ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱས་ཏེ་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་ཁྱོན་ཡོངས་ཀྱི་འབྱོར་འབྲིང་དམིགས་འབེན་མངོན་འགྱུར་བྱེད་པའི་སྐོར་གྱི་བསམ་འཆར་འགའ།(2015ལོའི་ཟླ12པའི་ཚེས31ཉིན།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་ཨང་བཅུ་གསུམ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》ནང་དུས་སྐབས་གསར་པའི་ཞིང་ལས་དང་ཞིང་སྡེའི་བྱ་བ་ལེགས་པོར་སྒྲུབ་པའི་ཐད་བཀོད་སྒྲིག་གལ་ཆེན་བྱས།ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གསར་སྐྲུན་དང་མཐུན་སྦྱོར།ལྗང་མདོགསྒོ་འབྱེད།མཉམ་རོལ་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དམ་པོར་བཟུང་ཞིང་ལག་ལེན་མཐར་ཕྱིན་ཟབ་མོ་བྱེད་ཅིང་ཤུགས་ཆེན་པོས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས།ཞིང་པ་དུང་ཕྱུར་མང་པོ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་པར་ཁག་ཐེག་བྱེད་དགོས།

“ལྔ་བཅུ་གཉིས”སྐབས་ནི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སུ་འགྲོ་བའི་རྫོགས་ལྡན་དུས་སྐབས་ཤིག་རེད།འབྲུ་རིགས་ཀྱི་ཐོན་ཚད་བསྟུད་མར་ལོ་འགའི་ནང་འཕར་ཏེ།ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྤུས་ཚད་སྟེང་ནས་གོང་འཕར་ཆེན་པོ་བྱུང་ཞིང་། ཞིང་པའི་ཡོང་སྒོ་བསྟུད་མར་འཕར་ཚད་ཅུང་མགྱོགས་པས།མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོའི་ཧེ་བག་ཇེ་ཆེར་འགྲོ་བའི་འཕེལ་ཚུལ་བསྒྱུར།ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་མངོན་གསལ་གྱིས་ལེགས་བཅོས་ཐོབ་ཅིང་།ཞིང་པ་མང་ཚོགས་ཀྱི་དམངས་འཚོ་འགན་སྲུང་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཡོད།ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡིན་ཕྱིར་ཏང་གིས་ཞིང་སྡེར་སྲིད་སྐྱོང་བའི་རྨང་གཞི་ཇེ་བརྟན་དུ་བཏང་།ལག་ལེན་ལས་ཏང་གི“ཞིང་གསུམ”སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་དང་ཞིང་པ་ཁྲི་སྟོང་མང་པོས་སེམས་གཏིང་ནས་གོང་བཀུར་བྱེད་ཀྱིན་ཡོད་པ་ར་སྤྲོད་བྱུང་།

མིག་སྔར།རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་ཁོར་ཡུག་ཐད་འགྱུར་ལྡོག་ཆེན་པོ་བྱུང་སྟེ།ཆ་རྐྱེན་བཟང་པོ་མང་པོར་འཕྲད་ཡོད་ལ།དཀའ་ཁག་མང་པོའང་འགག་སྒྲོལ་བྱེད་དགོས་བྱུང་།ཕྱོགས་གཅིག་ནས་ཞིང་ལས་དང་ཞིང་སྡེའི་མི་འདང་ས་མྱུར་དུ་གསབ་སྣོན་བྱེད་དགོས་པ་དེ་ཏང་ཡོངས་ཀྱི་ཐུན་མོང་གི་ངོས་ཟིན་དུ་གྱུར་པས།“ཞིང་གསུམ”བྱ་བའི་རྣམ་པ་གསར་པ་གསར་གཏོད་བྱེད་པར་སྟོབས་ཤུགས་ཆེན་པོ་བསྩལ། གྲོང་རྡལ་ཅན་གསར་པ་མྱུར་དུ་འཕེལ་རྒྱས་སུ་སོང་བ་དེས་བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་དང་།གྲོང་ཁྱེར་གྱིས་ཞིང་སྡེར་སྐུལ་ཁྲིད་བྱེད་པར་རྒྱུན་མི་ཆད་པའི་འདྲེན་ཤུགས་བསྩལ། མཁར་གྲོང་སྡོད་དམངས་ཀྱི་འཛད་སྤྱོད་གྲུབ་ཚུལ་མྱུར་དུ་རིམ་འཕར་བྱུང་བ་དེས་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད་པར་སྐུལ་ཁྲིད་ནུས་པ་ཆེན་པོ་བསྣན།རེབ་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་གསོ་སྐྱོང་བྱེད་པ་དེ་དར་སྤེལ་བྱེད་སྒང་ཡིན་པས།ཞིང་ལས་རིགས་བསྒྱུར་རིམ་སྤར་ཐད་སྒུལ་ཤུགས་ཆེན་པོ་བསྩལ།ཞིང་སྡེའི་བཅོས་བསྒྱུར་སྣ་ཚོགས་ཁྱོན་ཡོངས་ནས་སྤེལ་ཏེ།ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་རྒྱུན་ཆད་མིད་པའི་སྒུལ་ཤུགས་བསྩལ།ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་རྒྱབ་ལྗོངས་འོག

ཞིང་པའི་ཡོང་སྒོ་བརྟན་འཇགས་ངང་འཕར་བར་ཇི་ལྟར་སྐུལ་འདེད་གཏོང་བ་དང་།མཁར་གྲོང་གི་ཧེ་བག་ཇི་ལྟར་ཇེ་ཆུང་དུ་བཏང་ནས་འབྱོར་འབྲིང་ཁྱོན་ཡོངས་ནས་དུས་ལྟར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་ནི།ངེས་པར་འགྲུབ་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་རེད།ཐོན་ཁུངས་ཁོར་ཡུག་གཅུན་ནུས་ཇེ་ཆེར་འགྲོ་བའི་རྒྱབ་ལྗོངས་འོག ཞིང་ལས་ཀྱི་འཕེལ་སྟངས་བསྒྱུར་ཚད་ཇི་ལྟར་ཇེ་མགྱོགས་སུ་བཏང་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་ཁག་ཐེག་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་ཐོན་ཁུངས་ཡུན་རིང་བེད་སྤྱོད་པ་མངོན་འགྱུར་བྱེད་པ་ནི།ངེས་པར་འགག་སྒྲོལ་བྱེད་དགོས་པའི་དངོས་ཡོད་ཀྱི་དཀའ་ཁག་ཅིག་རེད།རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་རའི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྒྱབ་ལྗོངས་འོགརྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་ཇི་ལྟར་གཅིག་གྱུར་གྱིས་བེད་སྤྱོད་བྱས་འོག་རང་རྒྱལ་ཞིང་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་བྱས་ཏེ།རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ནང་ཞུགས་པའི་རང་འགུལ་དབང་ཆ་བརྩོན་ལེན་བྱེད་པ་ནི།ངེས་པར་ཁ་གཏད་དགོས་པའི་འགྲན་སློང་ཆེན་པོ་ཞིག་རེད།ཞིང་ལས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་ཡིན་ཕྱིར།ང་ཚོས་ངེས་པར“ཞིང་གསུམ”བྱ་བ་ལེགས་སྒྲུབ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས།ཛ་དྲག་ཆེ་བའི་འདུ་ཤེས་བཅས་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་།དུས་ནམ་ཞིག་ཡིན་རུང་ཞིང་ལས་ལ་སྣང་ཆུང་དང་།ཞིང་པ་བརྗེད་པ།ཞིང་སྡེར་སྣང་ཆུང་བཅས་བྱེད་མི་ཆོག ངོས་ཟིན་གྱི་མཐོ་ཚད་དང་གཙིགས་མཐོང་གི་ཆུ་ཚད།མ་དངུལ་གཏོང་བའི་ཤུགས་ཚད་བཅས་ཀྱི་སྟེང་ནས་འཕེལ་ཚུལ་བཟང་པོ་སྲུང་འཛིན་བྱེད་ཅིང་།དུས་ནམ་ཡང“ཞིང་གསུམ”གནད་དོན་ཐག་གཅོད་བཟང་པོ་བྱ་རྒྱུ་ཏང་ཡོངས་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ།ཞིང་ལས་འཕེལ་རྒྱས་དང་ཞིང་པར་ཕན་པ།ཞིང་པ་ཕྱུག་བསྒྱུར་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་མི་ཉམས་པ་རྒྱུན་འཁྱོངས་དང་།ཞིང་སྡེའི་འབྱོར་འབྲིང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་ལྷོད་པོར་མི་གཏོང་བ།དེང་རབས་ཞིང་ལས་འཕེལ་ཚད་ཇེ་མགྱོགས་དང་ཞིང་པའི་ཡོང་སྒོ་འཕར་ཚད་ཇེ་མགྱོགས།སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱིས་རྒྱུན་མི་འཆད་པར་ཞིང་ལས་དང་ཞིང་སྡེའི་གནས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།

