ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བརྡ་སྦྱོར།(སྟོད་ཆ)

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཆབ་སྲིད་པུའུ། མི་དམངས་ཚོགས་པ་སོ་སོ་བཅས་ལ།ཉེ་བའི་ལོ་འགའི་རིང་ལ། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བ་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཞིང་སྡེ་ནས་གཏིང་ཟབ་ཏུ་སྤེལ་བ་དང་། སྡེ་དམངས་རང་སྐྱོང་འགན་སྲུང་བྱེད་པ་དང་ཞིང་སྡེའི་གཞི་རིམ་དམངས་གཙོ་གོང་དུ་སྤེལ་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འོན་ཀྱང་མཐོང་དགོས་པ་སྟེ། ས་གནས་ལ་ལའི་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་འགྲན་རྩོད་བྱ་སྤྱོད་ཚད་ལྡན་མིན་པ་དང་གསུག་བྱིན་ངོ་བརྒྱུད་ཀྱིས་འདེམས་སུ་འཇུག་པའི་གནས་ཚུལ་ཚབས་ཆེན་ཡིན་པས། འདེམས་བསྐོའི་གཞུང་དྲང་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་གཅིག ས་གནས་ལ་ལས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་བཅའ་ཁྲིམས་དང་ཁྲིམས་སྲོལ། འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་མོ་བྱས་མེད་པས། སྡེ་དམངས་ཞུགས་པའི་སྤྲོ་སེམས་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་གཉིས། ས་གནས་ལ་ལས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་ཁྲོད་བྱུང་བའི་འགལ་བ་དང་རྩོད་གླེང་དུས་ཐོག་ཏུ་འདུམ་འགྲིག་བྱས་མེད་པས། ཞིང་སྡེའི་སྤྱི་ཚོགས་གཏན་འཇགས་ཡོང་བར་ཤུགས་རྐྱེན་ཐེབས་ཡོད་པ་དང་གསུམ་མོ། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བ་སྔར་ལས་ལྷག་པར་ལེགས་སྒྲུབ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་གཞུང་དྲང་ཡིན་ཞིང་གོ་རིམ་ལྡན་པར་འགན་སྲུང་། སྡེ་དམངས་རྣམས་ལ་སྔར་ལས་མང་ཞིང་དངོས་གནས་ཡིན་པའི་དམངས་གཙོ་ཁེ་དབང་ཡོད་པར་འགན་སྲུང་། ཞིང་སྡེའི་དཔལ་འབྱོར་བརྟན་འཇགས་དང་ཅུང་མགྱོགས་པོའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་ཡོང་བར་ཁག་ཐེག་བཅས་བྱེད་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིད་འཐད་བྱུང་བ་བརྒྱུད་དེ། ད་ལྟ་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་གཞིགས་ཏེ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས།

སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་ནི་ཞིང་སྡེར་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆེས་རྒྱ་ཁྱབ་ཆེ་བའི་ལག་ལེན་རྣམ་པ་ཞིག་ཡིན། དེང་སྐབས། རང་རྒྱལ་གྱི་ཞིང་སྡེར་འགྱུར་ལྡོག་གསར་བ་བྱུང་བཞིན་པ་དང་། ཞིང་སྡེའི་སྤྱི་ཚོགས་སྒྲིག་གཞི་མགྱོགས་མྱུར་གྱིས་སྒྱུར་བ། སྤྱི་ཚོགས་ཁེ་ཕན་གྱི་རྣམ་པ་དང་ཞིང་པའི་བསམ་བློ་དང་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བཞིན་ཡོད། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་བསྟུན་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་རྒྱུན་མ་ཆད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། འདེམས་བསྐོ་གོ་རིམ་སྣ་ཚོགས་སྔར་ལས་ལྷག་པར་འཐུས་ཚང་གཏོང་བ། འདེམས་བསྐོ་ལྷུ་ཚིགས་སོ་སོའི་བྱ་བ་གཏིང་ཟབ་དང་ཞིབ་ཚགས། དངོས་གནས་བཅས་ཀྱི་སྒོ་ནས་བསྒྲུབས་ན། སྡེ་དམངས་རྣམས་ཀྱིས་ཁྲིམས་ལྟར་དམངས་གཙོའི་ཁེ་དབང་ཐད་ཀར་སྤྱོད་པར་འགན་སྲུང་བྱས་ཏེ་ཞིང་སྡེའི་གཞི་རིམ་དམངས་གཙོ་འཕེལ་རྒྱས་གཏོང་བར་ཐན་ཐོགས་ཡོད་པ་དང་། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་བྱས་ཏེ་ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ། ཞིང་པ་མང་ཚོགས་དུང་ཕྱུར་མང་པོས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་བྱས་ཏེ་ཞིང་སྡེར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་དགོས་པ་དང་། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་པ་གསུམ"གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་བསྟར་དངོས་འབེབས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་གཞི་རིམ་མང་ཚོགས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་དང་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཞིང་སྡེའི་དམངས་གཙོ་དོ་དམ་ལམ་ལུགས་འཐུས་ཚང་གཏོང་བའི་སྐོར་གྱི་བླང་བྱ་ལྟར། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། མིག་སྔར་འདེམས་བསྐོ་བྱ་བའི་ཁྲོད་གནས་ཡོད་པའི་གནད་དོན་ནན་ཏན་གྱིས་ཞིབ་འཇུག་དང་ཐག་གཅོད་བྱས་ནས། ཐད་ཀར་འདེམས་བསྐོ་བྱེད་པ་དང་གཞུང་དྲང་དང་གོ་རིམ་ལྡན་པ་དེ་གཞི་རྩའི་བླང་བྱ་ཡིན་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་ལག་ལེན་སྔར་ལས་ལྷག་པར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས།

གཉིས། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་མ་བྱས་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་དངོས་གནས་ཤུགས་སྣོན་དགོས།

འདེམས་བསྐོའི་འགོ་ཁྲིད་ལས་ཁུངས་དང་བྱ་བ་ལས་ཁུངས་ལ་ཤུགས་སྣོན་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་སྐབས་བརྗེས་འདེམས་བསྐོ་བྱེད་པའི་ས་གནས་ཡིན་ཕྱིན། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་སོ་སོས་ཆེད་དོན་འགོ་ཁྲིད་ལས་ཁུངས་དང་བྱ་བ་ལས་ཁུངས་འཛུགས་པ་དང་། དགོས་ངེས་ཀྱི་བྱ་བ་སྒྲུབ་མཁན་དང་གྲོན་དངུལ་ལ་ཁག་ཐེག་བྱས་ཏེ། འདེམས་བསྐོ་བྱ་བ་རྩ་འཛུགས་དང་གོམ་རིམ། སྒྲིག་ལམ་བཅས