཏང་ནང་ཁུལ་གྱི་འཚོ་བ་གཟབ་ནན་བཟོ་བར་བརྟེན་ནས་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཀྱི་བློ་སྦྱོང་ཡག་པོར་བྱས་ཏེ། ཏང་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚང་མས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་ཏང་གི་གཏན་འབེབས་ཁག་ལྟར་དུ་བྱ་བ་བསྒྲུབ་དགོས། ལྐོག་ཟ་བརྔན་ལེན་བྱུང་ཕྱིན་གཟབ་ནན་གྱིས་རྩད་ཞིབ་བྱེད་ངེས་པ་དང་། རུལ་སུངས་ཡོད་ཕྱིན་ཆད་པ་གཅོད་ངེས་ཤིང་། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། བྱེ་བྲག་དང་ཞིབ་མོ་དང་ཟབ་མོ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤྱོད་ཚུལ་མུ་མཐུད་ལེགས་སྒྱུར་དང་། དངོས་ཐོག་བདེན་འཚོལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་སོགས་སྲོལ་རྒྱུན་བཟང་པོ་བཅས་དར་སྤེལ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཇེ་མཐོར་བཏང་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བས་ཏང་ཡོན་ལས་བྱེད་པར་སློབ་གསོ་བྱེད་པ་དང་། ལེགས་སྒྱུར། གོང་འཕེལ་ཡོང་བའི་ནུས་པ་འདོན་ཐུབ་པར་བྱེད་དགོས།

ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་དང་།“ནན་གསུམ་དང་དྲང་གསུམ་”སྐོར་གྱི་ཆེད་དོན་སློབ་གསོའི་ལས་ཀ་ཧུར་ཐག་དང་རང་འགུལ་གྱིས་ལེགས་སྒྲུབ་བྱས་ཏེ། འགོ་ཁྲིད་ལས་བྱེད་ཞེས་པའི་“འགག་གནད་གྲངས་ཉུང་”འདི་དམ་འཛིན་བྱེད་དགོས། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དག་ནི་རྒྱལ་སྲིད་སྐྱོང་བའི་རྐང་འཛིན་སྟོབས་ཤུགས་ཡིན་ཕྱིར། དེ་དག་ལ་བླང་བྱ་སྔར་བས་ནན་མོ་འདོན་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་ན། འགག་གནད་ནི་དཔོན་སྡེ་ནན་སྐྱོང་བྱེད་རྒྱུར་རག་ལས་ཏེ། ངེས་པར་དུ་ནན་མོའི་བླང་བྱ་དེ་ལས་བྱེད་པའི་རུ་ཁག་འཛུགས་སྐྲུན་བྱེད་པའི་གོ་རིམ་ཡོངས་དང་ཕྱོགས་སོ་སོའི་ནང་ཁྱབ་ཏུ་འཇུག་དགོས། དེང་ཆར། རྫོང་(ཁྲུའུ་)རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད་“ནན་གསུམ་དང་དྲང་གསུམ་”སྐོར་གྱི་ཆེད་དོན་སློབ་གསོ་སྤེལ་བ་ནི། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལས་ལེན་གྱི་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་ཏུ་སྤེལ་བ་ཞིག་ཡིན་ལ། ཏང་གི་བསམ་བློ་དང་ཆབ་སྲིད་ཀྱི་སྟེང་གི་འཛུགས་སྐྲུན་དང་སྤྱོད་ཚུལ་འཛུགས་སྐྲུན་མུ་མཐུད་ནས་སྐུལ་འདེད་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། སློབ་གསོའི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ། གནད་དོན་གྱི་ཁྲིད་ཕྱོགས་གསལ་པོར་མཚོན་པ། བླང་བྱ་ནན་དུ་འདོན་པ། གོང་ནས་འོག་ལ་ཁྲིད་རྒྱུ་རྒྱུན་འཁྱོངས། འགོ་ཁྲིད་ལས་བྱེད་པས་རང་རྟོགས་ཀྱིས་“ནན་གསུམ་དང་དྲང་གསུམ་