ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པའི་དགོས་ངེས་ཀྱི་འགྲོ་ལམ་ཞིག་ཡིན།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་སྒྲིག་བཀོད་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

  ཆིའུ་ཧྲི།བསྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ཆེས་མངོན་གསལ་ལྡན་པའི་ཁྱད་ཆོས་ཤིག་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་ཡིན།

  གལ་ཏེ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་བསུ་ཡོང་བ་རེད་ཅེས་བརྗོད་ན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་ལམ་རིམ་གསར་པ་བསུ་ཡོང་བ་རེད་ཅེས་བརྗོད་ཆོག

  ད་ལོ་ནི་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་འགག་རྩའི་ལོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་སྒྲིག་བཀོད་ཉིད་ལག་ལེན་དོན་འཁྱོལ་བྱེད་པའི་མཐོ་ཚད་ཐོག་ནས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་འགག་རྩའི་གོ་གནས་དང་གལ་ཆེའི་ནུས་པ་ལ་ངོས་འཛིན་ཟབ་ལེན་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་སྤྱིའི་དམིགས་འབེན་དང་གཙོ་བོའི་ལས་འགན་ལ་རྒྱུས་ལོན་ཡང་དག་བྱས་ཏེ། སྔར་བས་བརྟན་པོའི་ཆོད་སེམས་ཀྱིས་བསམ་བློའི་འདུ་ཤེས་ཀྱི་བཀག་རྒྱ་གཏོར་བ་དང་ཁེ་ཕན་བརྟན་གྱུར་གྱི་ར་བ་ལས་བརྒལ་ནས་ཏན་ཏན་ཏིག་ཏིག་གིས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ན། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལས་གསོན་ཉམས་མངོན་པ་དང་། “ལོ་ངོ་བརྒྱ་ཁྲག་གཉིས་”ཀྱི་འབད་འབུངས་དམིགས་ཡུལ་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཤུགས་རྐྱེན་གཏིང་ཟབ་ཐེངས་ངེས།

  བསྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་བསྐལ་གཏན་འཁེལ་བྱེད་པའི་གདམ་ཀ་འགངས་ཆེན་ཞིག་ཡིན་ཏེ། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་གཙོ་གནད་དུ་བཟུང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་དགོས།

  གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་ལ། རང་རྒྱལ་གྱི་བསྒྱུར་བཅོས་ནི་གནད་དོན་ལས་བྱུང་བ་ཞིག་དང་། ཡང་མུ་མཐུད་དུ་གནད་དོན་ཐག་གཅོད་གཏོང་བའི་ཁྲོད་ཇེ་ཟབ་ཏུ་ཕྱིན་པ་ཞིག་ཡིན། ལོ་ངོ་37གྱི་སྔོན་དུ། “རིག་གནས་གསར་བརྗེ་ཆེན་མོ་”ཡི་ལོ་ངོ་བཅུའི་ནང་འཁྲུག་ལས་བྱུང་བའི་གཏོར་བརླག་དང་ཟིང་འཁྲུག་ནི་ཧ་ཅང་ཚབས་ཆེན་ཞིག་རེད་འདུག གནད་དོན་མང་པོ་ལྷགས་ཡོད་པས་བྱ་གཞག་བསྐྱར་དར་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནས་བབ་ལེགས་ཕྱོགས་སུ་བསྒྱུར་བའི་ཆེད་དུ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ལས་དོན་གྱི་ལྟེ་གནས་དེ་དཔལ་འབྱོར་འཛུགས་སྐྲུན་ཐོག་སྤོ་སྒྱུར་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་ལག་བསྟར་བྱས། བསྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་གིས་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་ནས་སྤེལ་བའི་རླབས་ཆེ་བའི་གསར་བརྗེ་གསར་པ་ཞིག་ཡིན་པ་དང་། དེང་རབས་ཀྲུང་གོའི་ལས་བསྐལ་གཏན་འཁེལ་བྱེད་པའི་གདམ་ཀ་འགངས་ཆེན་ཞིག་ཡིན་པ། དེང་རབས་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ཡོང་བའི་གསོན་ཤུགས་འབྱུང་ཁུངས་ཡིན་པ། ཏང་དང་མི་དམངས་ཀྱི་བྱ་གཞག་དེ་གོམ་པ་ཆེན་པོའི་ངང་དུས་རབས་མདུན་བསྐྱོད་ཀྱི་གོམ་སྟབས་སུ་སླེབས་པའི་ནོར་བུ་རྩ་ཆེན་ཞིག་ཀྱང་ཡིན། ལོ་ངོ་37གྱི་རིང་ལ། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། མུ་མཐུད་དུ་ཐོན་སྐྱེད་འབྲེལ་བ་དེ་ཐོན་སྐྱེད་ནུས་ཤུགས་དང་སྟེང་གི་བཀོད་པ་དང་མཉམ་དུ་དཔལ་འབྱོར་རྨང་གཞི་དང་ཕན་ཚུན་འཕྲོད་པར་བྱེད་རྒྱུ་རུ་སྐུལ་འདེད་བཏང་ནས་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་མཐོ་རུ་ཕྱིན་པ་དང་། མི་དམངས་ཀྱི་དངོས་པོའི་རིག་གནས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཕྱིན་པ། རྒྱལ་སྤྱིའི་གོ་གནས་དང་ཤུགས་རྐྱེན་ནུས་ཤུགས་མངོན་གསལ་མཐོ་རུ་ཕྱིན་ནས། འཛམ་གླིང་གི་དཔལ་འབྱོར་གདོས་བཅས་ཨང་གཉིས་པར་སླེབས་ཏེ། ལྟོས་གོས་མི་འཛོམ་པ་ནས་སྤྱིའི་ཐོག་ནས་འབྱོར་འབྲིང་དང་། དེ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་གི་ལམ་དུ་གོམ་སྟབས་ཆེན་པོས་བར་བརྒལ་བྱས། བསྒྱུར་བཅོས་སྒོ་འབྱེད་མེད་ན། ལོ་ངོ་37རིང་གི་འཕེལ་རྒྱས་དང་གྲུབ་འབྲས་ཡོད་མི་སྲིད་པ་དང་། བསྒྱུར་བཅོས་སྒོ་འབྱེད་མེད་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བདེ་བླག་གིས་ཕྱེ་མི་སྲིད་ཅིང་། བསྒྱུར་བཅོས་སྒོ་འབྱེད་མེད་ན། དེ་རིང་གི་ཀྲུང་གོའི་ས་ཆེན་སྟེང་གི་གསོན་ཉམས་དང་གསོན་ཤུགས་ཀྱང་ཡོད་མི་སྲིད།