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་དགོས། སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ཁྲིམས་ལྟར་འདེམས་སྒྲུག་བྱེད་པར་ཧུར་ཐག་གིས་མཛུབ་སྟོན་བྱས་ཏེ། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བ་རྩ་འཛུགས་བཟང་པོ་བྱེད་དགོས།འདེམས་བསྐོའི་སློབ་གསོ་དང་གསོ་སྦྱོང་བྱ་བར་ཤུགས་སྣོན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་པ་མང་ཚོགས་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་ལུགས་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་སྒོས་སྤེལ་ཏེ། ཁོ་ཚོ་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོར་ཞུགས་པའི་སྤྲོ་སེམས་ལ་སྐུལ་སློང་གཏོང་བ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་གཞི་རྩའི་གོ་རིམ་རྒྱུས་ལོན་བྱེད་པ། དམངས་གཙོའི་ཁེ་དབང་ལ་གཅེས་འཛིན་བྱས་ཏེ། དོན་སྒྲུབ་གཞུང་དྲང་དང་སྤྱོད་གཙང་སྤྱི་གཞོལ། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་པ་དང་། སྡེ་དམངས་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་ཞབས་འདེགས་ཞུ་བའི་མི་དངོས་གནས་སྡེ་དམངས་ཨུ་ཡོན་ལྷན་ཁང་ནང་དུ་འདེམས་དགོས། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་བོ་རྫོང་ཞང་རིམ་པ་གཉིས་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བའི་འགན་ཁུར་བའི་ཏང་སྲིད་ལས་བྱེད་པའི་གསོ་སྦྱོང་བྱ་བ་ལེགས་སྒྲུབ་བྱས་ཏེ། ཁོ་ཚོར་བཅའ་ཁྲིམས་དང་ཁྲིམས་སྲོལ། འབྲེལ་ཡོད་སྲིད་ཇུས་བརྟན་པོར་ཤེས་སུ་བཅུག་ནས། འདེམས་བསྐོ་བྱ་བ་མཛུབ་སྟོན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཞང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་བོ་གྲོང་སྡེ་འགན་གཙང་ལེན་བྱེད་མཁན་ལས་བྱེད་པ་དང་སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གསོ་སྦྱོང་བྱ་བ་ལེགས་སྒྲུབ་བྱས་ཏེ། ཁོ་ཚོར་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་གོ་རིམ་དང་བྱེད་ཐབས། གོམ་རིམ་བཅས་རྒྱུས་ལོན་པར་བཅུག་ནས། དངོས་གནས་བེད་སྤྱོད་པའི་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་བཅའ་ཁྲིམས་དང་ཁྲིམས་སྲོལ། འབྲེལ་ཡོད་སྲིད་ཇུས་རྒྱུས་ལོན་མ་བྱས་པའི་རྫོང་ཞང་གི་ལས་བྱེད་པ་དང་དེ་མིན་འདེམས་བསྐོ་གསོ་སྦྱོང་བྱེད་ཁྲོད་ཚད་དང་མི་མཐུན་པའི་རྫོང་ཞང་གི་ལས་བྱེད་པ་ཡིན་ཕྱིན། གྲོང་སྡེར་མངགས་ནས་འདེམས་བསྐོ་བྱ་བ་མཛུབ་སྟོན་བྱེད་མི་རུང་།འདེམས་བསྐོ་ཇུས་གཞི་གཏན་འབེབས་བྱ་བར་ཤུགས་སྣོན་དགོས། རྫོང་ཞང་རིམ་པ་གཉིས་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་འགོ་ཁྲིད་ལས་ཁུངས་དང་བྱ་བ་ལས་ཁུངས་སྒྲིག