ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་པའི་ཀྲུང་དབྱང་ཨུ་ཡོན204དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན169ཡོད།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་བྱས།ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་ཁ་ཤས་དང་ཆེད་མཁས་པ་དང་མཁས་པའང་གྲོས་ཚོགས་ནང་ཟུར་ཞུགས་བྱས་པ་རེད།

  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་བྱས།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

  ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་ཞི་ཅིན་ཕེན་གྱིས་ཕུལ་བའི་བྱ་བའི་སྙན་ཞུར་ཉན་ཞིང་གྲོས་བསྡུར་བྱས་པ་དང་། 《ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞི་ཅིན་ཕེན་གྱིས《ཆོད་དོན(གྲོས་བསྡུར་མ་ཡིག)》ལ་དམིགས་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་། ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས་ཏེ།ཚང་མས་བལྟས་ན།རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བརྟན་བརླིང་གི་ལྗིད་ཅིང་དཀའ་བའི་ལས་འགན་ལ་གམིགས་ནས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ།ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བརྟན་འཇགས་ཁྲོད་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པའི་བྱ་བའི་སྤྱིའི་བླང་བྱ་ལྟར།གཙོ་བོར་བརྟན་བརླིང་ངང་འཕར་བ་ནན་འཛིན་དང་སྒྲིག་གཞི་ལེགས་སྒྲིག བཅོས་བསྒྱུར་ལ་སྐུལ་སྤེལ་བཅས་བྱས་ཏེ།ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་པར་མ་ཟད།སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་།ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་བཀོད་གསར་བར་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བ།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ཏན་ཏག་གིས་སྐུལ་སྤེལ་བཏང་བས། བྱ་བ་སྣ་ཚོགས་ཐད་འཕེལ་ཚད་གསར་བ་ཐོབ་ལ།འཕེལ་རྒྱས་གྲུབ་འབྲས་སྔར་ལས་མང་ཞིང་དྲང་གཞག་ཡིན་པའི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་སྐུལ་འདེད་བྱས་ཏེ།ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་དང་དངོས་འབེབས་མཐར་ཕྱིན་བྱེད་པའི་ལོ་དང་པོར་མགོ་ལེགས་པོ་ཞིག་རྩོམ་པ་མངོན་འགྱུར་བྱུང་ཡོད་པར་སྙམ།

  ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་ལོ་ངོ35ཡི་བཅོས་བསྒྱུར་སྒོ་འབྱེད་ཚུན་གྱི་ལེགས་འགྲུབ་བྱུང་བའི་ལག་ལེན་དང་རླབས་ཆེན་གྱི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་།བཅོས་བསྒྱུར་ཁྱོན་ཡོངས་ནང་གཏིང་ཟབ་ཏུ་གཏོང་བའི་གནད་དོན་གལ་ཆེན་འགའ་ལ་ཞིབ་འཇུག་བྱས་ཏེ།བཅོས་བསྒྱུར་སྒོ་འབྱེད་ནི་ཏང་གིས་དུས་རབས་གསར་བའི་ཆ་རྐྱེན་འོག་ཏུ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤེལ་བའི་རླབས་ཆེན་གསར་བརྗེ་གསར་བ་ཞིག་ཡིན་པ་དང་།དེང་རབས་ཀྲུང་གོའི་ཆེས་མངོན་གསལ་ཡིན་པའི་ཁྱད་ཆོས་དང་། དེང་རབས་ཀྲུང་གོའི་མདུན་ལམ་ཐག་བཅད་པའི་གནད་འགག་ཆེ་བའི་གདམ་ག་ཡིན་ལ།ཏང་དང་མི་དམངས་ཀྱི་ལས་དོན་གོམ་པ་ཆེན་པོའི་ངང་དུས་རབས་ཀྱི་རྗེས་སྙེག་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན་སྙམ།གནས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའམ་སྟོབས་འབྱོར་གཉིས་ལྡན་དང་དམངས་གཙོ་དང་དཔལ་ཡོན། འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱ་དགོས་ན་ངེས་པར་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་ན་ངེས་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ།ཡིད་ཆེས་བརྟན་པོ་དང་ངོས་འཛིན་གོང་རྗར་བསྒྲིལ་བ།གཅིག་གྱུར་འཆར་འགོད།མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་བཅོས་བསྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྐུལ་སྤེལ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་གཞི་འཛིན་ས་དང་རྐང་འཛུགས་སར་བྱས་ཏེ།བསམ་བློ་སྔར་བས་བཅིངས་འགྲོལ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་བྱེད་པ་དང་།སྤྱི་ཚོགས་ཀྱི་སྐྱེ་སྟོབས་བཅིངས་འགྲོལ་དང་ཇེ་དྲག་ཏུ་གཏོང་བ།བློ་ཐག་རྦད་ཆོད་ཀྱིས་ཕྱོགས་སོ་སོའི་སྒྲིག་སྲོལ་དང་ནང་རྐྱེན་ཐད་ཀྱི་སྐྱོན་ཆ་རྩ་མེད་དུ་གཏོང་དགོས་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྔར་ལས་རྒྱ་ཆེ་བའི་མདུན་ལམ་འབད་བརྩོན་སྒོས་གསར་གཏོད་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན།བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་སྤེལ་གཏོང་དགོས་པ་དང་།རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དེ་ཡིན་པས།ངེས་པར་བཅོས་བསྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན།མཐུན་སྦྱོར་རང་བཞིན་བཅས་ལ་སྔར་ལས་དོ་སྣང་བྱ་དགོས་པར་མ་ཟད།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་དམངས་གཙོའི་ཆབ་སྲིད།སྔོན་ཐོན་རིག་གནས།འཆམ་མཐུན་སྤྱི་ཚོགས།སྐྱེ་ཁམས་དཔལ་ཡོན་བཅས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས། ངལ་རྩོལ་དང་ཤེས་བྱ། ལག་རྩལ། དོ་དམ། མ་རྩ་ཡོད་ཚད་ཀྱི་སྐྱེ་སྟོབས་མཉམ་དུ་འཕེལ་རྒྱས་དང་སྤྱི་ཚོགས་ལ་རྒྱུ་ནོར་བསྐྲུན་པའི་འབྱུང་ཁུངས་ཡོད་ཚད་འདོན་སྤེལ་གང་ལེགས་བྱས་ཏེ།འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་ཞིང་དྲང་གཞག་ཡིན་པའི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་སུ་འཇུག་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན།ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པར་དམ་པོར་དམིགས་ནས།དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ།དེང་རབས་ཚོང་རའི་མ་ལག་དང་སྤྱི་ཁོག་ལེགས་སྒྲིག་གི་མ་ལག སྒོ་འབྱེད་ཅན་གྱི་དཔལ་འབྱོར་མ་ལག་བཅས་ཇེ་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་སྟངས་ཇེ་མགྱོགས་སུ་གཏོང་བ།གསར་སྐྲུན་ཅན་གྱི་རྒྱལ་ཁབ་ཇེ་མགྱོགས་སུ་འཛུགས་སྐྲུན་བཅས་བྱ་དགོས་པར་མ་ཟད། དཔལ་འབྱོར་སྔར་ལས་ལས་ཆོད་ཡོད་པ་དང་སྔར་ལས་དྲང་སྙོམས་ཡིན་པ། སྔར་ལས་བསྟུད་མར་འཕེལ་འཐུས་པ་བཅས་ལ་སྐུལ་འདེད་གཏོང་དགོས།ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་བཅས་ཕན་ཚུན་མཐུན་སྦྱོར་ངང་གཅིག་གྱུར་ཡོང་བར་དམ་པོར་དམིགས་ནས།ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན།གོ་རིམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་གཏོང་དགོས།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ།སྔར་ལས་རྒྱ་ཆེ་བ་དང་སྔར་ལས་བཟང་བ།སྔར་ལས་འཐུས་ཚང་ཡིན་པ་བཅས་ཀྱི་མི་དམངས་དམངས་གཙོ་གོང་དུ་སྤེལ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་དང་ལྡན་པ་འཛུགས་སྐྲུན་བྱེད་པ་དམ་པོར་དམིགས་ནས།རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས་པ་དང་རིག་གནས་དོ་དམ་མ་ལག་དང་རིག་གནས་ཐོན་སྐྱེད་བདག་གཉེར་ནང་རྐྱེན་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས་པ་དང་། དེང་རབས་སྤྱི་པའི་རིག་གནས་ཀྱི་ཞབས་ཕྱི་མ་ལག་དང་དེང་རབས་རིག་གནས་ཚོང་རའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་དང་དར་རྒྱས་ཆེན་པོ་བྱུང་བར་སྐུལ་འདེད་གཏོང་དགོས།དམངས་འཚོ་སྔར་ལས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ་དང་། སྤྱི་ཚོགས་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།ཡོང་སྒོ་བགོ་བཤའི་ལམ་ལུགས་བཅོས་བསྒྱུར་བྱས་ཏེ།མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།སྤྱི་ཚོགས་ཁྱབ་ཁོངས་ཀྱི་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་ཡོང་བར་སྐུལ་འདེད་བཏང་ནས།ཚན་རིག་དང་མཐུན་ལ་ནུས་པ་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་མྱུར་དུ་ཆགས་སུ་འཇུག་དགོས་པར་མ་ཟད། སྤྱི་ཚོགས་ལ་སྐྱེ་སྟོབས་ཡོད་ལ་འཆམ་མཐུན་ཡིན་པའི་གོ་རིམ་ཡོད་པར་ཁག་ཐེག་ནན་ཏན་བྱ་དགོས།མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས།སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མྱུར་དུ་བཙུགས་ནས།རྒྱལ་ཁབ་ས་ཁོངས་ཀྱི་བར་གསེང་གསར་གཏོད་དང་ཐོན་ཁུངས་གྲོན་ཆུང་དང་བེད་སྤྱོད།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་པའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།མི་དང་རང་བྱུང་ཁམས་བར་འཆམ་མཐུན་དང་འཕེལ་རྒྱས་ཡོང་བའི་དེང་རབས་ཅན་གྱི་འཛུགས་སྐྲུན་ཆགས་སྟངས་གསར་བ་ཆགས་སུ་འཇུག་པར་སྐུལ་འདེད་གཏོང་དགོས།ཚན་རིག་དང་མཐུན་པའི་ངང་སྲིད་སྐྱོང་བ་དང་དམངས་གཙོས་སྲིད་སྐྱོང་བ།ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་དམ་པོར་དམིགས་ནས།ཏང་གི་འཛུགས་སྐྲུན་ལམ་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས་པ་དང་།དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་འཛུགས་སྐྲུན་ཐད་ཤུགས་སྣོན་པ། ཏང་གི་མགོ་ཁྲིད་སྒྲིག་སྲོལ་དང་སྲིད་སྐྱོང་བྱེད་སྟངས་འཐུས་ཚང་དུ་གཏོང་བ།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འགན་སྲུང་བཅས་བྱས་ཏེ།བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འགྱུར་བ་མེད་པའི་ཆབ་སྲིད་འགན་སྲུང་བརྟན་པོ་ཞིག་འདོན་སྤྲོད་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན།བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་ན།ངེས་པར་རང་རྒྱལ་ནི་དུས་ཡུན་རིང་བོར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་དོན་དངོས་འདིར་རྐང་བཙུགས་ནས།འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་རང་རྒྱལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་པའི་གནད་འགག་གི་འཐབ་ཇུས་ཀྱི་ཐག་གཅོད་གལ་ཆེན་ཞིག་ཡིན།དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་བྱས་ཏེ།དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས་པ་དང་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་བར་དང་།སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞིའི་བར་ཕན་ཚུན་འཕྲོད་པར་སྐུལ་འདེད་བཏང་ནས།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུན་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན།དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ནི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གནད་ཆེ་ས་ཡིན།སྲོག་ཤིང་གི་གནད་དོན་ནི་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱ་དགོས་པ་དེ་ཡིན་ལ།ཚོང་ར་ལ་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལེགས་པོ་འདོན་དུ་འཇུག་དགོས་པ་དེ་རེད།

  ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།བཅོས་བསྒྱུར་སྒོ་འབྱེད་ཀྱི་ལེགས་འགྲུབ་བྱུང་བའི་ལག་ལེན་ལས།བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ཉམས་མྱོང་གལ་ཆེན་འདོན་སྤྲོད་བྱས་པས།ངེས་པར་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱ་དགོས།ཆེས་གལ་ཆེ་བ་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱ་དགོས་པ་ལས།བཀག་སྡོམ་ངན་རེངས་ཀྱི་ལམ་རྙིང་དུ་མི་འགྲོ་བ་དང་ལམ་ལུགས་བསྒྱུར་བའི་ལོག་ལམ་དུ་མི་འགྲོ་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་འགྲོ་བ་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱས་ཏེ།བཅོས་བསྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་ནམ་ཡང་ཁག་ཐེག་ནན་ཏན་བྱ་དགོས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ།དུས་བསྟུན་ལྷན་སྐྱོད། དངོས་འཛིན་དངོས་གཉེར་བཅས་རྒྱུན་འཁྱོངས་བྱས་ཏེ།བྱ་བ་ཡོད་ཚད་དོན་དངོས་ནས་གཞིར་བཟུང་ནས།རྒྱལ་ནང་གི་ལེགས་འགྲུབ་བྱུང་བའི་བྱེད་ཐབས་ལ་ཕྱོགས་སྡོམ་དང་།ཕྱི་རྒྱལ་གྱི་ཕན་ལྡན་ཉམས་མྱོང་དཔྱད་གཞིར་བཟུང་སྟེ།རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀྱིས་གསར་སྐྲུན་བྱེད་པར་སྐུལ་འདེད་བྱ་དགོས།མི་ནི་གཞི་རྩ་ཡིན་པ་རྒྱུན་འཁྱོངས་བྱས་ནས་མི་དམངས་བདག་པོ་ཉིད་ཡིན་པའི་གོ་གནས་ལ་བརྩི་བཀུར་དང་།མང་ཚོགས་ཀྱིས་ཐོག་མར་གསར་སྐྲུན་བྱེད་པའི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། མི་དམངས་ལ་དམ་པོར་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱ་དགོས། བཅོས་བསྒྱུར་དང་འཕེལ་རྒྱས།བརྟན་བརླིང་བཅས་བར་གྱི་འབྲེལ་བ་ཡང་དག་ངང་ཐག་གཅོད་པ་རྒྱུན་འཁྱོངས་བྱ་དགོས་ན།སྤོབས་པ་སྔར་ལས་ཆེ་དགོས་པ་དང་། གོམ་སྟབས་སྔར་ལས་བརྟན་པོ་བྱས་ཏེ། མཐོ་རིམ་ནས་ཇུས་འགོད་དང་ལག་ལེན་ལས་འཚོལ་ཞིབ་བྱེད་པ་གཉིས་ཟུང་འབྲེལ་དང་། ཁྱོན་ཡོངས་ལ་སྐུལ་འདེད་དང་གནད་ས་འགག་སྒྲོལ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ།བཅོས་བསྒྱུར་དང་ཇུས་ཆོད་ཀྱི་ཚན་རིག་རང་བཞིན་མཐོར་འདེགས་དང་། ཐུན་མོང་གི་ངོས་ཟིན་རྒྱ་ཁྱབ་སྒོས་གཅིག་འདུས་བྱས་ཏེ།བཅོས་བསྒྱུར་གྱི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་། 2020ལོར་ཐོན་དུས།ཁྱབ་ཁོངས་གལ་ཆེན་དང་གནད་འགག་གི་བཅོས་བསྒྱུར་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་དགོས་པ་དང་མ་ལག་ཆ་ཚང་དང་ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ།འཁོར་རྒྱུག་ལ་ཕན་འབྲས་ལྡན་པའི་ལམ་ལུགས་མ་ལག་ཆགས་སུ་བཅུག་ནས།ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཛོམས་ཤིང་སྔར་ལས་འཐུས་ཚང་དུ་བསྒྱུར་དགོས་པའི་བླང་བྱ་བཏོན།