“ལྔ་བཅུ་གསུམ”སྐབས་སུ་ཞིང་སྡེའི་བཅོས་བསྒྱུར་དང་འཕེལ་རྒྱས་ལག་བསྟར་བྱེད་སྐབས།ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ།ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཅིང་།ཏིང་ཞའོ་ཕེང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་ཟབ་མོ་བྱེད་པ།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་།ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ།ཞིང་པའི་གཙོ་གཞི་གོ་གནས་རྒྱུན་འཁྱོངས་དང་ཞིང་པའི་བདེ་སྐྱིད་འཕེལ་བ་དེ་ཞིང་སྡེའི་བྱ་བ་ཡོད་ཚད་ཀྱི་གཞི་འཛིན་ས་དང་མགོ་རྩོམ་ས་བྱེད་པ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས“ཞིང་གསུམ”གྱི་དཀའ་གནད་གསར་པ་འགག་སྒྲོལ་བྱེད་པ།ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་ལེགས་ཆ་གསོ་སྐྱོང་གང་ལེགས་བྱེད་པ།གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་བ།ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བྱེད་པ།ཞིང་ལས་ཀྱི་འཕེལ་སྟངས་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ།ཞིང་ལས་བརྟན་འཇགས་ངང་འཕེལ་རྒྱས་དང་ཞིང་པའི་ཡོང་སྒོ་རྒྱུན་མི་འཆད་པར་འཕར་བ་སྲུང་འཛིན་བྱེད་པ་བཅས་ཀྱིས་ཐོན་སྐྱེད་ཕན་འབྲས་བཟང་ལ་ཐོན་རྫས་བདེ་འཇགས་ཡིན་པ་དང་།ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཛའ་མཐུན་ཡིན་པའི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་དུ་ཞུགས་ནས།རྣམ་པ་གསར་པའི་གྲོང་རྡལ་ཅན་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་གཉིས་ཀྱིས་སྐུལ་འདེད་དང་ཕན་ཚུན་ཡར་སྐུལ།རྒྱ་ཆེའི་ཞིང་པ་འདྲ་མཉམ་ངང་དེང་རབས་ཅན་གྱི་འཕེལ་རིམ་ནང་ཞུགས་ཤིང་།དེང་རབས་ཅན་གྱི་གྲུབ་འབྲས་དེ་ཚང་མར་ལོངས་སྤྱོད་བྱེད་དུ་འཇུག་དགོས།

2020ལོའི་བར།དེང་རབས་ཞིང་ལས་འཛུགས་སྐྲུན་ཐད་འཕེལ་རྒྱས་མངོན་གསལ་འབྱུང་བ་དང་།འབྲུ་རིགས་ཐོན་ནུས་སྔར་ལས་ཀྱང་སྲ་བརྟན་དང་ཇེ་མཐོར་འགྲོ་བ།རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་འགན་སྲུང་ནུས་ལྡན་བྱེད་པ།ཞིང་ལས་ཐོན་རྫས་མཁོ་འདོན་མ་ལག་གི་སྤུས་ཀ་དང་ལས་ཕྱོད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བ།ཞིང་པའི་འཚོ་བ་ཁྱོན་ཡོངས་ནས་འབྱོར་འབྲིང་གི་ཆུ་ཚད་དུ་བསླེབ་པ་དང་།ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ2010ལོ་ལས་ལྡབ་གཅིག་འཕར་བ།མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོའི་ཧེ་བག་མུ་མཐུད་དུ་ཇེ་ཆུང་དུ་འགྲོ་བ། 

རང་རྒྱལ་གྱི་ད་སྤྱོད་ཚད་གཞི་འོག་གི་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བ།དབུལ་ཕོངས་རྫོང་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ།ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་གནད་དོན་ཐག་གཅོད་པ།ཞིང་པའི་སྤུས་ཚད་དང་ཞིང་སྡེའི་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བ།སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་འགྲོ་བ།ཞིང་སྡེའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་།ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས།ཞིང་སྡེའི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ལམ་ལུགས།མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་སྲོལ་དང་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་སོ།།

དང་པོ།རྒྱུན་མི་འཆད་པར་དེང་རབས་ཞིང་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས།ཞིང་ལས་ཀྱི་སྤུས་ཀའི་ཕན་འབྲས་དང་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས།

ཞིང་ལས་དེང་རབས་ཅན་ལ་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་ན།དངོས་པོའི་སྒྲིག་ཆས་དང་ལག་རྩལ་ཀྱིས་འདེགས་སྐྱོར་བྱེད་ཤུགས་ངེས་པར་ཇེ་དྲག་ཏུ་གཏོང་བ་དང་། དེང་རབས་ཞིང་ལས་ཐོན་ལས་ཀྱི་མ་ལག་དང་ཐོན་སྐྱེད་མ་ལགབདག་གཉེར་མ་ལག་བཅས་ཤུགས་ཆེན་པོས་འཛུགས་པ།ས་ཞིང་ནས་འབྲུ་རིགས་ཐོན་པ་དང་ལག་རྩལ་ནས་འབྲུ་རིགས་ཐོན་པའི་འཐབ་ཇུས་ལག་བསྟར་བྱེད་ཅིང་།འབྲུ་རིགས་དང་དཔལ་འབྱོར་ལོ་ཏོགགཟན་ཆས་བཅས་གཅིག་གྱུར་གྱིས་བཀོད་སྒྲིག་དང་།ཞིང་ནགས་ཕྱུགས་ཉ་བཅས་ཟུང་དུ་འབྲེལ་བ།འདེབས་གསོ་དང་ལས་སྣོན་བཅས་གཞི་གཅིག་ཅན་དུ་གཏོང་བ།ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་འདྲེས་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས།ཞིང་ལས་ལ་རེ་བས་ཁེངས་པའི་ཉི་གཞོན་ལྟ་བུའི་ཐོན་ལས་སུ་འགྱུར་དུ་འཇུག་དགོས།

  1.གཞི་ཁྱོན་ཆེན་པོས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པ།མ་དངུལ་གཏོང་ཤུགས་ཇེ་ཆེ་དང་འཛུགས་སྐྲུན་མ་དངུལ་ཧྲག་སྡེབ།མ་དངུལ་གཏོང་བསྡུའི་ནང་རྐྱེན་གསར་སྐྲུན་བཅས་ཀྱིས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།2020ལོའི་བར།གཅིག་བསྡུས་མུ་འབྲེལ་དང་ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ།ཐོན་ཚད་བརྟན་ཞིང་མཐོ་བ།སྐྱེ་ཁམས་བཟང་བ་བཅས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར8འཛུགས་ཤིང་མུའུ་དུང་ཕྱུར10འཛུགས་པར་བརྩོན་ལེན་བྱེད་དགོས།འཛུགས་སྐྲུན་འཆར་འགོད་ཧྲག་སྡེབ་དང་འཐུས་ཚང་དུ་གཏོང་བ།འཛུགས་སྐྲུན་གྱི་ཚད་གཞི་གཅིག་གྱུར་བྱེད་པ།གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱེད་པ།གཅིག་གྱུར་གྱིས་རེའུ་མིག་འགོད་པ་དང་མཛོད་དུ་འཇུག་པ་བཅས་བྱེད་དགོས།འཛུགས་སྐྲུན་གྱི་ཚད་གཞི་མཐོར་འདེགས་དང་།འཛུགས་སྐྲུན་གྱི་ནང་དོན་ཕུན་སུམ་ཚོགས་པོར་གཏོང་བ།ཆ་སྡེབ་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།འཛུགས་སྐྲུན་གྱི་ཁྱབ་སྟངས་ལེགས་སྒྱུར་དང་འབྲུ་རིགས་ཐོན་ཁུལ་གཙོ་བོ་དམིགས་སུ་བཀར་ནས་བཟའ་འབྲུའི་བདེ་འཇགས་ཁག་ཐེག་བྱེད་ཐུབ་པའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པ།བདག་སྐྱོང་ལྟ་སྐུལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། བདག་སྐྱོང་འགན་འཁྲི་དང་ལེན་བྱེད་པའི་བདག་པོ་གཏན་ཁེལ་གསལ་པོ་བྱེད་པ།ཚད་གཞི་མཐོ་བའི་ས་ཞིང་རྣམས་ཡུན་བརྟན་གཞི་རྩའི་ས་ཞིང་དུ་གཏན་འབེབས་བྱས་ཏེ་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་དགོས།ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་གནས་ཚུལ་དེ་ས་གནས་རིམ་པ་སོ་སོའི་སྲིད་གཞུང་གི་མི་ཞིང་སྲུང་སྐྱོབ་འགན་འཁྲིའི་དམིགས་འབེན་ཞིབ་བཤེར་བྱེད་པའི་ནང་དོན་དུ་འགོད་དགོས།

  2.གཞི་ཁྱོན་ཆེན་པོས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་བྱེད་པ།ཞིང་ཁའི་ཆུ་བེད་དེ་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་གནད་སར་བརྩིས་ཏེ། 2020ལོའི་བར་ཞིང་སར་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་དུང་ཕྱུར10ཡན་དུ་བསླེབ་པ་དང་། ཞིང་སར་ཆུ་འདྲེན་པའི་ལས་ཕྱོད་ཀྱི་རྟགས་གྲངས0.55ཡན་ལ་བསླེབ་ཏུ་འཇུག་དགོས།ཆུ་བེད་བཟོ་སྐྲུན་ཆེན་པོའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།གཙང་པོ་དང་ཆུ་བོ།མཚེའུ།ཆུ་མཛོད་བཅས་བཞུར་རྒྱུན་སྦྲེལ་བའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དང་།ཆུའི་ཐོན་ཁུངས་ཀྱི་བར་སྟོང་རྣམ་པ་ཇེ་ལེགས་སུ་གཏོང་ཞིང་།ཆུའི་ཁོར་ཡུག་གི་ཤོང་ཚད་ཇེ་མང་དུ་གཏོང་དགོས།ཆུ་འདྲེན་ཁུལ་ཆེ་འབྲིང་རིགས་ཀྱི་འཛུགས་སྐྲུན་དང་ཆ་སྡེབ་ཆེད་དུ་མཐུད་འཛུགས།ཆུ་གྲོན་ཆུང་དང་སྒྱུར་བཀོད།ཆུ་འདྲེན་དང་ཆུ་འབུད་ས་ཚིགས་ཆེ་རིགས་ཀྱི་སྒྱུར་བཀོད་བཅས་ཇེ་མགྱོགས་སུ་གཏོང་དགོས།ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཆུང་རིགས་འཐུས་ཚང་དུ་གཏོང་བ་དང་།ཞིང་སྡེའི་ཆུ་བོ་དང་རྫིང་བུའི་གཙང་འབུད་བཅོས་སྐྱོང་དང་།རི་ཁུལ་གྱི“ཆུ་བེད་ཆུང་བ་ལྔ།”ཞིང་སའི་ཆུ་རྐ་ཆ་སྡེབ།ཆར་བ་གསོག་འཇོག་བེད་སྤྱོད།འབྲོག་ཁུལ་གྱི་ཆུ་གྲོན་ཆུང་བྱས་འོག་གཟན་རྩྭ་བཏབ་པའི་ཞིང་ནང་དུ་ཆུ་འདྲེན་པ་བཅས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།ས་ཁོངས་ཀྱི་གཞི་ཁྱོན་ཅན་དང་ཕན་ནུས་མཐོ་བའི་ཆུ་གྲོན་ཆུང་བྱེད་ཐུབ་པའི་ཆུ་འདྲེན་འགུལ་སྐྱོད་བསླང་བ་དང་། སྔོན་ཐོན་དང་གོ་ཆོད་པ།ཆུ་གྲོན་ཆུང་བཅས་ཀྱི་ཆུ་འདྲེན་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་གཏོང་དགོས།བཞུར་རྒྱུན་འབྲིང་ཆུང་གི་བཅོས་སྐྱོང་དང་།ཆུ་ལོགས་གཤིས་བཅས་གནོད་འཚེ་འགོག་བཅོས་བྱེད་པ་མུ་མཐུད་དུ་ལག་བསྟར་བྱེད་པ།གསར་སྤེལ་རང་བཞིན་གྱི་དངུལ་རྩས་ཆུ་བེད་བཟོ་འགོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་གཞི་ཁྱོན་དང་ཁྱབ་ཁོངས་རྒྱ་སྐྱེད་པ།གོམ་པ་བརྟན་པོས་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་བསྒྱུར་བྱས་ནས།ཞིང་ལས་ཐད་མཁོ་བའི་ཆུའི་བསྡོམས་འབོར་ཚོད་འཛིན་དང་གྲངས་ཀ་གཏན་ཁེལ་བྱེད་པའི་དོ་དམ་ལག་བསྟར་བྱེད་པ་དང་།ལུགས་མཐུན་སྒོས་ཞིང་ལས་ཀྱི་ཆུའི་རིན་གོང་གཏན་ཁེལ་བྱེད་པ།ཆུ་གྲོན་ཆུང་བྱས་པར་བྱ་དགའ་གནང་བ་དང་གནད་ཕིགས་ཁ་གསབ་སྤྲོད་པའི་ནང་རྐྱེན་འཛུགས་པ་བཅས་ཀྱིས་ཞིང་ལས་ཐད་ཆུ་བཀོལ་བའི་ལས་ཕྱོད་ཇེ་མཐོར་གཏོང་དགོས།ཆུ་བཀོལ་བའི་དབང་ཆ་དང་ཐོག་ནས་བགོ་བྱ་རྒྱག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཆུ་དབང་ཉོ་ཚོང་རྒྱག་པའི་ཚོང་ར་གསོ་སྐྱོང་བྱེད་དགོས།ཞིང་ཁའི་ཆུ་བེད་བཟོ་སྐྲུན་ཆུང་རིགས་ཀྱི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པ་གཏིང་ཟབ་ཏུ་སྤེལ་ཞིང་།འཁོར་སྐྱོད་བདག་སྐྱོང་བྱེད་པའི་ནང་རྐྱེན་གསར་སྐྲུན་བྱེད་དགོས།སྤྱི་ཚོགས་སྟེང་གི་མ་རྩ་ཞིང་ཁའི་ཆུ་བེད་བཟོ་འགོད་ཆུང་རིགས་ཀྱི་འཛུགས་སྐྲུན་དང་བདག་སྐྱོང་ནང་ཞུགས་པར་སྐུལ་མ་གཏོང་དགོས།

  3.དེང་རབས་ཞིང་ལས་ཚན་རྩལ་གསར་སྐྲུན་དང་ཁྱབ་གདལ་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གསར་སྐྲུན་ནུས་པ་སྤྱི་ཡོངས་ནས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་སྔོན་ཐོན་གྱི་ཆུ་ཚད་དུ་བསླེབ་པ་དང་། ཞིང་ལས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་གལ་ཆེན་དང་མདུན་གྲས་ལག་རྩལ་སྙིང་བོ་ཕྱོགས་སུ་འཛམ་གླིང་སྟེང་སྔོན་ཐོན་ཆུ་ཚད་ཡིན་པའི་གྲུབ་འབྲས་སྐོར་ཞིག་ཐོབ་པར་བརྩོན་ལེན་བྱེད་པ།ཞིང་ལས་ཚན་རྩལ་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་བཀོད་སྒྲིག་དང་མཐུན་སྦྱོར་བྱས་ཏེ།དེང་རབས་ཞིང་ལས་ཐོན་ལས་ཚན་རྩལ་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་།ཞིང་ལས་ཚན་རྩལ་གསར་སྐྲུན་གནད་སའི་ལས་གཞི་དང་བཟོ་འགོད་གཙོ་བོ་ལག་བསྟར་བྱེད་པ།གཙོ་བོ་སྐྱེ་དངོས་ས་བོན་གསོ་སྤེལ་དང་ཞིང་ལས་འཕྲུལ་ཆས་ཕྱོགས་ཀྱི་སྒྲིག་ཆས།རིག་ནུས་ཞིང་ལས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གཙོ་བོ་འགག་སྒྲོལ་བྱེད་པ།དེང་རབས་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།ཞིང་ལས་ཀྱི་གཞི་རྒྱུ་བསྒྱུར་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།བདེ་འཇགས་ཁག་ཐེག་བྱས་པའི་རྨང་གཞིའི་སྟེང་ཁྱབ་གདལ་གཏོང་བར་གཟབ་ནན་བྱེད་པ།རྩེ་གྲས་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་དང་འགག་རྩར་གྱུར་པའི་ལྷུ་ཚིགས་ཞིབ་འཇུག་གསར་སྤེལ་བྱེད་པ་ཇེ་མགྱོགས་སུ་བཏང་ནས།ཞིང་ལས་ལོ་ཏོག་གཙོ་བོའི་ཐོན་སྐྱེད་གོ་རིམ་ཧྲིལ་བོ་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།ནགས་ལས་སྒྲིག་ཆས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་པ། “དྲ་འབྲེལ+”གྱི་དེང་རབས་ཞིང་ལས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་།དངོས་ཟོག་དྲ་འབྲེལ་དང་གསོག་སྤྲུན་རྩིས་རྒྱག གཞི་གྲངས་ཆེན་པོ།སྤོ་འགུལ་དྲ་འབྲེལ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་ཞིང་ལས་ཀྱི་ཐོན་ལས་རྒྱུད་ཚང་མར་སྒྱུར་བཀོད་དང་རིམ་པ་འཕར་བར་སྐུལ་སྤེལ་གཏོང་བ།བློ་རིག་ལྡན་པའི་གནམ་གཤིས་དང་ཞིང་ལས་རྒྱང་ཚོར་ལག་རྩལ་བཀོལ་སྤྱོད་བྱེད་པ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ།ཞིང་ལས་ཚན་རྩལ་གྱི་སྒྲིགས་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།གྲུབ་འབྲས་བསྒྱུར་བའི་སྐུལ་མའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།རོགས་རེས་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་འཇོན་མི་སྐོར་སྐྱོད་སྲིད་ཇུས་གཏན་ཁེལ་བྱེད་པ།ཞིང་ལས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ།འབྲུ་རིགས་ལྗང་མདོག་དང་ཐོན་ཚད་མཐོ་བ།ཕན་འབྲས་མཐོ་བ་བཅས་ཀྱི་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ།དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་ཞིང་ལས་ཚན་རྩལ་ཁྱབ་གདལ་མ་ལག་འཐུས་ཚང་དུ་བཏང་ནས།གཞི་རིམ་ཞིང་ལས་ཚན་རྩལ་ཁྱབ་གདལ་བྱེད་པའི་སྤྱི་ཕན་རང་བཞིན་དང་བདག་གཉེར་རང་བཞིན་གྱི་ཞབས་ཞུ་ལས་ཁུངས་ལ་གནད་ཕིགས་རྒྱབ་སྐྱོར་བྱེད་ཅིང་། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཡོན་དང་སུའོ་ཡིས་སྣེ་ཁྲིད་དེ་ཞིང་ལས་ལག་རྩལ་ཕྱོགས་ཀྱི་ཞབས་འདེགས་ཞུ་བ།ཚན་རྩལ་ཆེད་མངག་པའི་ལམ་ལུགས་ཁྱབ་གདལ་གཏོང་བ་དང་ཚན་རྩལ་ཆེད་མངག་པ་ཡུལ་དངོས་སུ་སོང་ནས་གསར་སྐྲུན་ལས་བརྩོན་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས།ཞིང་སྡེའི་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།ཞིང་ལས་ལག་རྩལ་མཐོ་གསར་ཁེ་ལས་འཛུགས་རྒྱུར་སྐུལ་མ་གཏོང་དགོས།རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཞིང་ལས་ཚན་རྩལ་ར་བ་འཛུགས་སྐྲུན་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས།