  རང་རྒྱལ་གྱི་འདས་ཟིན་པའི་འཕེལ་རྒྱས་དང་གྲུབ་འབྲས་ནི་བསྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་བྱུང་བ་ཡིན་པས། མ་འོངས་པའི་ཀྲུང་གོའི་འཕེལ་རྒྱས་ནི་སྔར་བཞིན་བསྒྱུར་བཅོས་སྒོ་འབྱེད་ལ་བརྟེན་དགོས། ད་ལྟའི་དུས་རིམ་ལ་རང་རྒྱལ་ནི་སྔར་བཞིན་ད་དུང་དུས་ཡུན་རིང་པོའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནང་ཚུད་པའི་རྒྱལ་ཁབ་ཀྱི་རྩ་བའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཡིན་པའི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་ཟླ་སྟེ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་འདི་འགྱུར་ལྡོག་བྱུང་མེད་ལ། རང་རྒྱལ་ནི་འཛམ་གླིང་ཐོག་གི་ཆེས་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་ལྡོག་བྱུང་མེད།

  “འགྱུར་ལྡོག་བྱུང་མེད་པ་གསུམ་”གྱིས་འཕེལ་རྒྱས་ནི་སྔར་བཞིན་རང་རྒྱལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་གཏོང་བའི་འགག་རྩ་ཡིན་པ་གཏན་འཁེལ་བྱས་ཡོད་པ་དང་། དཔལ་འབྱོར་འཛུགས་སྐྲུན་ནི་སྔར་བཞིན་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ཡིན་ལ། དཔལ་འབྱོར་ལམ་ལུགས་གྱི་བསྒྱུར་བཅོས་ནི་སྔར་བཞིན་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་གནད་འགག་ཡིན། མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ལ་འབུར་དུ་ཐོན་པའི་འགལ་ཟླ་དང་འགྲན་སློང་རབ་དང་རིམ་པ་ཞིག་མདུན་དུ་ལྷགས་ཡོད། དཔེར་ན། འཕེལ་རྒྱས་དོ་མཉམ་མིན་པ་དང་། མཐུན་འགྲིག་མིན་པ། རྒྱུན་བསྲིང་མི་ཐུབ་པ་བཅས་ཀྱི་གནད་དོན་སྔར་བཞིན་འབུར་དུ་ཐོན་པ་ཡིན། ཚན་རྩལ་གསར་གཏོད་ཀྱི་ནུས་པ་སྟོབས་ལྡན་མིན་པ་དང་། ཐོན་ལས་གྲུབ་ཚུལ་ཚད་ལྡན་མིན་པ། འཕེལ་རྒྱས་གཏོང་ཐབས་སྔར་བཞིན་རགས་ལས་ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཧེ་བག་དང་སྡོད་དམངས་ཀྱི་ཡོང་འབབ་ཧེ་བག་སྔར་བཞིན་ཆེན་པོ་ཡིན་པས། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཕྲོད་པར་བྱེད་རྒྱུར་སྣེ་ཁྲིད་བྱེད་དགོས། འཕེལ་རྒྱས་ལ་ཐུག་པའི་དཀའ་གནད་སེལ་བ་དང་། ཕྱོགས་སོ་སོ་ནས་ཡོང་བའི་ཉེན་ཁ་དང་འགྲན་རྩོད་མེད་པར་བྱེད་པ། དཔལ་འབྱོར་སྤྱི་ཚོགས་རྒྱུད་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་མུ་མཐུད་ནས་འཕེལ་རྒྱས་ལམ་ལུགས་ཀྱི་བཀག་རྒྱ་མེད་པར་གཏོང་བ་དང་བསྒྱུར་བཅོས་ཇེ་ཟབ་གཏོང་རྒྱུ་མ་གཏོགས་ཐབས་གཞན་དག་ཅི་ཡང་མེད། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུ་དེ་གཙོ་ཐིག་ཏུ་རྒྱུན་འཁྱོངས་དང་། གལ་ཆེ་བའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ཐོག་བར་བརྒལ་གསར་པ་ཐོབ་རྒྱུ་བརྩོན་ལེན་བྱས་ནས་ཁྱབ་ཁོངས་གཞན་དག་གི་བསྒྱུར་བཅོས་ལ་སྣེ་ཁྲིད་དང་སྐུལ་སློང་བྱས་ཏེ། ཕྱོགས་སོ་སོའི་བསྒྱུར་བཅོས་མཐུན་འགྲིག་ངང་སྐུལ་འདེད་གཏོང་བ་དང་། སྡེབ་ཤུགས་གཅིག་ཏུ་ཆགས་ན་ད་གཟོད་ང་ཚོས་གོ་སྐབས་དམ་འཛིན་བྱེད་པ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་ཕན་ཐོགས་ཐུབ་ལ། མང་ཚོགས་ཀྱི་ལས་སྤེལ་དང་མང་ཚོགས་ཀྱི་གསར་གཏོད་ལ་ཁོར་ཡུག་སྔར་བས་བཟང་པོ་འདོན་སྤྲོད་བྱས་ཐུབ། མུ་མཐུད་ནས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་གསོན་ཤུགས་མཐོར་འདེགས་དང་སྐུལ་སློང་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་ཐུབ། བསྒྱུར་བཅོས་སྒོ་འབྱེད་ལ་ད་ལྟ་བ་ཡོད་པ་ལས་འདས་ཟིན་རྒྱུ་མེད་པས། ངེས་པར་དུ་མི་རབས་གཅིག་ནས་གཅིག་ཏུ་ཤུགས་མཐུད་ནས་མདུན་དུ་བསྐྱོད་དགོས།

  ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བ་ཡིས་འཕེལ་རྒྱས་ཁྲོད་ཀྱི་རིམ་པ་གཏིང་ཟབ་མོའི་འགལ་ཟླ་མེད་པར་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འགོ་ཁྲིད་བསྐོས་ནས་ཟླ་བ་གཅིག་མ་འགོར་བར་“འཕེལ་རྒྱས་སྔོན་དུ་ཐོབ་པའི་”ཀོང་ཏུང་ས་ཆར་ལྟ་ཞིབ་ཕེབས་པ་དང་། “བསྒྱུར་བཅོས་མཚམས་མི་འཇོག་རྒྱུ་དང་། སྒོ་འབྱེད་མཚམས་མི་འཇོག་རྒྱུ་”མངོན་གསལ་དུ་བསྒྲགས་པ་རེད། དེའི་རྗེས་སུ། ཁོང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐེངས་གཉིས་པའི་ཐུན་མོང་སློབ་སྦྱོང་ལ་སོགས་གནས་ཡུལ་མང་པོ་ཞིག་ཏུ། བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུར་གཞིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་ཞིག་སྤེལ་བ་དང་། ཁོང་གིས་ནན་བཤད་བྱས་དོན། “བསྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་བསྐལ་གཏན་འཁེལ་བྱེད་པའི་གནད་འགག་ཅིག་ཡིན་པ་དང་། ལོ་ངོ་བརྒྱ་ཁྲག་གཉིས་ཀྱི་འབད་འབུངས་དམིགས་ཡུལ་མངོན་དུ་འགྱུར་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་དུ་འགྱུར་པའི་གནད་འགག་ཅིག་ཡིན་ཚུལ་བསྟན་ཡོད།”བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་བྱས་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱིས་དར་ཆ་མཐོ་པོ་བསྒྲེངས་ནས། བསྒྱུར་བཅོས་སྒོ་འབྱེད་ཇེ་ཟབ་སྤེལ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ནས་སྔར་བས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པའི་གལ་ཆེ་བའི་འཐབ་ཇུས་བྱེད་ཐབས་སུ་བརྩིས་པ་རེད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་བསྒྱུར་བཅོས་ནི་ལོ་ངོ་སུམ་ཅུ་ལྷག་བརྒྱུད་ཡོད་པས་གཏིང་ཟབ་སར་སླེབས་ཡོད། ལས་སླ་བ་དང་བཅོས་བདེ་བའི་བསྒྱུར་བཅོས་རྣམས་བྱས་ཚར་ཞེས་བརྗོད་ནའང་ཆོག ཤ་ཞིམ་པོ་རྣམས་བཟས་ཚར་བ་དང་ཤུལ་དུ་ལུས་པ་ནི་འབྲད་དཀའ་བའི་རུས་པ་སྲ་མོ་ཏག་ཏག་རེད། འདིས་ང་ཚོར་ཉེན་བརྡ་ཞིག་བཏང་བ་སྟེ་བསྒྱུར་བཅོས་ནི་ལོ་རྒྱུས་ཀྱི་འགག་རྩ་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། གནས་བབ་གསར་པའི་འོག་བསྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་དང་མྱུར་མཁོའི་རང་བཞིན་མཐོང་དགོས་པ་མ་ཟད། ད་དུང་བསྒྱུར་བཅོས་ཀྱི་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་ཡང་དག་ཡོད་དགོས་པ་བསྟན་ཡོད། མིག་སྔར། རང་རྒྱལ་གྱི་བསྒྱུར་བཅོས་ནི་མཁྲེགས་གཏོར་དུས་སྐབས་དང་གཏིང་ཟབ་སར་སླེབས་ཡོད། “མཁྲེགས་གཏོར་”ཞེས་པ་ནི་དཀའ་སླའི་ཕྱོགས་ནས་བཤད་པ་སྟེ། བཅོས་སླ་བ་དང་ཕན་ནུས་མགྱོགས་མྱུར་ཐོན་ཐུབ་པ། ཁེ་ཕན་ཇེ་མང་རག་པའི་རྣམ་པ་དང་ཀུན་ལ་ཕན་ཐོགས་པའི་བསྒྱུར་བཅོས་ཚང་མ་ཕལ་ཆེར་བྱས་ཚར་ཞིང་ཤུལ་དུ་ལུས་པ་ནི་ཕལ་ཆེར་འབྲད་དཀའ་བའི་“རུས་པ་སྲ་མོ་”ཏག་ཏག་ཡིན། “གཏིང་ཟབ་ས་”ཞེས་པ་ནི་རྙོག་དྲའི་རང་བཞིན་ཐོག་ནས་བཤད་པ་སྟེ། བསྒྱུར་བཅོས་བྱེད་དགོས་པའི་ནང་དོན་མི་ཉུང་བ་ཞིག་ནི་རིམ་པ་གཏིང་ཟབ་མོའི་སྤྱི་ཚོགས་ཀྱི་འགལ་ཟླ་དང་འབྲེལ་ཡོད་ལ། གཞི་རྩའི་ཐོག་ནས་སྤྱི་ཚོགས་མང་ཚོགས་ཀྱི་ཁེ་ཕན་གནས་བབ་དང་མཐུན་འགྲིག་བྱེད་རྒྱུ་ལ་ཐུག་ཡོད། རིམ་པ་གཏིང་ཟབ་མོའི་གནད་དོན་འབུར་དུ་ཐོན་ཞིང་རྙོག་འཛིང་ཆེ་བའི་ངང་མཉམ་དུ་སྡེབ་ཡོད། དེ་རིང་གི་བསྒྱུར་བཅོས་ལ་ཐུག་པའི་དཀའ་གནད་ནི་སྡིག་སྲིན་སློ་མ་གང་དང་འདྲ་བར། གཅིག་ལ་འཇུ་ན་གཞན་པ་གཅིག་འབྱར་ཡོང་བ་ནང་བཞིན་ཡིན་པས་ངེས་པར་དུ་ཁྱོན་ཡོངས་ནས་བསྒྱུར་བཅོས་སྤེལ་དགོས། དེ་དང་ཐུག་པའི་ཁེ་ཕན་འབྲེལ་བ་རྙོག་དྲ་ཆེ་ཞིང་གཅིག་ལ་གཅིག་མཐུན་ཡིན་པ་དང་། རྩེ་རིམ་གྱི་ཇུས་འགོད་ཡོད་དགོས་པ་དང་དེའི་དཀའ་ཚེགས་ཆེ་ཚུལ་ནི་ལོ་ངོ་སུམ་ཅུ་ལྷག་གི་སྔོན་དང་བསྡུར་ན་སླ་རྒྱུ་ཅི་ཡང་མེད། དེ་རིང་གི་བསྒྱུར་བཅོས་ནི་འགྲན་སློང་དང་ཁ་གཏད་འཇལ་རྒྱུ་ཁོ་ན་ཙམ་མ་ཡིན་པ་དེ་ལས་འགངས་ཆེ་བ་ནི་གོ་སྐབས་དམ་དུ་འཛིན་རྒྱུ་དེ་ཡིན། དུས་ཡུན་ཐུང་བའི་དམིགས་ཚད་ཁོ་ནའི་ཆེད་དུ་མ་ཡིན་ལ། དེ་ལས་ཀྱང་འགངས་ཆེ་བ་ནི་རྒྱང་རིང་ལ་དམིགས་རྒྱུ་དེ་ཡིན། དུས་རབས་ཀྱི་བླང་བྱ་ཁོ་ནའི་ཆེད་དུ་མ་ཡིན་ལ། དེ་ལས་ཀྱང་འགངས་ཆེ་བ་ནི་ལོ་རྒྱུས་ཀྱི་ལས་འགན་ཡིན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས། སྔར་བས་ལྷག་པའི་ཆབ་སྲིད་ཀྱི་སྤོབས་པ་དང་བློ་གྲོས། སྔར་བས་ནུས་ལྡན་གྱི་བྱེད་སྟངས་དང་ཐབས་ཤེས་ཀྱིས་རུས་པ་སྲ་མོ་འབྲད་ཕོད་པ་དང་ཉེན་ཁ་ལ་ཐུག་ཕོད་པ། ལོ་ཡུན་རིང་ལ་གསོག་པའི་ནད་རྙིང་ལ་གཤག་བཅོས་བྱེད་ཕོད་པ། གོ་སྐབས་མ་ཤོར་བར་གལ་ཆེའི་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཇེ་ཟབ་སྤེལ་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུས་སྔར་བས་འཐུས་སྒོ་ཚང་བ་དང་སྔར་བས་བརྟན་པོ་ཆགས་པར་བྱས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་སྟོབས་ཆེ་བའི་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་མཁོ་སྤྲོད་བྱེད་དགོས།

  ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་ཁྲོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་གཏོང་བ་དང་འཕེལ་རྒྱས་སུ་བཏང་ནས། མུ་མཐུད་དུ་རྒྱལ་ཁབ་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས།

  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་རིམ་ཁྲོད། གལ་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡོད་པ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། འདི་ལས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་དེ་ངེས་པར་དུ་རྒྱལ་ཁབ་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་གཏོང་རྒྱུའི་ཐད་སྤྱིའི་ཕན་ནུས་དང་སྤྱིའི་གྲུབ་འབྲས་ཐོབ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བསྒྱུར་བཅོས་བྱེད་ཕྱོགས་དམ་པོར་འཛིན་ནས། མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུགས་མགྱོགས་སུ་འཐུས་ཚང་གཏོང་རྒྱུའི་དམིགས་འབེན་གྱི་ཕྱོགས་སུ་འབད་བརྩོན་བྱས་ཏེ། ཚོང་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་གཏན་འཁེལ་རང་བཞིན་གྱི་ནུས་པ་དང་སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དུ་འཇུག་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་འགོ་ཚུགས་ས་དང་རྐང་ཚུགས་ས་རྒྱུས་ལོན་ཡང་དག་བྱས་ཏེ། སྔར་བས་དྲང་གཞག་དང་བདེན་དོན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས། བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་བས་འདྲ་མཉམ་གྱི་སྒོ་ནས་མི་དམངས་ཀུན་ལ་ཕན་ཐོགས་པར་འཇུག་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་སྤྱིའི་ལྡེ་མིག་དང་དམིགས་ཡུལ་ལ་རྒྱུས་ལོན་ཡང་དག་བྱེད་དགོས། “མུ་མཐུད་ནས་བཅིངས་འགྲོལ་གཏོང་རྒྱུ་གསུམ་”ནི་བསྒྱུར་བཅོས་ཀྱི་དམིགས་ཡུལ་ཡིན་ལ། བསྒྱུར་བཅོས་ཀྱི་ཆ་རྐྱེན་ཡང་ཡིན། བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་ནི་སྤྱིའི་ལྡེ་མིག་ཡིན་ལ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་རྒྱུ་ནི་བསམ་བློ་བཅིངས་འགྲོལ་གཏོང་བའི་ལྡོག་མེད་ཀྱི་གྲུབ་འབྲས་ཡིན། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཆེས་གཞི་རྩ་དང་ཆེས་མྱུར་མཁོའི་ལས་འགན་ཡིན་པས། བསམ་བློ་བཅིངས་འགྲོལ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་རྒྱུ་ནི་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལེགས་པོ་མངོན་དུ་འགྱུར་རྒྱུའི་ཆེད་དུ་ཡིན།

  ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་དེ་སྔོན་གྱི་བསྒྱུར་བཅོས་དང་བསྡུར་ན། མངོན་གསལ་དོད་པོའི་ཁྱད་ཆོས་ཤིག་སྟེ་ལམ་ལུགས་འཛུགས་སྐྲུན་དེ་སྔར་ཡོད་མ་མྱོང་བའི་མཐོ་ཚད་ཅིག་ཏུ་བཞག་ནས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་སྤྱིའི་དམིགས་ཡུལ་དུ་ཆགས་ཡོད། འདི་ནི་“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུ་དེ་ཡིན” སྔོན་ཆད། ང་ཚོའི་ཏང་གིས་ཀྱང་བསྒྱུར་བཅོས་དམིགས་ཚད་བཏོན་མྱོང་། ཡིན་ན་ཡང་ཕལ་ཆེ་བ་ནི་བྱེ་བྲག་གི་ཁྱབ་ཁོངས་སུ་བཏོན་པ་ཡིན་ལ། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་ནི་ཁྱབ་ཁོངས་གཅིག་གི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མ་ཡིན་ཏེ། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་དེ་གཙོ་གནད་དུ་འཛིན་པ་དང་། ཁྱོན་ཡོངས་ནས་དཔལ་འབྱོར་ལམ་ལུགས་དང་ཆབ་སྲིད་ལམ་ལུགས། རིག་གནས་ལམ་ལུགས། སྤྱི་ཚོགས་ལམ་ལུགས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་ཏང་གི་འཛུགས་སྐྱོང་ལམ་ལུགས་ཀྱི་བསྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པས། ངེས་པར་དུ་སྤྱི་ཁྱབ་དོ་དམ་བྱེད་པའི་དམིགས་ཡུལ་ཡོད་དགོས། ཚོགས་ཆེན་གྱི་ཐོག་ཏུ་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་སྤྱིའི་དམིགས་ཚད་བཏོན་པ་དང་། ཚན་རིག་དང་ལྡན་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆེས་མཐའ་མ་ནི་ཅིའི་ཆེད་དུ་ཡིན་པ་དང་། སྤྱི་ཡོངས་ཀྱི་ཕན་འབྲས་ཅི་འདྲ་ཞིག་བླངས་རྒྱུའི་གནད་དོན་ལ་དྲིས་ལན་འདེབས་པ་དང་། ང་ཚོའི་ཏང་གིས་བསྒྱུར་བཅོས་ལ་འཛིན་པའི་ངོས་འཛིན་ཇེ་ཟབ་དང་མ་ལག་ཅན་དུ་གྱུར་པ་མཚོན་ཡོད། སྤྱིའི་དམིགས་ཚད་འདི་ནི་སྐད་ཆ་ཚིག་གཉིས་ལས་གྲུབ་པའི་སྤྱི་ཡོངས་ཤིག་ཡིན་པ་སྟེ། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་”ཞེས་པ་ནི་ཚིག་སྔ་མ་དེ་ཡིན་ལ། དེས་གཞི་རྩའི་བྱེད་ཕྱོགས་གཏན་འཁེལ་བྱས་པ་དང་། འགོ་ཁྲིད་ལམ་ལུགས་དང་རྩ་འཛུགས་ལམ་ལུགས་ཀྱི་གནད་དོན་ལ་དེ་བས་རྩ་བའི་རང་བཞིན་དང་སྤྱི་ཡོངས་ཀྱི་རང་བཞིན། བརྟན་བརླིང་གི་རང་བཞིན་དང་ཡུན་རིང་གི་རང་བཞིན་བཅས་དང་ལྡན་པ་ནན་བཤད་བྱས་ཡོད། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡག་པོ་མིན་པ་མ་ཡིན་ལ། དེ་ལས་ལྷག་པ་ཞིག་ཡོང་རྒྱུ་དང་། སྔར་བས་འཐུས་ཚང་དང་སྔར་བས་བརྟན་པོ། སྔར་བས་གོ་ཆོད་པའི་ལམ་ལུགས་མ་ལག་ཆ་ཚང་ཞིག་ཆགས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་བརྟན་པོ་ཞིག་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་དེ་ཡིན། “རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་”ཞེས་པ་ནི་ཚིག་རྗེས་མ་དེ་ཡིན་ལ། འདིས་བརྒྱུད་དགོས་པའི་ལམ་རིམ་གཏན་འཁེལ་བྱས་ཡོད། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་ལམ་ལུགས་ལག་བསྟར་གྱི་ནུས་པ་གཅིག་སྡུད་དུ་མཚོན་བྱེད་ཡིན། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་ནི་ཏང་གིས་འགོ་ཁྲིད་ནས་རྒྱལ་ཁབ་དོ་དམ་བྱེད་པའི་ལམ་ལུགས་མ་ལག་ཡིན་པ་དང་། འབྲེལ་བ་ཚགས་དམ་པོ་དང་ཕན་ཚུན་མཐུན་འགྲིག་བྱེད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་ཆ་ཚང་ཞིག་ཡིན། རྒྱལ་ཁབ་ཀྱི་བདག་སྐྱོང་ནུས་པ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་ལག་བསྟར་བྱས་ནས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་དོན་དག་དོ་དམ་བྱེད་པའི་ནུས་པ་ཞིག་ཡིན་ལ། འདི་གཉིས་པོ་ནི་གཅིག་གྱུར་གྱི་གོང་བུ་ཞིག་ཡིན་པ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུ་ནི། ཕྱོགས་སོ་སོའི་ལམ་ལུགས་སྔར་བས་ཚན་རིག་དང་མཐུན་ཞིང་སྔར་བས་འཐུས་ཚང་ཡིན་ཏེ། ཏང་དང་རྒྱལ་ཁབ། སྤྱི་ཚོགས་བཅས་ཀྱི་བྱ་གཞག་ཁག་རྣམས་བདག་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་མངོན་འགྱུར་བྱེད་པ་དང་། ལམ་ལུགས་དང་བཅའ་ཁྲིམས་བེད་སྤྱོད་ནས་རྒྱལ་ཁབ་བདག་སྐྱོང་བྱེད་པ། ཏང་གིས་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་དམངས་གཙོའི་སྒོ་ནས་སྲིད་སྐྱོང་བྱེད་པ། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

  ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་ནི་སྤྱིའི་དམིགས་འབེན་ཐོག་ནས་ལམ་ལུགས་འཛུགས་སྐྱོང་ལ་དོ་སྣང་བྱེད་པ་མ་ཟད། ད་དུང་ཁྱབ་ཁོངས་ཆེན་མོ་དྲུག་གི་བསྒྱུར་བཅོས་ཀྱི་ལམ་ཕྱོགས་རི་མོ་ཡང་ལམ་ལུགས་འཛུགས་སྐྱོང་ལ་གཞིར་དམ་པོ་བཟུང་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བར། ཚོང་རས་ཐོན་ཁུངས་སྒྲིག་བཀོད་ཁྲོད་གཏན་འཁེལ་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་ནས་དཔལ་འབྱོར་ལམ་ལུགས་ཀྱི་བསྒྱུར་བཅོས་ཇེ་ཟབ་སྤེལ་བ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་བྱེད་རྒྱུར་ཚགས་དམ་པོ་གཞིགས་ནས་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ཇེ་ཟབ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་རྒྱུར་ཚགས་དམ་པོ་གཞིགས་ནས་རིག་གནས་ལམ་ལུགས་ཀྱི་བསྒྱུར་བཅོས་ཇེ་ཟབ་སྤེལ་བ། སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་སྐུལ་སྤེལ་བྱེད་རྒྱུར་ཚགས་དམ་པོ་གཞིགས་ནས་སྤྱི་ཚོགས་ལམ་ལུགས་ཀྱི་བསྒྱུར་བཅོས་ཇེ་ཟབ་སྤེལ་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བྱེད་རྒྱུར་ཚགས་དམ་པོ་གཞིགས་ནས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་བསྒྱུར་བཅོས་ཇེ་ཟབ་སྤེལ་བ། ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུར་གཞིགས་ནས་ཏང་གི་འཛུགས་སྐྱོང་ལམ་ལུགས་ཀྱི་བསྒྱུར་བཅོས་ཇེ་ཟབ་སྤེལ་བ་བཅས་བྱེད་དགོས། གོང་གསལ་ཁྱབ་ཁོངས་ཀྱི་ལམ་ལུགས་བསྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་བརྒྱུད་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དུས་སྐབས་སུ། གལ་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ཐོག་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཆོད་དོན་འདི་ལས་བཏོན་པའི་བསྒྱུར་བཅོས་འོས་འགན་ལེགས་འགྲུབ་བྱུང་སྟེ། མ་ལག་ཆ་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འགུལ་སྐྱོད་ཕན་ལྡན་བཅས་ཀྱི་ལམ་ལུགས་མ་ལག་ཆགས་ནས་ཕྱོགས་སོ་སོའི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་བརྟན་པོ་བྱུང་ཡོད།

  ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་ནང་གནས་ཀྱི་ཆོས་ཉིད་ལ་རྒྱུས་ལོན་ཡང་དག་བྱས་ཏེ། སྔར་བས་བརྟན་པོའི་ཆབ་སྲིད་སྤོབས་པ་དང་བློ་གྲོས་ཀྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་མཁྲེགས་གཏོར་འཐབ་ར་ལས་རྒྱལ་དགོས།

  ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་ལས་འགན་ཧ་ཅང་ལྕི་བས། ང་ཚོས་མཐའ་གཅིག་ཏུ་ཀྲུང་དབྱང་གི་འཐབ་ཇུས་སྒྲིག་བཀོད་ལག་ལེན་བསྟར་ནས། ཡང་དག་པའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ནང་གནས་ཀྱི་ཆོས་ཉིད་རྒྱུས་ལོན་བྱེད་པ། གཅིག་འགྱུར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཏན་ཏན་ཏིག་ཏིག་གིས་ཚོགས་ཆེན་ཐོག་བཏོན་པའི་བསྒྱུར་བཅོས་བྱེད་ཐབས་རྣམས་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་དམིགས་འབེན་ཕྱོགས་སུ་བསྐྱོད་དགོས།

  བསྒྱུར་བཅོས་ཀྱི་བྱེད་ཕྱོགས་ཡང་དག་པ་རྒྱུས་ལོན་བྱེད་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་གཙོ་གནད་ནི་“ཁྱོན་ཡོངས་”ཡིན་པ་དང་། འགག་རྩ་ནི་“ཇེ་ཟབ་”ཡིན་པ། རྩ་བ་ནི་“བསྒྱུར་བཅོས་”ཡིན་པ་རེད། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཕན་ཐོགས་པ་དང་། རྒྱ་ཆེའི་མི་དམངས་ལ་ཕན་ཐོགས་པ། ཏང་དང་རྒྱལ་ཁབ་ཀྱི་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་མངོན་འགྱུར་བྱུང་བར་ཕན་ཐོགས་པ་བཅས་ཡིན་ན་བཅོས་དགོས་ས་ལ་བློ་བརྟན་འགྱུར་མེད་ཀྱིས་བཅོས་དགོས། ང་ཚོའི་བསྒྱུར་བཅོས་ལ་བྱེད་ཕྱོགས་ཡོད་པ་དང་། ལངས་ཕྱོགས་ཡོད་པ། རྩ་དོན་ཡོད་པ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་མུ་མཐུད་དུ་མདུན་བསྐྱོད་བྱེད་པའི་བསྒྱུར་བཅོས་ཤིག་ཡིན་པ་ལས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཕྱོགས་བསྒྱུར་ལམ་བསྒྱུར་བྱེད་པ་ནི་མ་ཡིན་ཏེ། བཀག་སྡོམ་སྲ་འགྱུར་གྱི་ལམ་རྙིང་ཐོག་མི་བསྐྱོད་ལ། དར་ཆ་བརྗེ་བའི་ལོག་ལམ་ཏུ་ཡང་མི་འགྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། “གནད་དོན་གྱི་ངོ་བོ་ནི་ཅི་ཞིག་བཅོས་པ་དང་ཅི་ཞིག་བཅོས་མི་རུང་བ། བཅོས་མི་རུང་བ་འགའ་ཞིག་ནི་དུས་ཚོད་ཅི་འདྲ་ཡུན་རིང་བརྒལ་རུང་བཅོས་མི་ཉན།”“ལྟེ་བ་གཅིག་དང་རྩ་བ་གཉིས་”ལྟ་བུར་མཚོན་ན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་བྱས་པ་དང་། དབང་བའི་ལམ་ལུགས་སྣ་མང་བ་ཐུན་མོང་དུ་འཕེལ་རྒྱས་བཏང་སྟེ། རིམ་པ་བཞིན་དུ་མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ལམ་ལུགས། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས། ཏང་གིས་མཐའ་གཅིག་ཏུ་དམག་དཔུང་ལ་འགོ་ཁྲིད་བྱེད་པ་ལ་སོགས་མངོན་དུ་འགྱུར་བར་བྱས་པ་རེད། འདི་དག་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་དང་དགེ་མཚན་ལྡན་པའི་དངོས་པོ་འགའ་ཞིག་བསྒྱུར་བཅོས་བྱས་མི་རུང་བ་མ་ཟད། ད་དུང་བསྒྱུར་བཅོས་ཀྱི་ཁྲོད་དུ་མུ་མཐུད་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ་གཅིག་སྡུད་དུ་མཚོན་ཡོད། ཆབ་སྲིད་ཀྱི་བརྟན་ཤུགས་མཐོ་རུ་གཏོང་བ་དང་། རྩ་བའི་རང་བཞིན་གྱི་གནད་དོན་ཐོག་མགོ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་བྱུང་མི་རུང་།

  ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་གལ་ཆེའི་འབྲེལ་བ་ཐག་གཅོད་ལེགས་པོ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁྲོད། ཡང་དག་པའི་བསམ་བློ་གཏོང་སྟངས་རྒྱུན་འཁྱོངས་དང་། རྩོད་སྒྲུབ་ཀྱི་ཐབས་ཤེས་རྒྱུན་འཁྱོངས། བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དང་དངོས་ཐོག་བདེན་འཚོལ་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་གཏོང་བ་དང་། སྤྱི་ཡོངས་སྐུལ་འདེད་དང་གཙོ་གནད་འབུར་ཐོན་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་གཏོང་བ། སྤྱི་ཡོངས་དང་ཆ་ཤས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་གཏོང་བ། རྩེ་རིམ་ཇུས་འགོད་དང་ཆུ་ལ་དཔགས་ནས་རབ་རྒྱག་པའི་འབྲེལ་བ་ཐག་གཅོད་ལེགས་པོ་གཏོང་བ། སྙིང་སྟོབས་ཆེ་དགོས་པ་དང་གོམ་པ་བརྟན་དགོས་པའི་འབྲེལ་བ་ཐག་གཅོད་ལེགས་པོ་གཏོང་བ། བསྒྱུར་བཅོས་གོང་འཕེལ་བརྟན་བརླིང་གི་འབྲེལ་བ་ཐག་གཅོད་ལེགས་པོ་གཏོང་བ་བཅས་བྱེད་དགོས། འདི་ནི་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་ལེགས་གྲུབ་བྱུང་བའི་ཚད་མཐོའི་ཁྱོན་བསྡོམས་ཡིན་ལ། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་ཚན་རིག་དང་མཐུན་པའི་བྱེད་ཐབས་ཡིན། བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དང་དངོས་ཐོག་བདེན་འཚོལ་གཅིག་འགྱུར་ཡོང་རྒྱུ་རྒྱུན་འཁྱོངས་དང་། དངོས་ཡོད་ནས་འགོ་ཚུགས་རྒྱུ་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ནས་འགོ་ཚུགས་རྒྱུན་འཁྱོངས་བྱས་ཏེ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་སྐུལ་འདེད་དང་གཙོ་གནད་འགག་སྒྲོལ་གཅིག་འགྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་སྟེ། བསྒྱུར་བཅོས་ཁག་རྣམས་ཕན་ཚུན་སྐུལ་སྤེལ་དང་མཐུན་འགྲིག་མཉམ་ལས་ལ་སྐུལ་འདེད་གཙོ་བོ་བྱེད་པ་དང་། སྐྲ་རྐང་གཅིག་ལ་བཟུང་ན་ལུས་ཡོངས་ན་བ་ལྟར་ལུས་ཡོངས་ཀྱི་གལ་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་དམ་འཛིན་བྱེད་རྒྱུར་དོ་སྣང་བྱེད་དགོས་པ་དང་། ཁྱོན་ཡོངས་ཀྱི་བསྒྱུར་བཅོས་ལ་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ཐོན་དགོས། སྤྱི་ཡོངས་དང་ཆ་ཤས་ཀྱི་གཅིག་འགྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་ཐོག་ནས་གཅིག་འགྱུར་གྱིས་འཆར་འགོད་བྱེད་དགོས་པ་དང་། ཆ་ཤས་དང་མིག་སྔར་འོས་འཚམས་ཀྱང་སྤྱི་ཡོངས་དང་རྒྱང་རིང་ལ་ཕན་མི་ཐོགས་པའི་གནས་ཚུལ་འབྱུང་རྒྱུ་བཀག་འགོག་བྱེད་དགོས། རྩེ་རིམ་ཇུས་འགོད་དང་ཆུ་ལ་དཔགས་ནས་རབ་རྒྱག་རྒྱུ་གཅིག་འགྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་སྟེ། ས་གནས་སོ་སོས་རང་རང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ས་གནས་སོ་སོའི་ཁྱད་ཆོས་ལྡན་པ་དང་ཕན་ནུས་ལྡན་པའི་འཚོལ་ཞིབ་དང་ལག་ལེན་སྤེལ་རྒྱུར་སྐུལ་སློང་དང་། སྤྱིའི་འཆར་འགོད་ལ་ཤུགས་སྣོན་རྒྱག་ཅིང་། བསྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་འགྲིག་རང་བཞིན་བཅས་ལ་སྔར་བས་དོ་སྣང་བྱེད་དགོས། སྤོབས་པ་ཆེ་བ་དང་གོམ་པ་བརྟན་པོ་གཅིག་འགྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་སྟེ། ཐབས་ཤེས་བཏོན་ཕོད་ལ་ཐབས་ཤེས་དང་ལེན་ཕོད་པར་བྱས་ཏེ་“གོམ་པ་སྤོ་དཀའ་ན་མཚམས་འཇོག་དགོས།”བསྒྱུར་འཕེལ་བརྟན་གསུམ་གཅིག་འགྱུར་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་ཀྱི་ཤུགས་ཚད་དང་འཕེལ་རྒྱས་ཀྱི་མྱུར་ཚད།སྤྱི་ཚོགས་ཀྱི་ཐེག་ཚད་བཅས་གཅིག་འགྱུར་བྱས་ནས། ཏན་ཏིག་དང་ཕན་ལྡན་གྱི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་དེ་མདུན་དུ་སྐུལ་འདེད་གཏོང་དགོས།