་འཛུགས་དང་། འདེམས་བསྐོའི་སློབ་གསོ་དང་གསོ་སྦྱོང་། འདེམས་བསྐོ་བྱ་བའི་དུས་རིམ་སོ་སོའི་གཞི་རྩའི་བླང་བྱ། འདེམས་བསྐོ་བྱ་བའི་འཕེལ་རྒྱས་དང་བཀོད་སྒྲིག་སོགས་ལ་དམིགས་ནས་བྱ་བའི་ཇུས་གཞི་གཏན་འབེབས་བྱེད་དགོས། ཧུར་ཐག་གིས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། རང་ས་ཁུལ་གྱི་སྤྱི་ཚོགས་སྒྲིག་གཞིའི་འགྱུར་ལྡོག་དང་བྱེས་འགྲོའི་མི་གྲངས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་སོགས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་གསལ་པོར་རྟོགས་ནས། འདེམས་བསྐོ་ཇུས་གཞིའི་མཛུབ་སྟོན་རང་བཞིན་དང་དམིགས་སའི་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཕྱིར་སོང་བའི་ལས་གཉེར་ཚོང་གཉེར་བྱེད་མཁན་དང་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ཏེ། ཁ་ཚོས་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཁྲིམས་ལྟར་སྤྱོད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། གཙོ་བོ་གྲོང་སྡེའི་གནས་ཚུལ་རྙོག་འཛིང་ཆེ་ཞིང་ལས་བྱེད་པ་དང་མང་ཚོགས་བར་གྱི་འགལ་བ་འབུར་དུ་ཐོན་པ་དང་དེ་མིན་རིམ་བྱུང་འདེམས་བསྐོ་བྱེད་ཁྲོད་གནད་དོན་ཅུང་མང་པོའི་གྲོང་སྡེར་དོ་སྣང་བྱེད་པ་མ་ཟད། ད་དུང་བྱ་བ་ཐག་གཅོད་ཇུས་གཞི་གཏན་འབེབས་དང་བྱ་བ་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་པ། མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྫོང(གྲོང་ཁྱེར་དང་ཆུས)ཨུས་ཆོག་མཆན་མ་བཀོད་དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་སྐབས་བརྗེས་འདེམས་བསྐོ་མེད་པར་གཏོང་བའམ་དུས་འགྱངས་པའི་རྒྱུ་མཚན་མེད་ན། ཞང(གྲོང་རྡལ་དང་སྲང་ལམ)ཏང་ཨུ(བྱ་བ་ཨུ་ཡོན་ལྷན་ཁང)དང་སྲིད་གཞུང་། གྲོང་སྡེའི་ཏང་རྩ་འཛུགས། སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་པ་གཙོ་བོའི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་དགོས།གྲོང་སྡེ་རིམ་པའི་ནོར་དོན་རྩིས་བཤེར་བྱ་བར་ཤུགས་སྣོན་དགོས། ཞང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ལས་ཐོག་གི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་དམངས་གཙོ་དཔྱད་མོལ་བྱེད་པར་ནན་ཏན་གྱིས་རྩ་འཛུགས་དང་། གྲོང་སྡེ་རིམ་པའི་ནོར་དོན་གཙང་བཤེར་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འགན་འཛིན་ཡུན་ཚད་ཐིམ་པའི་རྩིས་བཤེར་བྱ་བ་ལེགས་སྒྲུབ་བྱེད་དགོས། གྲོང་སྡེ་ཐུན་མོང་གི་ནོར་དོན་ཡོང་འགྲོ་གནས་ཚུལ་དང་ཐུན་མོང་གི་རྒྱུ་ནོར་དོ་དམ་དང་བེད་སྤྱོད་གནས་ཚུལ། ཐོན་སྐྱེད་བདག་གཉེར་དང་འཛུགས་སྐྲུན་ལས་གཞིའི་འགན་གཙང་སྤྲོད་དང་དོ་དམ་གནས་ཚུལ། ས་ཞིང་སྐྱིན་ཚབ་འཇལ་བའི་བགོ་བཤའ་དང་བེད་སྤྱོད་གནས་ཚུལ། གྲོང་སྡེ་རིམ་པའི་བུན་དབང་དང་བུ་ལོན་གནས་ཚུལ། དེ་མིན་ཞིང་པ་མང་ཚོགས་ཀྱི་བསམ་འཆར་གཅིག་བསྡུས་ཡིན་པ་དང་རྩིས་བཤེར་གྱི་བླང་བྱ་དྲག་པོ་འདོན་པའི་ནང་དོན་གཞན་པ་བཅས་རྩིས་བཤེར་ཁྱབ་ཁོངས་ནང་དུ་འགོད་པ་མ་ཟད། ད་དུང་རྩིས་བཤེར་འབྲས་བུ་དེ་མི་ཚང་མར་ཁྱབ་སྒྲོག་བྱེད་དགོས།