4.དེང་རབས་ས་བོན་ལས་རིགས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ། ཤུགས་ཆེན་པོས་གསོ་སྤེལ་དང་ཁྱབ་གདལ་གཏོང་བ་གཞི་གཅིག་ཅན་དང་ས་བོན་ལས་རིགས་རང་བདག་གིས་གསར་སྐྲུན་བྱེད་པའི་ནུས་པ་ཇེ་མཐོར་བཏང་ནས།རྒྱལ་ཁབ་ཀྱི་ས་བོན་ལས་རིགས་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།ས་བོན་ལས་རིགས་ཁྱབ་ཁོངས་ཀྱི་ཚན་ཞིབ་གྲུབ་འབྲས་ཀྱི་ཁེ་དབང་བགོ་བཤའ་རྒྱག་པའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།གྲུབ་འབྲས་ཀྱི་ཁེ་དབང་མཉམ་དུ་ལོངས་སྤྱོད་དང་།སྤོ་བསྒྱུར་གཞན་བསྒྱུར་དང་ཚན་ཞིབ་མི་སྣ་རིགས་དགར་བའི་དོ་དམ་ནང་རྐྱེན་འཚོལ་ཞིབ་བྱེད་པ།དེང་རབས་ས་བོན་ལས་རིགས་འཛུགས་སྐྲུན་བྱེད་པའི་བཟོ་འགོད་དང་ས་བོན་ལས་རིགས་རང་བདག་གིས་གསར་སྐྲུན་བྱེད་པའི་བཟོ་འགོད་ཆེན་པོ་ལག་བསྟར་བྱེད་པ།སོན་བཟང་ཚན་ཞིབ་ལས་གཞི་ཆེན་པོའི་ཐད་མཉམ་དུ་འགག་སྒྲོལ་བྱེད་པ་ཁྱོན་ཡོངས་ནས་སྤེལ་བ་དང་།འཕྲུལ་ཆས་ཅན་གྱིས་ཐོན་སྐྱེད་བྱེད་པར་འཚམ་ཞིང་སྤུས་ཀ་ལེགས་པ་དང་ཐོན་ཚད་མཐོ་བ།ནད་མང་པོ་འགོག་ཐུབ་པ།ཁྱབ་རྒྱ་ཆེན་པོས་འདེབས་ཆོག་པ་བཅས་ཀྱི་ས་བོན་གསར་པ་གསོ་སྐྱོང་དང་ཁྱབ་གདལ་གཏོང་བ། ལོ་ཏོག་གཙོ་བོའི་རེབ་ཐེངས་གསར་པའི་ས་བོན་བརྗེས་ཚད་ཇེ་མགྱོགས་སུ་གཏོང་བ།ཧའེ་ནན་དང་ཀན་སུའུ།སི་ཁྲོན་བཅས་ཀྱི་རྒྱལ་ཁབ་རིམ་པའི་ས་བོན་གསོ་སྤེལ་རྟེན་གཞི་དང་ས་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།ཁེ་ལས་ཀྱི་ས་བོན་གསོ་སྤེལ་ཕྱོགས་ཀྱི་གསར་སྐྲུན་བྱེད་པའི་གོ་གནས་གཙོ་བོ་སྔར་ལས་ཇེ་དྲག་ཏུ་བཏང་ནས།རྒྱལ་སྤྱིའི་ཁྲོད་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཀྱི་ས་བོན་ཁེ་ལས་མྱུར་དུ་གསོ་སྐྱོང་བྱེད་དགོས།ཕྱུགས་ཟོག་དང་ཁྱིམ་བྱའི་རྒྱུད་སྤེལ་ལེགས་སྒྱུར་འཆར་གཞི་ལག་བསྟར་བྱས་ཏེ།ཕྱུགས་ཟོག་དང་ཁྱིམ་བྱའི་རྒྱུད་བཟང་རིགས་ཀྱི་རྒྱུད་གསར་པ་གསོ་སྤེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།ས་བོན་གྱི་རྒྱུ་སྤུས་ཐོན་ཁུངས་ཁྱབ་བཤེར་བྱས་ཏེ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ།ས་བོན་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་ཁྲིམས་ལྟར་ས་བོན་བཅོས་སྐྱོང་བྱེད་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས།ས་བོན་རྫུན་མར་རྡུང་རྡེག་དང་དབང་ཆ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

  5.རྣམ་པ་མང་ཞིང་གཞི་ཁྱོན་ཚད་རན་པའི་ཞིང་ལས་བདག་གཉེར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ།ཞིང་པ་ཁྱིམ་ཚང་ནི་བདག་གཉེར་བྱེད་པའི་རྨང་གཞི་ཡིན་པ་རྒྱུན་འཁྱོངས་བྱས་ཏེ།ཞིང་ལས་བདག་གཉེར་གྱི་གཙོ་གཞི་གསར་པ་དང་ཞིང་ལས་ཞབས་ཞུའི་གཙོ་གཞི་གསར་པ་དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པའི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བར་རྒྱབ་སྐྱོར་བྱེད་ཅིང་།རྣམ་པ་མང་ཞིང་གཞི་ཁྱོན་ཚད་རན་པའི་བདག་གཉེར་བྱེད་པ་དེ་ཞིང་ལས་འཕྲུལ་ཆས་དང་ཚན་རྩལ་གྲུབ་འབྲས་བེད་སྤྱོད།ལྗང་མདོག་འཕེལ་རྒྱས།ཚོང་ར་གསར་གཏོད་སོགས་ཕྱོགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།ནོར་ཁྲལ་དང་ཡིད་རྟོན་ཉེན་འགོག ས་ཞིང་བེད་སྤྱོད་དང་གློག་ཤུགས་བེད་སྤྱོད།ལས་གཞི་རྒྱབ་སྐྱོར་སོགས་ཕྱོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས།ཞིང་ལས་བདག་གཉེར་གྱི་གཙོ་གཞི་གསར་པ་གསོ་སྐྱོང་བྱེད་པའི་སྲིད་ཇུས་མ་ལག་མྱུར་དུ་ཆགས་སུ་འཇུག་པ་དང་།ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་བྱས་ཏེ།གཞི་ཁྱོན་ཅན་གྱི་བདག་གཉེར་གཙོ་གཞིས་ཐོན་སྐྱེད་ཐད་མ་དངུལ་གཏོང་བར་སྐུལ་མ་གཏོང་དགོས།ཞིང་ལས་བདག་གཉེར་གྱི་གཙོ་གཞི་གསར་པ་དང་ཞབས་ཞུའི་གཙོ་གཞི་གསར་པ་འཕེལ་རྒྱས་ཀྱི་དགོས་མཁོར་མཐུན་ཐབས་བྱས་ཏེ།གཅིག་བསྡུས་མུ་འབྲེལ་སྙོམས་སྒྲིག་བྱས་རྗེས་གསར་དུ་བསྣན་པའི་མི་ཞིང་ཁ་ཤས་དེ་གཏན་ཁེལ་ལྟར་ས་ཞིང་གི་ཆ་སྡེབ་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་བཀོལ་དགོས།འབྲུ་རིགས་ཐོན་སྐྱེད་དང་གཞི་ཁྱོན་ཅན་གྱིས་བདག་གཉེར་བྱེད་པའི་གཙོ་གཞིར་གཉེར་ཚོང་དངུལ་བུན་སྤྲོད་པའི་བཅོས་བསྒྱུར་ཚོད་ལྟ་འཚོལ་ཞིབ་བྱེད་པ།ཁྱིམ་ཚང་ཞིང་ར་དང་ཆེད་ལས་ཁྱིམ་ཆེན།ཞིང་པའི་མཉམ་ལས་ཁང་།ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་སོགས་ཞིང་ལས་བདག་གཉེར་གྱི་གཙོ་གཞི་གསར་པ་གསོ་སྐྱོང་གང་ལེགས་བྱེད་དགོས།རིགས་སྣ་ཚོགས་ཀྱི་ཞིང་ལས་ཞབས་ཞུའི་གཙོ་གཞི་གསར་པས་ཚབ་འདེབས་བྱེད་པ་དང་།མཉམ་འདེབས་བྱེད་པ།ས་ཞིང་མངག་བཅོལ་དོ་དམ་སོགས་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འདེགས་སྐྱོར་བཟོ་འགོད་ལག་བསྟར་བྱས་ཏེ།སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཞབས་ཞུ་ཉོ་བའི་ནང་རྐྱེན་གསར་སྐྲུན་ཚོད་ལྟ་སྔར་བས་རྒྱ་བསྐྱེད་དགོས། ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ལས་རིགས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་དགོས།བཟོ་ཚོང་མ་རྩ་སྤྱད་དེ་ས་ཞིང་བོགས་མར་གཏོང་ཆོག་མིན་དང་ལྟ་སྐུལ་དོ་དམ། ཉེན་ཁ་སྔོན་འགོག་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།རྫོང་དང་ཞང་གི་ཞིང་སྡེའི་བདག་གཉེར་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས།ས་ཞིང་འཁོར་རྒྱུག་དང་གཞི་ཁྱོན་ལྟར་བདག་གཉེར་བྱེད་པའི་དོ་དམ་ཞབས་ཞུ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

  6.ལས་རིགས་གསར་པའི་ཞིང་པ་མགྱོགས་མྱུར་གྱིས་སྐྱེད་སྲིང་བྱེད་པ།ལས་རིགས་ཞིང་པ་སྐྱེད་སྲིང་བྱེད་པ་དེ་རྒྱལ་ཁབ་ཀྱི་སློབ་གསོ་གསོ་སྦྱོང་འཕེལ་རྒྱས་འཆར་འགོད་ནང་བཞག་སྟེ།ལས་རིགས་ཞིང་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་མ་ལག་ཕལ་ཆེར་ཆགས་པར་བྱེད་པ་དང་།ལས་རིགས་ཞིང་པ་སྐྱེད་སྲིང་བྱས་ཏེ་དེང་རབས་ཞིང་ལས་ཀྱི་སྟོབས་ཤུགས་གཙོ་བོར་འགྱུར་དུ་འཇུག་པ།ཞིང་ལས་ལས་རིགས་སློབ་གསོ་ལེགས་པར་བསྒྲུབས་ཏེ།ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཞིང་ལས་འབྲིང་རིམ་ལས་རིགས་ཀྱི་སློབ་གསོ་དེ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་འཇོག་པ།མཐོ་རིམ་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོའི་ཐོན་ཁུངས་ལ་རྒྱབ་བཅོལ་ཏེ།ཞིང་པས“ཞིང་ལས་གཉེར་ཞོར་དུ་སློབ་སྦྱོང་བྱེད་པའི”རྣམ་པ་བརྒྱུད་དེ་རང་ས་དང་ཉེ་ས་ནས་ལས་རིགས་སློབ་གསོ་དང་ལེན་བྱེད་པར་སྐུལ་མ་གཏོང་བ།ཞིང་ལས་བདག་གཉེར་གཙོ་གཞིའི་སྣེ་ཁྲིད་པ་སྐྱེད་སྲིང་བྱེད་པའི་བྱེད་སྒོ་སྤེལ་ཏེ།ལོ5རིང་འབད་པ་བྱས་པ་བརྒྱུད་ཁོ་ཚོར་གཞི་རྩའི་སྟེང་གསོ་སྦྱོང་ཐོབ་ཏུ་འཇུག་པ།ཞིང་ལས་དང་འབྲེལ་བའི་ཆེད་ལས་ཀྱི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོར་ཤུགས་སྣོན་པ་དང་།ཞིང་ལས་སློབ་གླིང་གིས་ཞིང་ལས་དང་འབྲེལ་བའི་ཆེད་ལས་བསྒྲུབ་པར་རྒྱབ་སྐྱོར།ཞིང་ལས་རྒྱང་སྒྲོག་བཪྙན་འཕྲིན་སློབ་གྲྭའི་མ་ལག་འཐུས་ཚང་དུ་བཏང་སྟེ།ཁ་ཕྱོགས་གཏན་ཁེལ་གྱིས་ལས་རིགས་ཞིང་པ་སྐྱེད་སྲིང་བྱེད་པ།སྙིང་རུས་ལྡན་པའི་སྒོ་ནས་དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པར་འབད་པའི་ཞིང་སྡེའི་ན་གཞོན་དང་ཕྱིར་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི།ཞིང་ལས་ཚན་རྩལ་ཁྱབ་གདལ་དུ་གཏོང་མཁན།ཞིང་སྡེའི་སློབ་གྲྭ་ཆེན་མོ་པ་དང་ཆེད་འབྲིང་ཆེད་ཚན་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་ལས་རིགས་ཞིང་པའི་དཔུང་སྡེའི་ནང་ཞུགས་པར་སྐུལ་ཁྲིད་བྱེད་པ།ནོར་སྲིད་ཀྱིས་ཞིང་པར་རྒྱབ་སྐྱོར་བྱེད་པའི་ཐད་མ་དངུལ་བཀོལ་ཚུལ་ལེགས་སྒྱུར་བྱས་ཏེ།མ་དངུལ་ཁག་ཅིག་ལས་རིགས་ཞིང་པ་སྐྱེད་སྲིང་བྱེད་པའི་ཐད་བཀོལ་རྒྱུ།ས་གནས་སོ་སོའི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ།ལས་རིགས་ཞིང་པར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།འབྲེལ་ཡོད་སྲིད་ཇུས་དེ་ཆ་རྐྱེན་དང་མཐུན་པའི་ལས་རིགས་ཞིང་པར་ཕྱོགས་ཞེན་བྱེད་པ།ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ལས་རིགས་ཞིང་པའི་རྒན་གསོ་ཉེན་འགོག་བྱེད་ཐབས་འཚོལ་ཞིབ་བྱེད་པ།

  7.ཞིང་ལས་ཀྱི་ཐོན་སྐྱེད་གྲུབ་ཚུལ་དང་མངའ་ཁོངས་ཁྱབ་ཚུལ་ལེགས་སྒྱུར་བྱེད་པ།ཟས་རིགས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་དང་།རྒྱལ་ཁོངས་ཐོན་ཁུངས་ཡོངས་ལ་ཁ་གཏད་དེ།ཕྱོགས་ཡོངས་དང་ཐབས་ལམ་མང་པོས་ཟས་རིགས་ཀྱི་ཐོན་ཁུངས་གསར་སྤེལ་བྱས་ནས།ཉིན་བཞིན་སྣེ་མང་ཅན་དུ་འགྱུར་བའི་ཟས་རིགས་འཛད་སྤྱོད་ཀྱི་དགོས་མཁོ་བསྐང་བ།འབྲུ་རིགས་ཀྱིས་རང་ཁ་རང་གསོ་ཐུབ་པ་དང་།བཟའ་འབྲུ་གཞི་ནས་བདེ་འཇགས་ཡིན་པར་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོགཚོང་རའི་དགོས་མཁོ་དང་མཐུན་ཞིང་ཐོན་ཁུངས་ཀྱི་རང་སྤུས་དང་འཚམ་པའི་དེང་རབས་ཞིང་ལས་ཀྱི་ཐོན་སྐྱེད་གྲུབ་ཚུལ་དང་མངའ་ཁོངས་ཁྱབ་ཚུལ་ཕལ་ཆེར་ཆགས་པར་བྱས་ནས།ཞིང་ལས་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་གཏོང་བ།འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་འཆར་འགོད་ལག་བསྟར་བྱེད་མགོ་བརྩམས་ཏེ།ཆུ་འབྲས་དང་གྲོའི་ཐོན་སྐྱེད་བརྟན་བརླིང་ཡོང་བ་དང་།ས་ཞིང་མི་ལེགས་པའི་ཁུལ་དུ་མ་མིས་ལོ་ཏོག་འདེབས་ཚད་འོས་འཚམ་གྱིས་ཇེ་ཉུང་དུ་གཏོང་བ།འབྲུ་རིགས་ཐོན་ཁུལ་གཙོ་བོར་འབྲུ་རིགས་ཐོན་སྐྱེད་ལྟེ་གནས་ཁུལ་འཛུགས་པར་རྒྱབ་སྐྱོར་བྱེད་པ།འབྲུ་རིགས་གཟན་ཆས་ལ་བསྒྱུར་བའི་ཚོད་ལྟ་རྒྱ་བསྐྱེད་དེ།དེང་རབས་གཟན་རྩྭ་དང་གཟན་ཆས་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་འཛུགས་པ།འབྲུ་རིགས་སྡོམ་རྩིས་བྱེད་པའི་འགག་སྒོ་ལུགས་མཐུན་སྒོས་ལེགས་སྒྲིག་བྱེད་པ།འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་སྲན་མ།སྲིང་བལ།སྣུམ་རྒྱུ།ཀ་རའི་རྒྱུ་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་སྲུང་སྐྱོབ་ཁུལ་དབྱེ་བགོ་བྱེད་པའི་མཛུབ་སྟོན་བསམ་འཆར་བཟོ་རྒྱུ།ཞོག་ཁོག་གི་གཙོ་ཟས་གསར་སྤེལ་བྱེད་པར་སྐུལ་སྤེལ་ཧུར་ཐག་བྱེད་པ།དེང་རབས་ཕྱུགས་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།ཁོར་ཡུག་གི་ཤོང་ཚད་ལྟར་མངའ་ཁོངས་གསོ་སྤེལ་ཁྱབ་ཚུལ་ལེགས་སྒྲིག་དང་།ཕྱུགས་བྱའི་གསོ་སྤེལ་གྲུབ་ཚུལ་ལེགས་སྒྱུར།རྩྭ་གཟན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ།གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་གཅིག་འདུས་ཅན་གྱི་བདག་གཉེར་གཙོ་ཡིན་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་སུ་འཇུག་པ།འདེབས་གསོ་ཟུང་འབྲེལ་གྱི་འཁོར་རྒྱུག་ཞིང་ལས་ཚོད་ལྟའི་བཟོ་འགོད་ལག་བསྟར་བྱེད་མགོ་བརྩམས་ཏེ།འདེབས་གསོ་ཟུང་འབྲེལ་དང་ཞིང་ཕྱུགས་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཉ་ལས་སྲིད་ཇུས་དང་ཉ་ལས་གྲུ་ཁ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།ཐན་ཁུལ་ཞིང་ལས་དང་ཚ་ཁུལ་ཞིང་ལས།སྤུས་ལེགས་ཁྱད་ལྡན་གྱི་འབྲུ་རིགས་དཀྱུས་མ།ཁྱད་ལྡན་དཔལ་འབྱོར་ནགས་ཚལ།ཤིང་རིགས་སྣུམ་རྫས།སྨྱུག་མའི་མི་ཏོག་དང་ནགས་ཚལ་ཁོངས་གཏོགས་ཀྱི་དཔལ་འབྱོར་བཅས་ཤུགས་ཆེན་པོས་གོང་དུ་སྤེལ་རྒྱུ།