  ཚང་འཛོམས་གྲོས་ཚོགས་སྟེང་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་སྟེ།གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།དེང་རབས་ཚོང་རའི་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་བ།སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ།ནོར་ཁྲལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འཕེལ་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ།སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་གསར་སྐྲུན་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ།ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དབང་ཆ་འཁོར་སྐྱོད་ཚོད་འཛིན་དང་ལྟ་སྐུལ་མ་ལག་ཇེ་དྲག་ཏུ་གཏོང་བ།རིག་གནས་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།སྤྱི་ཚོགས་ལས་དོན་གྱི་བཅོས་བསྒྱུར་དང་གསར་སྐྲུན་ལ་སྐུལ་འདེད་གཏོང་བ།སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་གསར་སྐྲུན་བྱེད་པ།སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།རྒྱལ་སྲུང་དང་དམག་དཔུང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ།ཏང་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས་པ་བཅས་ནན་གྱིས་བསྟན།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།སྤྱི་ལ་དབང་བའི་ལམ་ལུགས་གཙོ་གཞི་ཡིན་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ལྡན་པའི་དཔལ་འབྱོར་མཉམ་དུ་འཕེལ་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འདེགས་སྐྱོར་གཙོ་བོ་ཡིན་ལ།སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་རྟེན་གཞི་ཡང་ཡིན།སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཚང་མ་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ཡིན་ལ།དེ་ཚང་མ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་གཙོ་བོ་ཡིན།སྤྱི་ལ་དབང་བའི་ལམ་ལུགས་ངེས་པར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པ་དང་།སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་དང་རྒྱལ་དབང་དཔལ་འབྱོར་གྱི་གཙོ་འཁྲིད་ནུས་པ་འདོན་སྤེལ་བྱས་ཏེ།རྒྱལ་དབང་དཔལ་འབྱོར་གྱི་གསོན་ཤུགས་དང་ཚོད་འཛིན་ནུས་པ།ཤུགས་རྐྱེན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྐུལ་མ་དང་རྒྱབ་སྐྱོར།འཁྲིད་སྟོན་བཅས་བྱས་ཏེ།སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་སྐུན་ནུས་པ་སྐུལ་སྤེལ་བྱ་དགོས།ཐོན་དབང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་མཉམ་འདུས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཧུར་ཐག་གིས་གོང་སྤེལ་བཏང་ནས། རྒྱལ་དབང་ཁེ་ལས་ཀྱིས་དེང་རབས་ཁེ་ལས་འཐུས་ཚང་དུ་གཏོང་བའི་ལམ་ལུགས་ལ་སྐུལ་འདེད་བྱས་ཏེ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་བར་རྒྱབ་སྐྱོར་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར། གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་གོ་རིམ་ཡོད་པའི་ཚོང་རའི་མ་ལག་འཛུགས་སྐྲུན་བྱེད་པ་ནི་ཚོང་རའི་ཐོན་ཁུངས་བཀོད་སྒྲིག་ཐད་ཐག་གཅོད་རང་བཞིན་གྱི་ནུས་པའི་རྨང་གཞི་འདོན་དགོས། ཁེ་ལས་ཀྱིས་རང་བདག་བདག་གཉེར་དང་སྙོམས་གཞུང་འགྲན་རྩོད་བྱེད་པ།འཛད་སྤྱོད་པས་རང་དབང་གིས་གདམ་གསེས་དང་རང་བདག་གིས་འཛད་སྤྱོད།ཚོང་རྫས་དང་རྒྱུ་རྐྱེན་རང་དབང་གིས་འཁོར་རྒྱུག འདྲ་མཉམ་བརྗེ་རེས་བཅས་བྱེད་པའི་དེང་རབས་ཚོང་རའི་མ་ལག་ཅིག་མགྱོགས་མྱུར་ངང་ཆགས་སུ་བཅུག་ནས།ཚོང་རའི་མཁར་རྫོང་ཤུགས་ཆེན་པོས་གཏོར་ཏེ།ཐོན་ཁུངས་བཀོད་སྒྲིག་གི་ཕན་ནུས་དང་འདྲ་མཉམ་རང་བཞིན་ཇེ་མཐོར་གཏོང་བ།འདྲ་མཉམ་དང་སྒོ་འབྱེད།མངོན་གསལ་བཅས་ཀྱི་ཚོང་རའི་རྩ་དོན་འཛུགས་པ།གཙོ་བོ་ཚོང་རས་རིན་གོང་ཐག་གཅོད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཛུགས་སྐྲུན་བྱེད་པར་བཀོལ་བའི་ཚོང་ར་བཙུགས་ནས།དངུལ་རྩའི་ཚོང་རའི་མ་ལག་འཐུས་ཚང་དང་ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།ཚན་རིག་གི་སྤྱི་ཁོག་ཚོད་འཛིན་དང་ནུས་ལྡན་གྱི་སྲིད་གཞུང་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་གནས་བབ་ལེགས་པོའི་ནང་གནས་བླང་བྱ་ཡིན་པས། ངེས་པར་སྲིད་གཞུང་གི་འགན་ནུས་དངོས་སུ་བསྒྱུར་ནས་སྲིད་འཛིན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།སྲིད་འཛིན་དོ་དམ་བྱེད་ཐབས་གསར་སྐྲུན་བྱས་ཏེ།སྲིད་གཞུང་ལ་ཡིད་རྟོན་འཕེར་བའི་ནུས་པ་དང་ལག་བསྟར་ནུས་པ་ཇེ་དྲག་ཏུ་བཏང་ནས།ཁྲིམས་སྐྱོང་སྲིད་གཞུང་དང་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱ་དགོས།སྤྱི་ཁོག་སྙོམས་སྒྲིག་མ་ལག་བཙུགས་ནས།ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་སྲིད་གཞུང་གི་འགན་ནུས་ལག་བསྟར་བྱེད་པ་དང་།སྲིད་གཞུང་གི་རྩ་འཛུགས་གྲུབ་ཚུལ་ཇེ་ལེགས་སུ་བཏང་ནས། ཚན་རིག་ལྟར་དོ་དམ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།ནོར་སྲིད་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་དང་འདེགས་སྐྱོར་གཙོ་བོ་ཡིན་ལ།ཚན་རིག་དང་མཐུན་པའི་ནོར་ཁྲལ་སྒྲིག་སྲོལ་ནི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་།ཚོང་ར་གཅིག་གྱུར་ཡོང་བར་སྲུང་སྐྱོང་།སྤྱི་ཚོགས་ཀྱི་དྲང་སྙོམས་ལ་ཡར་སྐུལ།རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བ་མངོན་འགྱུར་བཅས་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་ཡིན་པས། ངེས་པར་ཁྲིམས་འཛུགས་འཐུས་ཚང་དང་དོན་གཅོད་དབང་ཆ་གསལ་བོ། ཁྲལ་བསྡུ་ལམ་ལུགས་བཅོས་བསྒྱུར། ཁྲལ་འཁྲི་བརྟན་འཇགས།སྔོན་རྩིས་གསལ་བོ།ཕན་འབྲས་ཇེ་མཐོ་བཅས་སུ་བཏང་ནས།དེང་རབས་ཀྱི་ནོར་སྲིད་ལམ་ལུགས་འཛུགས་པ་དང་།ཀྲུང་དབྱང་དང་ས་གནས་གཉིས་ཀྱི་བརྩོན་སེམས་སྐུལ་སློང་བྱས་ཏེ།སྔོན་རྩིས་དོ་དམ་ལམ་ལུགས་ལེགས་སྒྱུར་དང་།ཁྲལ་བསྡུ་ལམ་ལུགས་འཐུས་ཚང་དུ་བཏང་ནས།དོན་གཅོད་དབང་ཆ་དང་གཏོང་ཡོང་འགན་འཁྲི་ཕན་ཚུན་མཐུན་པའི་ལམ་ལུགས་འཛུགས་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།གྲོང་ཁྱེར་དང་གྲོང་གསེབ་རྒྱུ་གཉིས་ཀྱི་གྲུབ་ཚུལ་ནི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འཕེལ་རྒྱས་འབྱུང་བའི་འགལ་རྐྱེན་གཙོ་བོ་ཡིན་ཕྱིར།ངེས་པར་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ།བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད།བཟོ་ཞིང་གཉིས་ཕན་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་བཟོ་ཞིང་དང་མཁར་གྲོང་གི་འབྲེལ་བ་གསར་བ་ཞིག་ཆགས་སུ་བཅུག་ནས།རྒྱ་ཆེའི་ཞིང་པ་རྣམས་འདྲ་མཉམ་གྱི་སྒོ་ནས་དེང་རབས་ཅན་གྱི་འཕེལ་རིམ་ནང་ཞུགས་པ་དང་།དེང་རབས་ཅན་གྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་དུ་འཇུག་དགོས།ཞིང་ལས་བདག་གཉེར་གྱི་མ་ལག་གསར་བ་མྱུར་དུ་བཙུགས་ནས་ཞིང་པར་སྔར་ལས་མང་བའི་རྒྱུ་ནོར་དང་ཁེ་དབང་སྤྲོད་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་སྒོས་བརྗེ་རེས་དང་སྤྱི་པའི་ཐོན་ཁུངས་ཆ་སྙོམས་ཀྱིས་བཀོད་སྒྲིག་བྱེད་པ།གྲོང་རྡལ་ཅན་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དུ་འགྱུར་བའི་གནས་བབ་གསར་བ་དང་འཕྲོད་དགོས་ན།ངེས་པར་ཕྱི་ནང་ཕྱོགས་གཉིས་ནས་སྒོ་འབྱེད་པར་ཕན་ཚུན་སྐུལ་འདེད་དང་།ནང་དུ་འདྲེན་པ་དང་ཕྱིར་འགྲོ་བ་གཉིས་སྔར་ལས་ཟུང་འབྲེལ་དམ་པོ་བྱ་དགོས་ཤིང་།རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱུ་རྐྱེན་གཉིས་སྒྲིག་ལམ་ཡོད་པའི་སྒོ་ནས་རང་དབང་ལྟར་སྐོར་སྐྱོད་དང་།ཐོན་ཁུངས་ཕན་ནུས་ལྡན་པའི་ངང་བཀོད་སྒྲིག ཚོང་ར་མཉམ་འདྲེས་ཟབ་མོ་བཅས་བྱེད་པ་དང་།རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་དགེ་མཚན་གསར་བ་མྱུར་དུ་གསོ་སྐྱོང་བྱས་ཏེ།སྒོ་འབྱེད་ཀྱིས་བཅོས་བསྒྱུར་ལ་སྐུལ་འདེད་བྱ་དགོས།མ་དངུལ་གཏོང་བའི་ཐབས་ལམ་ཇེ་ཡངས་སུ་བཏང་ནས་རང་དབང་ཉོ་འཚོང་ཁུལ་མྱུར་དུ་སྐྲུན་པ་དང་ནང་ལོགས་དང་མཚོ་རྒྱུད་ས་ཁུལ།རྒྱང་རིང་ས་ཁུལ་བཅས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་དགོས་ན།ངེས་པར་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པ་གཞི་རྩ་བྱས་ཏེ།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས།དེ་མིན་གཞི་རིམ་གྱི་མང་ཚོགས་རང་སྐྱོང་བྱེད་པའི་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དམངས་གཙོའི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱ་དགོས།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་དུས་བསྟུན་ལྷན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་།གྲོས་མོལ་དང་དམངས་གཙོའི་རྒྱ་ཆེ་ཞིང་རིམ་པ་མང་བའི་སྒོ་ནས་ལམ་ལུཊ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས།གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་ན། ངེས་པར་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།གཞུང་དྲང་དང་ཕན་ནུས་མཐོ་བ། དབང་གྲགས་ལྡན་པ་བཅས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མྱུར་དུ་བཙུགས་ནས། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་།སྲིད་འཛིན་དང་ཁྲིམས་སྐྱོང་སྒྲིག་སྲོལ་བཅོས་བསྒྱུར་ཇེ་ཟབ་ཏུ་བཏང་ཞིང་། ཁྲིམས་ལྟར་རང་ཚུགས་དང་དྲང་གཞག་སྒོས་ཁྲིམས་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་བཀོལ་བར་འགན་སྲུང་བྱས་ཏེ།ཁྲིམས་འཛིན་དབང་ཆ་འཁོར་རྒྱུག་བྱེད་པའི་ནང་རྐྱེན་འཐུས་ཚང་ཞིག་འཛུགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཁྲིམས་འཛིན་གྱིས་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།ལམ་ལུགས་ཀྱིས་དབང་ཆ་ཚོད་འཛིན་དང་ལས་དོན་བསྒྲུབ་པ།མིར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།མི་དམངས་ལ་དབང་ཆར་ལྟ་སྐུལ་བྱེད་དུ་བཅུག་ནས།དབང་ཆ་མངོན་གསལ་གྱིས་སྤྱོད་པ་ནི་དབང་ཆ་ལམ་ལུགས་འོག་བཅུག་པའི་རྩ་བའི་ཐབས་ཇུས་ཤིག་རེད།ངེས་པར་ཚན་རིག་ལྟར་ཇུས་ཐག་གཅོད་པ་དང་ལག་བསྟར་བྱས་པ་མཐའ་འཁྱོལ་ཡིན་པ།ལྟ་སྐུལ་བྱས་པར་ཤུགས་ཚད་ལྡན་པ་བཅས་ཀྱི་དབང་ཆ་སྤྱོད་པའི་མ་ལག་འཛུགས་པ་དང་། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་ཤིག་འཛུགས་པ།སྤྱོད་གཙང་ཆབ་སྲིད་བཙུགས་ནས། ཧུར་ཐག་གིས་ལས་བྱེད་པའི་སྤྱོད་པ་གཙང་ཞིང་སྲིད་གཞུང་སྲིད་བརྩོན།ཆབ་སྲིད་གསལ་བོ་ཡིན་པ་མངོན་འགྱུར་བྱ་དགོས།ཚན་རིག་དང་མཐུན་ལ་ནུས་པ་ལྡན་པའི་དབང་ཆ་ཚོད་འཛིན་དང་མཐུན་སྦྱོར་ནང་རྐྱེན་ཆགས་སུ་བཅུག་ནས།རུལ་སུངས་ལ་རྒོལ་བའི་སྒྲིག་སྲོལ་དང་ནང་རྐྱེན་གསར་གཏོད་དང་ལམ་ལུགས་ཀྱིས་འགན་སྲུང་བྱེད་པར་ཤུགས་སྣོན་དང་།སྤྱོད་ཚུལ་རྒྱུན་ལྡན་ཅན་གྱི་ལམ་ལུགས་འཐུས་ཚང་དང་ལེགས་སྒྱུར་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ།རྒྱལ་ཁབ་ཀྱི་རིག་གནས་དངོས་ཤུགས་ཆུང་བ་ཇེ་དྲག་ཏུ་གཏོང་ན།ངེས་པར་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས།མི་དམངས་ལྟེ་བ་ཡིན་པའི་བྱ་བའི་འཁྲིད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ།རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་དགོས། རིག་གནས་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་དེང་རབས་རིག་གནས་ཚོང་རའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་ནས། རིག་གནས་སྒོ་འབྱེད་ཆུ་ཚད་ཇེ་མཐོར་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམས་སྒོས་མི་དམངས་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་ན།ངེས་པར་སྤྱི་ཚོགས་ལས་དོན་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་ཡིན་པ།ཆེས་དོན་དངོས་ཡིན་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ།མི་དམངས་ཀྱི་དགོས་མཁོ་སྔར་བས་ཚིམས་པར་བྱ་དགོས།སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།ལས་ཞུགས་དང་ལས་རིགས་གསར་སྐྲུན་བྱེད་པར་ཡར་སྐུལ་བྱེད་པའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ།ལུགས་མཐུན་དང་གོ་རིམ་ལྡན་པའི་ཡོང་སྒོ་བགོ་བཤའི་རྣམ་པ་ཆགས་སུ་འཇུག་དགོས།སྔར་བས་དྲང་སྙོམས་དང་མཐུད་མུར་འཕེལ་འཐུས་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་བཙུགས་ནས།སྨན་བཅོས་དང་སྨན་རྫས།འཕྲོད་བསྟེན་བཅས་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར། སྤྱི་ཚོགས་ཀྱི་བཅོས་སྐྱོང་གསར་སྐྲུན་བྱེད་ན། ངེས་པར་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་དམིགས་པ་དང་།ཚད་ཆེས་ཆེན་པོའི་སྒོ་ནས་འཆམ་མཐུན་གྱི་རྒྱུ་རྐྱེན་ཇེ་མང་དུ་བཏང་སྟེ།སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏོང་བ།རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ།མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པར་འགན་སྲུང་བྱེད་པ་དང་སྤྱི་ཚོགས་བརྟན་འཇགས་དང་གོ་རིམ་ལྡན་པ་འགན་སྲུང་བྱ་དགོས།སྤྱི་ཚོགས་བཅོས་སྐྱོང་གི་བྱེད་ཐབས་ལེགས་སྒྱུར་དང་སྤྱི་ཚོགས་རྩ་འཛུགས་ཀྱི་སྟོབས་ཤུགས་སྐུལ་སློང་།སྤྱི་ཚོགས་ཀྱི་འགལ་བ་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་དང་ཞི་འཇགས་སུ་གཏོང་བའི་སྒྲིག་སྲོལ་གསར་སྐྲུན་བྱས་ཏེ།སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས།རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་པ་དང་།རྒྱལ་ཁབ་ཀྱི་བདེ་འཇགས་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ཁག་ཐེག་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ན།ངེས་པར་རྒྱུད་རིམ་ལྡན་ཞིང་ཆ་ཚང་བའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་བཙུགས་ནས།ལམ་ལུགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་དགོས།རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་ལམ་ལུགས་དང་བཀོལ་སའི་དོ་དམ་ལམ་ལུགས་བཙུགས་ནས།སྐྱེ་ཁམས་སྲུང་སྐྱོང་གི་མི་རུང་བའི་ཐིག་མཚམས་གཏན་འཁེལ་བྱས་ཏེ།ཐོན་ཁུངས་སྐྱིན་ཚབ་ཡོད་པའི་སྒོ་ནས་བཀོལ་བའི་ལམ་ལུགས་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་ལག་ཏུ་བསྟར་ནས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་བཏོན་རྒྱུར།ཏང་གི་བཀོད་འདོམས་ལ་ཉན་པ་དང་དམག་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གནས་བབ་གསར་བའི་འོག་ཏང་གི་མི་དམངས་དམག་དཔུང་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་པ་དམིགས་འབེན་གྱིས་དམ་པོར་དམིགས་ནས།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འརྗར་ཐོན་འགལ་བ་དང་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་པ་དང་།དམག་དོན་གྱི་རིགས་པའི་གཞུང་ལུགས་གསར་སྐྲུན་དང་དམག་དོན་འཐབ་ཇུས་ལ་མཛུབ་སྟོན་བྱེད་པར་ཤུགས་བསྣན་ནས། དུས་སྐབས་གསར་བའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་འཐུས་ཚང་དུ་བཏང་ནས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་དམག་དོན་སྟོབས་ཤུགས་ཀྱི་མ་ལག་ཅིག་བསྐྲུན་དགོས། དམག་དཔུང་གི་སྒྲིག་སྲོལ་དང་སྒྲིག་གཞི་ལེགས་སྒྲིག་དང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས།དམག་དཔུང་གི་སྲིད་ཇུས་ལམ་ལུགས་ལེགས་སྒྲིག་དང་བཅོས་བསྒྱུར་བྱེད་པར་སྐུལ་འདེད་དང་དམག་དམངས་མཉམ་དུ་འདྲེས་པའི་གཏིང་ཚད་འཕེལ་བར་སྐུལ་འདེད་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ན།ངེས་པར་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཏེ།ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་པ་དང་། ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱས་ཏེ།ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ནུས་པ་ཇེ་མཐོར་བཏང་ནས།བཅོས་བསྒྱུར་ལ་རྒྱལ་ཁ་ལེན་པར་ཁག་ཐེག་བྱ་དགོས། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས།བཅོས་བསྒྱུར་གྱི་སྤྱིའི་འཆར་འགོད་དང་།གཅིག་གྱུར་གྱིས་མཐུན་སྦྱོར། ཁྱོན་ཡོངས་ལ་སྐུལ་འདེད། ལྟ་སྐུལ་དོན་འཁྱོལ་བཅས་བྱེད་པར་འགན་འཁུར་དགོས། རིམ་པ་སོ་སོའི་ཏང་ཨུས་བཅོས་བསྒྱུར་གྱི་མགོ་ཁྲིད་པའི་ལས་འགན་དངོས་གནས་དོན་འཁྱོལ་བྱ་དགོས།ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས།འཇོན་མི་འདུ་འཛོམས་བྱེད་པའི་སྒྲིག་སྲོལ་དང་ནང་རྐྱེན་འཛུགས་པ་དང་།མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་དང་གཞི་རིམ།མང་ཚོགས་བཅས་ཀྱིས་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་བ་དང་དུས་ཐོག་ཏུ་ཉམས་མྱོང་སྤྱི་སྡོམ་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་མིག་སྔར་གྱི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ནས།ཏང་ཡོངས་ཀྱི་བློ་མཐུན་གྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ།མདུན་སྐྱོད་ཀྱི་འདུ་ཤེས་དང་གོ་སྐབས་འདུ་ཤེས།འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་།ཁ་ཕྱོགས་དམ་འཛིན་དང་སྤོབས་པ་ཆེན་པོས་ལག་ལེན་དང་འཚོལ་ཞིབ་བྱེད་པ།གཅིག་གྱུར་མཐུན་སྦྱོར་ཡོང་བར་དོ་སྣང་དང་།བཅོས་བསྒྱུར་གྱི་ཐུན་མོང་གི་ངོས་ཟིན་གོང་རྗར་འགྲིལ་བ།མགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས།བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་གི་བཅོས་བསྒྱུར་གྱི་འཐབ་ཇུས་བཀོད་སྒྲིག་མངོན་འགྱུར་བྱ་དགོས་པ་ནན་གྱིས་བསྟན།ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལྟར།བརྟན་བརླིང་ཁྲོད་མདུན་དུ་བསྐྱོད་པ་དང་བརྟན་བརླིང་ཁྲོད་ཧུར་བརྩོན་བྱེད་པ་རྒྱུན་འཁྱོངས་བྱས་ནས།དངོས་གནས་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབས་ཏེ།དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་རྒྱུན་སྲུང་དང་།མང་ཚོགས་དང་ཁྱད་པར་དུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་བྱས་ནས།སྤྱི་ཚོགས་བརྟན་འཇགས་དང་མཐུན་སྦྱོར་ཡོང་བར་ཡར་སྐུལ་དང་། མུ་མཐུད་དུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་བྱ་དགོས།