  ནུས་ཤུགས་ཆེན་པོས་བསྒྱུར་བཅོས་བྱེད་ཐབས་ལ་སྐུལ་འདེད་བཏང་ནས་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་བྱེད་དགོས། ངེས་པར་དུ་དུས་ཀྱིས་མི་སྒུག་པའི་མྱུར་མཁོའི་འདུ་ཤེས་དང་ཉིན་མཚན་མེད་པར་གཞུང་དོན་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་ཀྱིས་བསྒྱུར་བཅོས་ཀྱི་ལམ་ཕྱོགས་རི་མོ་དང་དུས་ཚོད་རེའུ་མིག་ལ་གཞིགས་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་། བསྒྱུར་བཅོས་ཀྱིས་དཀའ་གནད་སེལ་བ་དང་གསོན་ཤུགས་སྣོན་པ། འཕེལ་རྒྱས་ལ་སྐུལ་བ། དམངས་འཚོ་ལ་ཕན་པ་བཅས་བྱེད་དགོས། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་བྱེད་པ། ཡང་དག་པའི་སྒོ་ནས་སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ལེགས་པོ་གཏོང་བ། སྲིད་གཞུང་གི་དབང་ཆ་རྩིས་ཕྲ་དང་འགན་འཁྲི་རྩིས་ཕྲ་ཧུར་ཐག་འཛུགས་པ། ལྡོག་ཕྱོགས་ཀྱི་རྩིས་ཕྲ་དོ་དམ་བྱེད་ཐབས་བེད་ཡག་པོ་སྤྱད་ནས། མུ་མཐུད་དུ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། དམ་ལྷོད་ཟུང་འབྲེལ། སྲིད་གཞུང་གི་འགན་ནུས་བསྒྱུར་བ། ནུས་ཤུགས་ཆེན་པོས་གྲུབ་ཚུལ་ལེགས་སྒྲིག་དང་རྣམ་སྒྱུར་མཐོ་སྤར་ལ་བཀག་སྡོམ་བྱེད་པའི་ལམ་ལུགས་ནང་རྐྱེན་གསར་གཏོད་བྱས་ཏེ། ཚད་མཐོ་བའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་ལས་སྤེལ་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་གསར་པར་སྐུལ་སློང་བྱེད་དགོས། ནན་ཏན་གྱི་སྒོ་ནས་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གིས་གཅིག་འགྱུར་སྒྲིག་བཀོད་རྣམས་འཕྲོག་རྒྱུག་མི་བྱས་ལ། སྐུལ་འདེད་གཏོང་དགོས་ས་དེ་འགོར་འགྱངས་བྱས་མི་རུང་ལ། ཚོད་ལྟ་བྱེད་དགོས་ས་དེ་བྲེལ་འཚུབ་ཀྱིས་ཁྱབ་བརྡལ་མི་གཏོང་བ། ཞིབ་འཇུག་ཟབ་མོ་བྱས་ནས་སྐུལ་འདེད་གཏོང་རྒྱུ་དེ་བྲེལ་གྱིས་འགྲུབ་རྒྱུ་མི་བྱེད་པ། བཅའ་ཁྲིམས་ཀྱིས་དབང་བཀོད་གནང་དགོས་ས་ལ་སྔོན་དུ་སྐུལ་འདེད་མི་གཏོང་བ་བཅས་བྱེད་དགོས། བསྒྱུར་བཅོས་ལ་མཐུན་འགྲིག་གིས་སྐུལ་འདེད་གཏོང་བ་དང་བསྒྱུར་བཅོས་ཀྱི་འབྲེལ་བའི་རང་བཞིན་དང་མཐུན་འགྱུར་རང་བཞིན་ལ་དོ་སྣང་བྱས་ཏེ། སྤྱི་ཡོངས་སྟངས་འཛིན་དང་། ཕྱོགས་བསྡུས་ཀྱི་ཕན་ནུས་ཆེ་ཤོས་ཐོབ་པར་བརྩོན་དགོས། མི་དམངས་ལ་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། བསྒྱུར་བཅོས་སྒོ་འབྱེད་ནི་མི་གྲངས་ཁྲི་དུང་ཕྱུར་གྱི་བྱ་གཞག་ཡིན་པ་དང་། ང་ཚོས་གལ་ཆེའི་བསྒྱུར་བཅོས་གང་ཞིག་སྐུལ་འདེད་གཏོང་རུང་ཚང་མ་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ཏེ་བསྒྱུར་བཅོས་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་རྒྱུས་ལོན་དང་ཐག་གཅོད་ལེགས་པོ་གཏོང་དགོས་པ་དང་། ཚང་མ་མི་དམངས་ཀྱི་ཁེ་ཕན་ནས་འགོ་ཚུགས་ཏེ་བསྒྱུར་བཅོས་ཀྱི་བསམ་གཞིགས་ཇུས་བཀོད་དང་བསྒྱུར་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱེད་དགོས། མི་སེར་གྱིས་ཆེས་རེ་སྒུག་བྱེད་པའི་ཁྱབ་ཁོངས་ནས་བཅོས་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་སྡོམ་བྱེད་པའི་ཆེས་འབུར་ཐོན་གྱི་གནད་དོན་ནས་བཅོས་ཏེ། མི་སེར་རྣམས་ལ་ཏན་ཏན་ཏིག་ཏིག་གི་ཁེ་ཕན་རག་ཏུ་བཅུག་ནས། ཆེས་རྒྱ་ཆེའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་བསྒྱུར་བཅོས་ཀྱི་ཐོག་ཏུ་གོང་བུར་གཅིག་འདྲིལ་བྱེད་པ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་དམིགས་ཡུལ་ལས་འགན་མངོན་འགྱུར་བྱུང་རྒྱུ་ཁག་ཐེག་བྱེད་དགོས།

  གྲུ་བརྒྱ་འགྲན་དུ་བཞུགས་ནས་རྦ་རླབས་གཏོར་ཏེ་རྒྱང་དུ་བཞུད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་ཁ་ཕྱོགས་གསལ་ལ། འགྲོ་ལམ་དག་པ། བྱེད་ཐབས་ནུས་ལྡན་བཅས་ཡིན་པས། རྩེ་རིམ་ཇུས་འགོད་ཀྱི་ངོ་བོ་ལྡན་པའི་བསྒྱུར་བཅོས་བྱེད་ཐབས་ཀྱི་འཆར་ཟིན་རེ་རེ་སྔ་རྗེས་སུ་བྱུང་བ་དང་། མཚོན་རྟགས་རང་བཞིན་དང་འགག་རྩའི་རང་བཞིན། སྣེ་ཁྲིད་ཀྱི་རང་བཞིན་བཅས་ནུས་པ་ལྡན་པའི་གལ་ཆེའི་བསྒྱུར་བཅོས་བྱེད་ཐབས་མུ་མཐུད་ནས་ཁྱབ་སྤེལ་གཏོང་བ་དང་། འུར་འུར་དུ་ལྡང་བའི་རླུང་བུ་དང་འདྲ་བར་ཀྲུང་གོའི་ས་སྟེང་དུ་ཁྱབ། སྐབས་གསར་པའི་བསྒྱུར་བཅོས་དེ་ཟིལ་ཤུགས་ཆེ་བའི་རྦ་རླབས་ཆེན་པོར་བསྒྱུར་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྟོབས་ཆེའི་སྒུལ་ཤུགས་སྟེར་བ་དང་གནས་བབ་ལེགས་པོའི་སྒོ་ཕྱེ་ཡོད། ང་ཚོས་ཡིད་ཆེས་བརྟན་པོ་དང་མཁྲེགས་གཏོར་དཀའ་སེལ་བྱས་ནས“ནན་གསུམ་དྲང་གསུམ་”གྱི་སྤྱོད་སྲོལ་ལ་བརྟེན་ནས་ཏན་ཏིག་ཏིག་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པའི་གཏན་འཁེལ་རང་བཞིན་གྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།