  8.རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་དང་ཐོན་ཁུངས་རིགས་གཉིས་གཅིག་གྱུར་འཆར་འགོད་སྒོས་ལེགས་པར་སྤྱོད་པ།ཞིང་ལས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་འཐབ་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་།གཅིག་གྱུར་འཆར་འགོད་ཀྱིས་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱས་ཏེ།ཞིང་ལས་ཀྱི་ཕྱི་ཕྱོགས་ཉོ་ཚོང་དང་རྒྱལ་ནང་གི་ཞིང་ལས་འཕེལ་རྒྱས་ཕན་ཚུན་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་མ་ལག་མགྱོགས་མྱུར་གྱིས་ཆགས་པ་དང་།རྒྱལ་ནང་གི་ཚོང་རའི་དགོས་མཁོ་གསབ་པ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ།རྒྱལ་ནང་གི་ཐོན་ལས་དང་ཞིང་པའི་ཡོང་འབབ་སྲུང་སྐྱོབ་བྱེད་པ་བཅས་ཕན་ལྡན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པ།ཞིང་ལས་ཐོན་རྫས་ཕྱིར་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།ཞིང་ལས་ཐོན་རྫས་ཕྱིར་གཏོང་བའི་སྲོལ་རྒྱུན་ལེགས་ཆ་སྲ་བརྟན་དུ་གཏོང་བ།འགྲན་རྩོད་ཀྱི་ལེགས་ཆ་གསར་བ་སྐྱེད་སྲིང་དང་ཁྱད་ཆོས་ལྡན་པ་དང་ཟུར་སྣོན་རིན་ཐང་མཐོ་བའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཚད་རྒྱ་སྐྱེད་པ་བཅས་བྱེད་པ།བཟའ་འབྲུ་གཞི་ནས་བདེ་འཇགས་ཡོང་བར་ཁག་ཐེག་དང་།རྒྱལ་སྤྱིའི་ཐོན་ཁུངས་དང་ཚོང་ར་བེད་སྤྱོད་པ།རྒྱལ་ནང་གི་ཞིང་ལས་གྲུབ་ཚུལ་ལེགས་སྒྱུར་དང་ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ།ཞིང་ལས་ཐོན་རྫས་གཙོ་བོ་ནང་འདྲེན་བྱེད་པའི་སའི་གོ་ལ་ཡོངས་ཀྱི་སྒྲིག་བཀོད་ལེགས་སྒྱུར་བྱེད་པ་དང་།ནང་འདྲེན་བྱེད་ཁོངས་སྣེ་མང་ཅན་དུ་འགྱུར་བར་སྐུལ་སྤེལ་བཏང་སྟེ།གཉིས་ཕན་མཉམ་རྒྱལ་ཡོང་བའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བརྟན་པོ་མགྱོགས་མྱུར་གྱིས་ཆགས་སུ་འཇུག་པ།ཉོ་ཚོང་རྒུད་སྐྱོབ་དང་ཐོན་ལས་གནོད་འཚེར་ཁ་གསབ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།མཐའ་མཚམས་ཀྱི་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་།ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ།ཞིང་ལས་ཐོན་རྫས་ལྐོག་ཚོང་རྒྱག་པར་རྡུང་རྡེག་བཅས་བྱེད་པ།ཞིང་ལས་ཀྱི་ཕྱི་ཕྱོགས་མཉམ་ལས་བྱེད་པའི་འཆར་འགོད་གཅིག་གྱུར་གྱིས་བཟོ་བ་དང་ལག་བསྟར་བྱེད་པ།“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ།དེ་མིན་མཐའ་འཁོར་གྱི་རྒྱལ་ཁབ་དང་ས་ཁུལ་གྱི་ཞིང་ལས་དངུལ་གཏོང་དང་ཉོ་ཚོང་།ཚན་རྩལ།སྲོག་ཆགས་རིམས་བཤེར་བཅས་དང་མཉམ་ལས་བྱེད་པར་ཤུགས་སྣོན་པ།རང་རྒྱལ་ཁེ་ལས་ཀྱིས་རྣམ་པ་སྣ་ཚོགས་པའི་རྒྱལ་ཁོངས་བརྒལ་བའི་བདག་གཉེར་བྱེད་པར་རྒྱབ་སྐྱོར་དང་།ཞིང་ལས་ཐོན་རྫས་ལས་སྣོན་དང་གསོག་འདྲེན།ཉོ་ཚོང་སོགས་གནད་འགག་ནས་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་།རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་འབྲུ་རིགས་ཚོང་གཉེར་དང་ཞིང་ལས་ཁེ་ལས་ཚོགས་པ་སྐྱེད་སྲིང་བྱེད་པ།

  གཉིས།ཐོན་ཁུངས་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་བྱེད་པར་ཤུགས་སྣོན་པ་དང་།ཞིང་ལས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ།

ཞིང་ལས་བསྟུད་མར་འཕེལ་འཐུས་པར་སྐུལ་འདེད་གཏོང་ན།ངེས་པར་ལྗང་མདོག་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་ནི་སྐྱེ་ཁམས་སྲུང་སྐྱོབ་ཡིན་པའི་འདུ་ཤེས་བཙུགས་ནས།ཐོན་ཁུངས་བེད་སྤྱོད་པའི་ཕན་ནུས་མཐོ་བ་དང་སྐྱེ་ཁམས་མ་ལག་བརྟན་བརླིང་ཡིན་པ།ཐོན་ཡུལ་གྱི་ཁོར་ཡུག་བཟང་བ་དང་ཐོན་རྫས་ཀྱི་སྤུས་ཀ་བདེ་འཇགས་ཡིན་པ་བཅས་ཀྱི་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ།

9.ཞིང་ལས་ཐོན་ཁུངས་སྲུང་སྐྱོབ་དང་ཕན་ནུས་མཐོ་བའི་སྒོ་ནས་བེད་སྤྱོད་པར་ཤུགས་སྣོན་པ།ཞིང་ལས་ཐོན་ཁུངས་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་དང་ཕན་ནུས་མཐོ་བའི་སྒོ་ནས་བེད་སྤྱོད་པའི་སྲིད་ཇུས་དང་ལག་རྩལ་གྱི་འདེགས་སྐྱོར་མ་ལག་ཕལ་ཆེར་བཙུགས་ཏེ།གསར་སྤེལ་བྱེད་ཤུགས་ཆེ་དྲགས་པ་དང་བེད་སྤྱོད་བྱེད་སྟངས་རགས་ལས་ཀྱི་གནས་བབ་རྩ་བ་ནས་བསྒྱུར་བ།ཆེས་གཟབ་ནན་གྱི་མི་ཞིང་སྲུང་སྐྱོབ་ལམ་ལུགས་རྒྱུན་འཁྱོངས་དང་།མི་ཞིང་གི་དམར་ཐིག་སྲུང་འཛིན་བྱེད་པ།ཡུན་རིང་དུ་བརྟན་པའི་གཞི་རྩའི་ཞིང་ས་ཁྱོན་ཡོངས་ནས་དབྱེ་བགོ་བྱེད་པ་དང་།ཞིང་སྡེའི་ས་ཞིང་བཅོས་སྐྱོང་བྱེད་པ་ཤུགས་ཆེན་པོས་ལག་བསྟར་བཅས་བྱས་ནས།མི་ཞིང་གི་གྲངས་ཀ་དང་སྤུས་ཀ སྐྱེ་ཁམས་ཀྱི“གནས་གསུམ་ཕུང་གཅིག”བཅས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ།མི་ཞིང་བདག་འཛིན་བྱས་པར་ཁ་གསབ་དོ་སྙོམས་ཡོང་བའི་ལམ་ལུགས་དངོས་འབེབས་དང་འཐུས་ཚང་དུ་བཏང་སྟེ།བདག་འཛིན་བྱས་པ་མང་ལ་ཁ་གསབ་ཉུང་བ་དང་།བདག་འཛིན་ཞིང་ས་ལེགས་པོར་ཁ་གསབ་བྱས་པ་མི་བཟང་བ།ཆུ་མའི་ཞིང་ས་བདག་འཛིན་བྱས་པར་རི་མའི་ཞིང་ས་ལྟར་ཁ་གསབ་བྱེད་པ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་།ནགས་སར་གཏོར་བརླག་བཟོ་བ་དང་ས་རྒོད་སློག་པ་གཏན་འགོག་བྱེད་པ།འཛུགས་སྐྲུན་ཐད་བཟུང་སྤྱོད་བྱས་པའི་མི་ཞིང་དང་མི་ལས་ཡང་བསྐྱར་ཞིང་ལས་ལ་བཀོལ་བར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ།འཛུགས་སྐྲུན་ཐད་བཀོལ་བའི་ས་ཞིང་གི་སྤྱི་འབོར་དང་ཤུགས་ཚད་ཐད་ནས་ཕན་ཚུན་ཚོད་འཛིན་བྱེད་པའི་འགུལ་སྐྱོད་ལག་ལེན་བྱས་ཏེ།ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་ཐད་ས་ཞིང་བཀོལ་བའི་གཞི་ཁྱོན་ཚོད་འཛིན་ནན་མོ་བྱེད་པ།མི་ཞིང་སྲུང་སྐྱོབ་དང་ཁ་གསབ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།མི་ཞིང་གི་སྤུས་ཚད་སྲུང་སྐྱོབ་དང་མཐོར་འདེགས་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་།མི་ཞིང་གི་སྤུས་ཚད་ལ་བརྟག་ཞིབ་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་པ།ཤར་བྱང་གི་ས་ནག་སྲུང་སྐྱོབ་བེད་སྤྱོད་བྱེད་པའི་ཚོད་ལྟའི་གཞི་ཁྱོན་རྒྱ་བསྐྱེད་རྒྱུ།པོ་ཧའེ་འབྲུ་མཛོད་ཚན་རྩལ་དཔེ་སྟོན་བཟོ་འགོད་ལག་བསྟར་བྱས་ཏེ།ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།ཚྭ་ཞིང་བསྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།ཞིང་ལས་བསྟུད་མར་འཕེལ་འཐུས་པའི་ཚོད་ལྟའི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པ།ཞིང་ལས་ཀྱི་བར་སྟོང་དང་སྐྱེ་ཁམས་ཀྱི་བར་སྟོང་སྲུང་སྐྱོབ་བྱེད་པའི་དམར་ཐིག་དབྱེ་བགོ་བྱེད་པ།ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་དོ་དམ་བྱེད་པའི་ལམ་ལུགས་དངོས་འབེབས་བྱེད་པ་དང་།ཆུའི་ཐོན་ཁུངས་དོ་དམ་བྱེད་པའི“དམར་ཐིག་གསུམ”གྱི་འགྱུར་བ་མིད་པའི་བཀག་རྒྱ་ཇེ་དྲག་ཏུ་བཏང་ནས།ཆུའི་ཐོན་ཁུངས་ཟད་གྲོན་གྱི་སྤྱི་འབོར་དང་ཤུགས་ཚད་ཐད་ནས་ཕན་ཚུན་ཚོད་འཛིན་བྱེད་པའི་འགུལ་སྐྱོད་ལག་ལེན་བྱེད་པ།ས་འོག་གི་ཆུར་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་པ་དང་།ཚད་ལས་བརྒལ་ཏེ་སྔོག་འདོན་བྱེད་པར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།གཙང་པོ་དང་མཚེའུ་ཡི་མངའ་ཁོངས་དང་འགྲམ་རྒྱུད་ཀྱི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་བྱེད་པའི་ལམ་ལུགས་དངོས་འབེབས་བྱེད་པ།རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དོ་དམ་བྱེད་པར་ཤུགས་བསྣན་ཏེ།སྐྱེ་ཁམས་མ་ལག་དང་དངོས་རིགས་ཐོན་ཁུངས་གཙོ་བོར་བཙན་ཐབས་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པ།འཇིག་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་མྱུར་སྐྱོབ་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ།མྱུར་སྐྱོབ་སྐྱེད་སྲིང་ལྟེ་གནས་དང་གཞི་རྒྱུ་མཛོད་འཛུགས་སྐྲུན་བྱེད་པ།རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཕྱིར་གཏོང་ནང་འདྲེན་བྱེད་པར་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།གླང་ཆེན་གྱི་མཆེ་བ་སོགས་འཇིག་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས།དེ་མིན་དེ་དག་གི་བཟོས་རྫས་ཁྲིམས་འགལ་སྒོས་ཉོ་ཚོང་བརྗེ་སྤེལ་བྱེད་པར་རྡུང་རྡེག་ནན་མོ་བྱེད་པ།

  10.ཞིང་ལས་ཁོར་ཡུག་ཐད་ཀྱི་གནད་དོན་འབུར་ཐོན་མགྱོགས་མྱུར་གྱིས་བཅོས་སྐྱོང་བྱེད་པ།ཞིང་ལས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་ལམ་ལུགས་དང་ལག་རྩལ་ཐབས་ལམ་ཕལ་ཆེར་ཆགས་པར་བྱས་ཏེ།ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་བྱེད་ཚུལ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ་དང་།བཅོས་སྐྱོང་ཐད་ནས་ཕན་འབྲས་མངོན་གསལ་ཐོབ་པར་ཁག་ཐེག་བྱེད་པ།ཞིང་ལས་ཁོར་ཡུག་ཐད་ཀྱི་གནད་དོན་འབུར་ཐོན་བཅོས་སྐྱོང་བྱེད་པའི་སྤྱིའི་འཆར་འགོད་ལག་བསྟར་བྱེད་པར་མ་ཟད་འཐུས་ཚང་དུ་གཏོང་བ།ཞིང་ལས་ངོས་ཁུངས་ཀྱི་སྦག་བཙོག་འགོག་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།ལུད་རྫས་དང་ཞིང་སྨན་བཀོལ་སྤྱོད་མི་བྱེད་པ་ལག་བསྟར་དང་།འདེབས་འཛུགས་ལས་རིགས་ཀྱི་བེད་མིད་དངོས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་པ་དང་།གནོད་མིད་ཅན་དུ་གཙང་བཟོ་བྱེད་པའི་མངའ་ཁོངས་དཔེ་སྟོན་བཟོ་འགོད་ལག་བསྟར་བྱེད་པ།ཕན་ནུས་མཐོ་བའི་སྐྱེ་ཁམས་འཁོར་རྒྱུག་བྱེད་པའི་ཞིང་ལས་རྣམ་པ་ཧུར་ཐག་གིས་ཁྱབ་སྤེལ་བྱེད་པ།མི་ཞིང་འདེབས་རེས་བྱེད་པའི་ལམ་ལུགས་ཚོད་ལྟ་བྱེད་གནས་འཚོལ་ཞིབ་དང་ལག་ལེན་བྱས་ཏེ།འདེབས་རེས་དང་ས་ཞིང་ལོགས་མར་འཇོག་པ།མི་བསྐྱུར།ཚབ་འདེབས་སོགས་རྣམ་པ་མང་པོ་བརྒྱུད་དེ།ས་འོག་གི་ཆུ་བོ་བཙག་སྦུག་ཁུལ་དང་ལྕགས་རིགས་ལྗིད་མོའི་སྦག་བཙོག་ཁུལ།སྐྱེ་ཁམས་ཞན་འགྱུར་ཚབས་ཆེ་བའི་ས་ཁུལ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་འཆར་འགོད་ལག་བསྟར་བྱེད་པ།ཐང་རྒོད་ཅན་དང་བྱེ་རྡོ་ཅན་དུ་འགྱུར་བ་དང་།ས་ཆུ་ཤོར་བ་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་བ།