གསུམ། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་གོ་རིམ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་དགོས།

སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་བྱུང་བའི་གོ་རིམ་ཚད་ལྡན་དུ་གཏོང་དགོས། སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ངེས་པར་དུ་ཁྲིམས་ལྟར་འདེམས་སྒྲུག་བྱས་ཏེ་བྱུང་བ་དང་། རྩ་འཛུགས་སམ་མི་སྒེར་གང་ཞིག་གིས་རང་དགར་གྱིས་དམིགས་འཛུགས་དང་ཕྱིར་འཐེན་བྱེད་མི་རུང་། དམངས་གཙོའི་གོ་རིམ་ལྟར་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་འགན་ཁུར་པ་སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དུ་འདེམས་སྒྲུག་བྱས་ནས་སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་བྱ་བ་འགོ་འཛིན་བྱེད་པར་སྐུལ་བསྟོད་བཏང་སྟེ། གྲོང་སྡེའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་དགོས། སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བདམ་བྱའི་འོས་མི་ཁྲིམས་ལྟར་གཏན་འཁེལ་བྱས་ན། སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནས་ཕྱིར་འཐེན་དགོས་པ་དང་། ཆད་པའི་མི་གྲངས་སྔོན་གྱི་འདེམས་སྒྲུག་འབྲས་བུ་ནང་ནས་རིམ་པ་ལྟར་ཁ་སྐོང་བྱེད་དགོས། སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་འཁྲི་ལག་བསྟར་མ་བྱས་ན། སྡེ་དམངས་གྲོས་ཚོགས་དང་སྡེ་དམངས་འཐུས་མི་གྲོས་ཚོགས་སམ་སྡེ་དམངས་ཚན་ཆུང་གིས་གྲོས་བསྡུར་བྱས་ཏེ་ཡིད་འཐད་བྱུང་བ་བརྒྱུད་ནས། སྔོན་གྱི་འདེམས་སྒྲུག་འབྲས་བུ་ལྟར་རིམ་བཞིན་ཁ་སྐོང་ངམ་ཟུར་དུ་འདེམས་སྒྲུག་བྱེད་དགོས།སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བདམ་བྱའི་འོས་མིའི་མིང་འདོན་བྱེད་སྟངས་ཚད་ལྡན་དུ་གཏོང་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཨུ་ཡོན་བཅས་ཀྱི་བདམ་བྱའི་འོས་མི་ནི་རང་གྲོང་སྡེར་འདེམས་བསྐོ་དབང་ཆ་ཡོད་པའི་སྡེ་དམངས་རྣམས་ཀྱིས་ཐད་ཀར་མིང་བཏོན་ཏེ་བྱུང་བ་དང་། བདམ་བྱའི་འོས་མིའི་མི་གྲངས་འདེམས་དགོས་པའི་མི་གྲངས་ལས་མང་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ཀྱི་གཏན་ཕབ་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག ས་གནས་སོ་སོས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བདམ་བྱའི་འོས་མིའི་ཐོབ་ཐང་ཆ་རྐྱེན་ལ་དམིགས་ནས་གཏན་འབེབས་བྱས་ཏེ། སྡེ་དམངས་རྣམས་ཀྱིས་དོན་སྒྲུབ་གཞུང་དྲང་དང་སྤྱོད་གཙང་སྤྱི་གཞོལ། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་པ་དང་། སྡེ་དམངས་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་ཞབས་འདེགས་ཞུ་བའི་མི་ནི་བདམ་བྱའི་འོས་མིའི་མིང་འདོན་པར་ཁྲིད་སྟོན་བྱེད་དགོས། ཞིང་སྡེའི་ཕྱུག་སྒྱུར་འཇོན་པོ་དང་དམག་ལོག་དམག་མི་དང་ལས་སྤོས་དམག་མི། ཡུལ་གཞན་དུ་ལས་གཉེར་ཚོང་གཉེར་བྱས་ཏེ་གྲོང་གསེབ་ཏུ་ཕྱིར་ལོག་པའི་ཞིང་པ། གྲོང་གསེབ་ཏུ་ཕྱིར་ལོག་པའི་སློབ་གྲྭ་ཆེན་མོ་དང་ཆེད་སྦྱོང་སློབ་གྲྭ་འབྲིང་བའི་མཐར་ཕྱིན་སློབ་མ། སློབ་གྲྭ་ཆེན་མོའི་སློབ་མ"སྡེ་དཔོན"། རྫོང་ཞང་ལས་ཁུངས་དང་ཁེ་དོན་ལས་སྡེ་ཚན་གྱི་ལས་རྐང་དང་ཁ་བྲལ་བའམ་ལས་འཁྱུར་ངལ་གསོའི་ལས་བྱེད་པ་དང་ལས་བཟོ་པ་བཅས་ཀྱིས་ཁྲིམས་བཀོད་གོ་རིམ་བརྒྱུད་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འདེམས་བསྐོ་བྱེད་པའི་འགྲན་རྩོད་ལ་ཧུར་ཐག་གིས་ཞུགས་པར་སྐུལ་བསྟོད་གཏོང་དགོས། གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་འཁྲི་སྣོལ་མར་ཁུར་བར་དར་སྤེལ་བྱེད་མོད། འོན་ཀྱང་དོན་དངོས་གཞིར་བཟུང་སྟེ་གྲིས་གཏུབ་པ་ལྟར་སྒྲུབ་མི་རུང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་བསྟུན་ནས། སྔར་ལས་མང་བའི་བུད་མེད་སྡེ་དམངས་དང་ལྷག་པར་དུ་གྲོང་སྡེའི་བུད་མེད་འཐུས་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བདམ་བྱའི་འོས་མིའི་མིང་འདོན་པར་སྐུལ་བསྟོད་གཏོང་དགོས། བདམ་བྱའི་འོས་མིའི་འགྲན་རྩོད་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྡེ་དམངས་རྣམས་ལ་ཧུར་ཐག་རང་འགུལ་དང་དངོས་ཡོད་གཞུང་དྲང་གིས་བདམ་བྱའི་འོས་མི་དངོས་གཞིའི་གནས་ཚུལ་མཚམས་སྦྱོར་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་གནས་སུ་བདམ་བྱའི་འོས་མི་སྡེ་དམངས་དང་ངོ་འཕྲད་པར་སྐུལ་བསྟོད་དང་རྩ་འཛུགས་བྱས་ཏེ། གྲོང་སྡེ་བཅོས་སྐྱོང་བྱེད་པའི་བསམ་ཚོད་དང་ཡང་ན་གོ་གནས་འགྲན་རྩོད་བྱེད་པའི་ཁ་ཆད་མཚམས་སྦྱོར་བྱེད་པ་དང་། སྡེ་དམངས་རྣམས་ཀྱིས་བཏོན་པའི་གནད་དོན་ལན་འདེབས་པ་ལས། བདམ་བྱའི་འོས་མིའམ་བདམ་བྱའི་འོས་མིས་སྐུལ་བའི་མི་རྣམས་ཀྱིས་ལྐོག་ནས་འདེམས་ཤོག་འགུག་མི་ཆོག བདམ་བྱའི་འོས་མིས་གྲོང་སྡེ་བཅོས་སྐྱོང་བྱེད་པའི་བསམ་ཚོད་དང་ཡང་ན་གོ་གནས་འགྲན་རྩོད་བྱེད་པའི་ཁ་ཆད་ལ་ཞིབ་བཤེར་དང་གནད་འགག་དམ་འཛིན་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། གྲོང་སྡེ་བཅོས་སྐྱོང་བྱེད་པའི་བསམ་ཚོད་དང་ཡང་ན་གོ་གནས་འགྲན་རྩོད་བྱེད་པའི་ཁ་ཆད་དེ་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་དང་མི་མཐུན་པའི་ནང་དོན་ཡོད་མི་རུང་ལ། སྡེ་དམངས་གཞན་པའི་མི་ལུས་ཁེ་དབང་དང་དམངས་གཙོ་ཁེ་ཁབང་། ཁྲིམས་མཐུན་རྒྱུ་ནོར་ཁེ་དབང་བཅས་ལ་གནོད་སྐྱེལ་བའི་ནང་དོན་ཡོད་མི་རུང་བ་དང་། འགྲན་རྩོད་དོ་ཟླའི་མི་ལུས་ལ་དམའ་འབེབས་བྱེད་པའི་ནང་དོན་ཡང་ཡོད་མི་རུང་། བདམ་བྱའི་འོས་མིས་དཔལ་འབྱོར་འཕེལ་རྒྱས་དང་དོ་དམ་འཐུས་ཚང་། ཞབས་འདེགས་ལེགས་བཅོས་བཅས་ལ་ཤུགས་ཡོད་རྒུས་དམིགས་ནས་ཇུས་གཞི་དང་བྱེད་ཐབས་འདོན་པར་ཁྲིད་སྟོན་བྱས་ཏེ། བདམ་ཐོན་དོན་དུ་མི་སྒེར་གྱིས་གྲོང་སྡེའི་ནང་གི་སྤྱི་ཕན་ལས་དོན་ལ་ཞལ་འདེབས་འབུལ་བའི་རྒྱུ་ནོར་ཇེ་མང་དུ་གཏོང་བའི་གནས་ཚུལ་བྱུང་བར་བཀག་འགོག་བྱེད་དགོས། བདམ་བྱའི་འོས་མིས་གྲོང་སྡེ་ཐུན་མོང་ལ་ཞལ་འདེབས་འབུལ་བར་ཁས་ལེན་བྱས་པའི་མ་དངུལ་ལམ་དངོས་རྫས་ལ། ཁྲིམས་ལྟར་འདེམས་བསྐོ་བྱས་ནས་ཐོན་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འཚོག་པར་རྩ་འཛུགས་བྱེད་པའི་སྡེ་དམངས་གྲོས་ཚོགས་སམ་སྡེ་དམངས་འཐུས་མི་གྲོས་ཚོགས་ཀྱིས་དམངས་གཙོས་གྲོས་བསྡུར་བྱས་ཏེ་གཏན་འཁེལ་བྱེད་དགོས་པ་ལས། བདམ་བྱའི་འོས་མིས་འདེམས་བསྐོ་མ་བྱས་སྔོན་དང་ཡང་ན་འདེམས་བསྐོ་བྱས་རྗེས་བགོ་བཤའི་ཇུས་གཞི་རང་དགར་གྱིས་གཏན་འཁེལ་བྱེད་མི་ཆོགའདེམས་ཤོག་འཕེན་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། གསང་བའི་འདེམས་ཤོག་འགོད་ས་སྒོ་ཀུན་ནས་འཛུགས་པ་དང་། གསང་བའི་འདེམས་ཤོག་འབྲི་བའི་ལམ་ལུགས་རྒྱ་ཁྱབ་ཏུ་ལག་བསྟར་བྱས་ཏེ། སྡེ་དམངས་རྣམས་ཀྱིས་འགལ་རྐྱེན་མེད་པའི་གནས་ཚུལ་འོག་འདེམས་བསྐོའི་འདོད་བློ་རང་བདག་གིས་མཚོན་པར་ཁག་ཐེག་བྱེད་དགོས། འདེམས་ཤོག་འཕེན་པར་མངག་བཅོལ་བྱེད་པའི་བྱ་སྤྱོད་ཚད་ལྡན་ནན་མོ་བཏང་སྟེ། འདེམས་དམངས་ཀྱིས་འདེམས་ཤོག་འཕེན་པར་མངག་བཅོལ་དང་ལེན་བྱེད་པའི་མི་ཐེངས་ཚོད་འཛིན་བྱེད་པ་དང་། འདེམས་ཤོག་འཕེན་ཡུལ་དངོས་སུ་གནས་སྐབས་མངག་བཅོལ་བྱེད་མི་ཆོག སྐོར་སྐྱེལ་འདེམས་སྒམ་བེད་སྤྱོད་པར་ཚོད་འཛིན་ནན་མོ་བྱས་ཏེ། སྐོར་སྐྱེལ་འདེམས་སྒམ་བེད་སྤྱོད་པའི་དགོས་པ་དངོས་གནས་ཡོད་ན། དེའི་བྱ་ཡུལ་དང་མི་གྲངས་ནི་སྡེ་དམངས་འཐུས་མི་གྲོས་ཚོགས་ཀྱིས་གྲོས་བསྡུར་བྱས་ཏེ་གཏན་འཁེལ་བྱེད་པ་དང་བསྒྲགས་ཡིག་སྦྱོར་དགོས། འདེམས་བསྐོ་ཚོགས་ཆེན་གྱི་ལས་ཡུལ་དངོས་ཀྱི་སྒྲིག་ལམ་དངོས་གནས་སྲུང་སྐྱོང་བྱེད་པ་དང་། མི་གང་ཞིག་གིས་འདེམས་དམངས་ལ་དངུལ་རྫས་འགྲེམ་པ་སོགས་འདེམས་བསྐོ་བྱེད་སའི་སྒྲིག་ལམ་དཀྲུག་པ་དང་སྡེ་དམངས་ཀྱི་འདེམས་ཤོག་འཕེན་པའི་འདོད་བློར་ཤུགས་རྐྱེན་ཐེབས་པའི་བྱ་སྤྱོད་སྤེལ་མི་ཆོག འདེམས་ཤོག་འཕེན་ཚར་རྗེས་མངོན་གསལ་དུ་བདམས་ཐོན་མིང་ཤོག་སྒྲོག་པ་དང་རྩི་བ། ས་དེ་གར་འདེམས་བསྐོའི་འབྲས་བུ་ཁྱབ་སྒྲོག་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།