”ལག་ལེན་བསྟར་བར་སྐུལ་འདེད། “སྤྱོད་ཚུལ་བཞི་”ལེགས་སྒྱུར་ཐད་ཕན་འབྲས་སྨིན་པ། ཁྲིམས་སྲུང་ལུགས་བརྩི་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་བསྐྲུན་ཐད་ཕན་འབྲས་སྨིན་པ། བསྒྱུར་བཅོས་གོང་འཕེལ་བརྟན་བརླིང་གསུམ་གྱི་ཐད་ཕན་འབྲས་སྨིན་པ། ཏང་གི་གསར་གཏོད་ནུས་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་བཅས་སྔར་བས་ཆེར་སྐྱེད་བྱེད་པ་བཅས་བྱེད་དགོས།

ཏང་བདག་ཏང་སྐྱོང་གི་བྱེད་པོའི་འོས་འགན་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། མི་དམངས་ཀྱི་ལྟ་སྐུལ་གྱི་བྱེད་ནུས་འདོན་སྤེལ། ཏང་གི་འཛུགས་སྐྲུན་གྱི་ཚན་རིག་གི་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་གཏོང་དགོས། ཏང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྟན་དོན། “ཏང་ནན་སྐྱོང་བྱེད་དགོས་ན། ངེས་པར་དུ་ཏང་བདག་ཏང་སྐྱོང་གི་འདུ་ཤེས་དྲག་པོ་སྐྱེད་པ་དང་། ཏང་བདག་ཏང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས།” ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་མཐར་གཏུགས་ན་འགན་འཁྲིའི་གནད་དོན་ཞིག་ཡིན་པ་དང་། ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པའི་ཏང་ཨུའི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུའི་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཉིད་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་འཁུར་མཁན་གཙོ་བོ་ཡིན་ཕྱིན། ལས་ཀ་བཀོད་སྒྲིག་བྱེད་པའི་འགོ་ཁྲིད་མཁན་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཞིབ་མོས་བཀོད་སྒྲིག་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ལག་ལེན་བསྟར་བའི་ལག་བསྟར་མཁན་ཞིག་དང་སྐུལ་འདེད་གཏོང་མཁན་ཞིག་བྱས་ཏེ་ཀྲུང་དབྱང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སྐོར་གྱི་བླང་བྱ་དོན་འཁྱོལ་མཐིལ་ཕྱིན་བྱེད་དགོས་ལ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་དཔེ་སྟོན་མཁན་ཞིག་ཏུ་འགྱུར་བར་བྱེད་དགོས་ཤིང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ཨུ་ཧྲུའུ་ཅིས་ཏང་འཛུགས་སྐྱོང་བྱེད་པའི་འགན་འཁྲི་དང་པོ་འཁུར་རྒྱུ་དོན་འཁྱོལ་ལེགས་པོ་བྱས་ཏེ། ངེས་པ་དོན་དུ་ཏང་ནན་སྐྱོང་བྱེད་པའི་ཧྲུའུ་ཅི་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་འཛུགས་ལས་ཀའི་དཔྱད་ཞིབ་གདེང་འཇོག་གི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། འགན་འཁྲིའི་ལམ་ལུགས་ལྟར་རིམ་པ་བཞིན་དུ་གནོན་ཤུགས་སྐུལ་ལ་སྒུལ་ཤུགས་འཕེལ་བར་བྱེད་དགོས། “ཁང་པའི་ཐིགས་ཆུ་སྡོད་མཁན་གྱིས་ཚོར།། སྲིད་ཀྱི་འཇིག་ཉེན་མི་སེར་འབངས་ཀྱིས་ཤེས།།” ཏང་ནན་སྐྱོང་བྱེད་དགོས་ན་ངེས