  ཚང་འཛོམས་གྲོས་ཚོགས་སྟེང་ཏང་ཡོངས་ཀྱི་བློ་མཐུན་གྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོར་བྱས་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ།བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་ལས་དོན་ལ་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་བྲིས་ནས།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པ།ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་འདུན་མ་མངོན་དུ་བསྒྱུར་པར་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་བཏང་། །

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

  སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཀྱི་གནད་ས་བཅུ།

ཚེས12ཉིན་གྲོལ་བའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བའི་སྤྱི་བསྒྲགས་ཀྱིས། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་དང་སྤྱིའི་ལས་འགན་སོགས་གསལ་བོ་བྱས། "ཞིན་ཧྭའི་མཐོང་གནད"གསར་འགོད་པས་དེའི་ནང་གི་གནད་ས་བཅུ་གདམ་གསེས་བྱས་པ་སྟེ།

  1.ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན།--ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ།

  2.ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་འཛུགས་པ།--ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། བཅོས་བསྒྱུར་གྱི་སྤྱི་ཁོག་ཇུས་འགོད་དང་གཅིག་གྱུར་གྱིས་མཐུན་སྦྱོར། སྤྱི་ཡོངས་ལ་སྐུལ་སྤེལ། དངོས་འབེབས་ལྟ་སྐུལ་བཅས་ལ་འགན་འཁུར་རྒྱུ་ཡིན་པ།

  3.རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་པ།--རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྒྲིག་སྲོལ་དང་རྒྱལ་ཁབ་བདེ་འཇགས་ཡོང་བའི་འཐབ་ཇུས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཡོང་བར་འགན་སྲུང་བྱེད་རྒྱུ་ཡིན་པ།

4.ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཚོང་ར་ཡིས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ།--དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ནི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་གནད་ས་ཡིན་ལ། ཡང་སྙིང་གནད་དོན་ནི་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཚོང་ར་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པོར་འདོན་དུ་འཇུག་པ། གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་ལ་སྒྲིག་ལམ་ཡོད་པའི་ཚོང་རའི་མ་ལག་འཛུགས་སྐྲུན་བྱེད་པ་ནི། ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཚོང་ར་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པའི་རྨང་གཞི་ཡིན་པ།

  5.ནོར་ཁྲལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ།--ཁྲིམས་འཛུགས་འཐུས་ཚང་དང་དོན་དབང་གསལ་འབྱེད། ཁྲལ་ལུགས་བཅོས་བསྒྱུར།ཁྲལ་ཁུར་བརྟན་བརླིང་། སྔོན་རྩིས་གསལ་ལྷང་། ལས་ཕྱོད་མཐོར་འདེགས་བཅས་བྱས་ནས། དེང་རབས་ནོར་སྲིད་ལམ་ལུགས་བཙུགས་ཏེ། ཀྲུང་དབྱང་དང་ས་གནས་ཕྱོགས་གཉིས་ཀྱི་ཧུར་སེམས་འདོན་སྤེལ་བྱེད་པ། སྔོན་རྩིས་དོ་དམ་ལམ་ལུགས་ལེགས་བཅོས་བྱས་ནས། ཁྲལ་སྡུད་ལམ་ལུགས་འཐུས་ཚང་དང་། དོན་དབང་དང་འགྲོ་སྒོའི་འགན་འཁུར་གཉིས་བབ་བསྟུན་ཡིན་པའི་ལམ་ལུགས་འཛུགས་པ།

  6.འདྲི་གཅོད་ཁེ་དབང་དང་ཞིབ་དཔྱོད་ཁེ་དབང་གཉིས་ཁྲིམས་ལྟར་རང་ཚུགས་དང་དྲང་གཞག་ངང་སྤྱོད་པ་འགན་སྲུང་བྱེད་པ།--རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་དང་། སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། འདྲི་གཅོད་ཁེ་དབང་དང་ཞིབ་དཔྱོད་ཁེ་དབང་གཉིས་ཁྲིམས་ལྟར་རང་ཚུགས་དང་དྲང་གཞག་ངང་སྤྱོད་པ་འགན་སྲུང་བྱས་ཤིང་། ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཀྱི་ཁྲིམས་འཛིན་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ།

  7.ཞིང་པ་ལ་སྔར་བས་མང་བའི་རྒྱུ་ནོར་ཁེ་དབང་སྩོལ་བ།--མཁར་གྲོང་གཅིག་གྱུར་ཡིན་པའི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་ཚོང་ར་འཛུགས་པ། ཞིང་ལས་གཉེར་སྐྱོང་མ་ལག་གསར་བ་མགྱོགས་པོར་འཛུགས་ལ། ཞིང་པ་ལ་སྔར་བས་མང་བའི་རྒྱུ་ནོར་ཁེ་དབང་བསྩལ་ནས། མཁར་གྲོང་གྲུབ་རྒྱུ་འདྲ་མཉམ་ངང་བརྗེ་རེས་དང་སྤྱི་པའི་ཐོན་ཁུངས་ཆ་སྙོམས་ངང་བཀོད་སྒྲིག་བྱེད་པ་སྐུལ་སྤེལ་དང་། མཁར་གྲོང་ཅན་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ།

  8.སྤྱི་ཚོགས་འགལ་བ་སེལ་བའི་སྒྲིག་སྲོལ་གསར་གཏོད་བྱེད་པ།--སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་བསླངས་ནས། སྤྱི་ཚོགས་འགལ་བ་ནུས་ལྡན་སྒོས་སྔོན་འགོག་དང་འདུམ་སེལ་བྱེད་པའི་སྒྲིག་སྲོལ་གསར་གཏོད་བྱས་ནས། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ།

  9.སྐྱེ་ཁམས་སྲུང་སྐྱོང་གི་ཐིག་མཚམས་གཏན་ལ་དབབ་པ།རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་ཐོན་དབང་ལམ་ལུགས་དང་བཀོལ་སྤྱོད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་མཚམས་གཏན་ལ་ཕབ་སྟེ། ཐོན་ཁུངས་རིན་ཚབ་ཡོད་པའི་བེད་སྤྱོད་ལམ་ལུགས་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་ལག་བསྟར་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དོ་དམ་བྱེད་པའི་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པ།

  10.དམག་དཔུང་གི་སྒྲིག་སྲོལ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ།--དམག་དཔུང་གི་སྒྲིག་སྲོལ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ།དམག་དཔུང་གི་སྲིད་ཇུས་ལམ་ལུགས་ལེགས་སྒྲིག་བྱེད་པའི་བཅོས་བསྒྱུར་ལ་སྐུལ་སྤེལ་བྱེད་པ་དང་། དམག་དམངས་མཐུན་སྦྲེལ་ཡོང་ཚད་གོང་དུ་འཕེལ་བར་སྐུལ་འདེད་བྱེད་པ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།