་པར་དུ་མི་དམངས་ལ་བརྟེན་དགོས་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དྲ་རྒྱ་ཞིབ་ཏུ་བསྐོར་བ་དང་། ཉིན་མཚན་ཀུན་ཏུ་དཀར་གསལ་གློག་སྒྲོན་འགེར་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཏང་ཡོན་ལས་བྱེད་པ་དག་གི་བྱ་བྱེད་ཚང་མར་མང་ཚོགས་ཀྱིས་དཔྱད་འཇོག་བྱེད་པ་བཅས་བྱེད་དགོས། ཏང་འཛུགས་སྐྱོང་བྱེད་པ་དེ་སྲིད་སྐྱོང་གི་བྱས་རྗེས་ཆེས་ཆེན་མོར་བརྩི་བ་ཡག་པོར་འཛིན་པ་དང་། “ཏང་སྐྱོང་འཛིན་པ་རང་འགན་དང་། ཏང་སྐྱོང་མ་བཟུང་ན་འགན་འཛོལ་”ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ། ཏང་སྐྱོང་ལས་ཀ་དང་ལྟེ་བའི་ལས་ཀ་གཉིས་མཉམ་གཅིག་ཏུ་འཆར་འགོད་དང་། བཀོད་སྒྲིག གདེང་འཇོག་བཅས་བྱེད་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་ཀའི་ཁྲོད་རང་འགུལ་གྱིས་འོས་འགན་དང་ལེན་དང་། ལས་འགན་འཁྲི་སྒྲུབ། རང་འགན་གཙང་སྒྲུབ་བཅས་བྱེད་པ། ངེས་པ་དོན་དུ་བྱེད་པོའི་འོས་འགན་སེམས་ལ་བཅངས་ཤིང་ལག་པས་འཇུ་བ་དང་ཕྲག་ཏུ་ཁུར་པ་བཅས་བྱས་ཏེ། དངོས་སུ་ཐོན་པའི་ཏང་སྐྱོང་ལས་ཀའི་གྲུབ་འབྲས་ཐོག བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་དང་། མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ། དོན་བྱ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་དུས་རབས་ཀྱི་དར་ཆ་ཞིག་ཡིན་ལ། མི་སེམས་འཐོབ་བྱེད་དང་། མི་སེམས་གསོ་བྱེད། མི་སེམས་འདུ་བྱེད་གསུམ་ཅན་གྱི་དར་ཆ་ཞིག་ཀྱང་ཡིན། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ནི་དུས་ནམ་ཡང་བྱེད་བཞིན་པའི་ད་ལྟ་བ་ཡིན། ང་ཚོས་ཡིད་ཆེས་ཐུབ་པ་ཞིག་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་ཡང་དག་པའི་ལམ་ཕྱོགས། ལོ་ངོ་90ལྷག་རིང་འབད་བརྩོན་དང་གསོག་ཉར་བྱས་པའི་སྤྱོད་ཚུལ་བཟང་པོ་དང་ཉམས་མྱོང་རྩ་ཆེན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐུན་མོང་གི་འབད་བརྩོན། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་བཅས་ཡོད་པ་ཡིན་ན། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཐུབ་པ་དང་། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ངོས་ཀྱི་སྒྲིག་བཀོད་ལ་མཐུན་འགྲིག་སྒོས་སྐུལ་འདེད་གཏོང་བར་སྔར་ལས་བརྟན་པོ་ཡིན་པའི་འགོ་ཁྲིད་སྲོག་ཤིང་གསོ་སྐྱོང་བྱེད་ཐུབ་པའི་ཐོག ང་ཚོའི་ཏང་ཉིད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བའི་རྐང་འཛིན་མཁན་དང་རྨང་རྡོ་ལྟ་བུར་གྱུར་ཏེ། དུས་རབས་ལ་ངོ་གནོང་མི་དགོས་ཤིང་ལོ་རྒྱུས་ལ་ངོ་གནོང་མི་དགོས་ལ་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་འོད་སྟོང་འབར་བ་ཞིག་འཐོབ་ངེས་ཡིན་ནོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།