  11.ཞིང་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་ཤུགས་སྣོན་པ།རི་ཆུ་ནགས་ཞིང་དང་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ།སྤྱི་ཡོངས་སྲུང་སྐྱོབ་དང་སླར་གསོ་རབས་དང་རིམ་པ།ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་པ།2020ལོར་ཐོན་དུས་ནགས་ཚལ་གྱིས་ཁེབས་ཚད23%ཡན་ལ་ཇེ་མཐོར་གཏོང་བ་དང་།བརླན་སའི་རྒྱ་ཁྱོན་མུའུ་དུང་ཕྱུར8ལས་མི་དམའ་བར་བྱེད་པ།རེས་གསར་པའི་མི་བསྐྱུར་ནགས་སྐྱོང་དང་རྩྭ་སྐྱོང་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་རྒྱུ།ཕྱུགས་བསྐྱུར་རྩྭ་སྐྱོང་བཟོ་འགོད་ལག་བསྟར་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ།རེས་གསར་པའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ།བྱ་དགའི་ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་གཏོང་བ།བརླན་ས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ།མི་བསྐྱུར་བརླན་སྐྱོང་བྱེད་པ།ས་ཞིང་བྱེ་འགྱུར་བྱས་པ་བཀག་སྡོམ་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཛུགས་པ།ལོ་རྒྱུས་ཀྱི་ཤུལ་བསྐྱུར་བེད་མིད་བཟོ་གཏེར་དང་རང་བྱུང་གནོད་འཚེ་ལས་གཏོར་བརླག་ཐེབས་པའི་ས་ཞིང་སླར་སློག་བེད་སྤྱོད་བྱེད་པར་ཤུགས་སྣོན་པ།གཞི་ཁྱོན་ཆེན་པོས་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ་བ་དང་།ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད་ཇེ་མང་དུ་གཏོང་བ།བྱང་གསུམ་དང་འབྲི་ཆུ།ཀྲུའུ་ཅང་།མཚོ་རྒྱུད་ཀྱི་ནགས་ཚལ་འགོག་སྲུང་མ་ལག་སོགས་ནགས་ལས་གཙོ་གནད་བཟོ་འགོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་མུ་མཐུད་དུ་བཅོས་སྐྱོང་བྱེད་པ།རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱིས་གཅོད་པ་ཁྱོན་ཡོངས་ནས་མཚམས་འཇོག་པ། 

རྒྱ་མཚོའི་ཉ་ལས་ཐོན་ཁུངས་ཀྱི་སྤྱི་འབོར་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཉ་ལས་ངལ་གསོ་དང་ཉ་ལས་བཀག་འགོག་ལམ་ལུགས་ལག་ལེན་ནན་མོ་བྱེད་པ།ཉེ་འགྲམ་གྱི་མཚོ་ནང་དུ་འཛིན་བཟུང་བྱེད་པ་ཚོད་འཛིན་བྱེད་པའི་དོ་དམ་ཚོད་ལྟ་བྱས་ཏེ།འཆར་འགོད་ལྟར་གསོ་བསྐྱུར་ཐང་སྐྱོང་བྱེད་པ།ཆུའི་སྐྱེ་ཁམས་སླར་གསོ་བྱེད་པའི་བཟོ་འགོད་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པ།སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཁ་གསབ་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།ས་ཁོངས་བརྒལ་བ་དང་བཞུར་རྒྱུན་བརྒལ་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཁ་གསབ་བྱེད་པ་ཚོད་ལྟ་བྱེད་པ།མི་ཞིང་དང་རྩྭ་ཐང་།གཙང་པོ་དང་མཚེའུ་བཅས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གཏོང་བའི་འཆར་འགོད་བཟོས་ནས་ལག་བསྟར་བྱེད་པ།

  12.ཟས་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱེད་པ།ཟས་རིགས་བདེ་འཇགས་ཐད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་མགྱོགས་མྱུར་གྱིས་འཐུས་ཚང་དུ་བཏང་སྟེ།2020ལོར་ཐོན་དུས་ཞིང་ཕྱུགས་སྨན་འདྲེས་པའི་དམིགས་ཚད་དེ་ཕལ་ཆེར་རྒྱལ་སྤྱིའི་ཟས་རིགས་ཁྲིམས་གཞུང་གི་ཚད་གཞི་དང་མཐུན་པར་བྱེད་པ།ཐོན་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་མགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས།ཞིང་ལས་ཐད་བཏང་བའི་དངོས་པོ་བཀོལ་སྤྱོད་དང་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ།ཕན་ནུས་མཐོ་བ་དང་དུག་ཉུང་བའི་ཞིང་སྨན་ཁྱབ་གདལ་དུ་གཏོང་བ་དང་།ཕྱུགས་སྤྱོད་སྲིན་འགོག་སྨན་རྫས་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་པ།སྤུས་ལེགས་ཞིང་ལས་ཐོན་རྫས་དང་ཟས་རིགས་ཀྱི་ཆས་རྟགས་གསར་འཛུགས་བྱེད་པ།ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་དང་ལྡུམ་རའི་སྐྱེ་དངོས་ཚད་ལྡན་གླིང་།ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་སྤེལ་ར་བ(ཁུལ་ཆུང)།ཆུ་ཐོན་བདེ་ཐང་གསོ་སྤེལ་ར་བ་བཅས་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་སྤེལ་བྱེད་པ།སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ།ཞིང་ཁ་ནས་ཟས་ཅོག་སྟེང་བར་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་བ་དང་།གོ་རིམ་ཡོངས་ལ་ཁུངས་འདེད་ཐུབ་པ་དང་ཕན་ཚུན་མཉམ་འབྲེལ་མཉམ་རོལ་བྱེད་པའི་ཆ་འཕྲིན་སྟེགས་བུ་འཛུགས་པ།ཚད་གཞིའི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་།ཉེན་ཁ་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་བྱེད་པ།དེ་མིན་ཞིབ་བཤེར་དང་ལྟ་ཞིབ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ།ཐོན་སྐྱེད་བདག་གཉེར་གྱི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པ་དང་།ཟས་རིགས་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་ནག་ཉེས་ལ་ཆད་གཅོད་ནན་མོ་བྱེད་པ།ཟས་རིགས་བདེ་འཇགས་གསར་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ།གཞི་རིམ་གྱི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་།ལས་རིགས་ཅན་གྱི་ཞིབ་བཤེར་མཁན་སྐྱེད་སྲིང་བྱས་ཏེ།འཐེན་བཤེར་བྱེད་པའི་ཁེབས་རྒྱ་ཇེ་ཆེར་གཏོང་བ་དང་།ཉིན་རྒྱུན་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ།ནད་ཀྱིས་ཤི་བའི་ཕྱུགས་བྱ་གནོད་མིད་ཅན་དུ་གཙང་བཟོ་དང་གསོ་སྤེལ་ལས་རིགས་ཀྱི་ཉེན་བཅོལ་མཉམ་སྒུལ་ནང་རྐྱེན་མགྱོགས་མྱུར་གྱིས་འཛུགས་པ།ཕྱུགས་བྱ་བཤའ་གསོད་དོ་དམ་ཚད་ལྡན་དུ་གཏོང་བ་དང་།མི་ཕྱུགས་ལ་མཉམ་དུ་འགོ་བའི་འགོ་ནད་འགོག་བཅོས་བྱེད་པར་ཤུགས་སྣོན་པ།སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཚོད་འགོག་བྱེད་པ་དང་།མཐའ་མཚམས་དང་གྲུ་ཁ།དེ་མིན་དངོས་རྒྱུག་བགྲོད་ལམ་བཅས་ལ་ཞིབ་བཤེར་དང་རིམས་བཤེར་བྱེད་པའི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ།ཕྱི་ཕྱོགས་ནས་ཡོང་བའི་གནོད་ལྡན་དངོས་རིགས་ཀྱིས་གནོད་འཚེ་ཐེབས་པ་ནན་འགོག་བྱེད་པ།ཟས་རིགས་བདེ་འཇགས་གྲོང་ཁྱེར་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་བདེ་འཇགས་ཡིན་པའི་རྫོང་གསར་འཛུགས་བྱེད་པ་དང་།ཞིང་སྡེའི་ཟས་རིགས་བདེ་འཇགས་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་སྤེལ་རྒྱུ།ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་ཇེ་དྲག་ཏུ་བཏང་སྟེ།ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་འགན་སྲུང་བྱེད་པ་དེ་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་སྲིད་སྐྱོང་བྱས་རྗེས་ཀྱི་ཚད་འཇལ་བའི་དཔྱད་ཞིབ་དམིགས་ཚད་གལ་ཆེན་དུ་བརྩི་བ།

  གསུམ།ཞིང་སྡེའི་ཐོན་ལས་མཉམ་འདྲེས་བྱེད་པར་སྐུལ་སྤེལ་བྱས་ཏེ།ཞིང་པའི་ཡོང་སྒོ་མུ་མཐུད་དུ་ཅུང་མགྱོགས་པོའི་ངང་འཕར་བར་སྐུལ་འདེད་གཏོང་བ།

  ཞིང་པ་འབྱོར་འབྲིང་དུ་བསྐྱོད་པར་ཤུགས་ཆེན་པོས་སྐུལ་སྤེལ་གཏོང་ན།ངེས་པར་ཞིང་སྡེའི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།ཞིང་ལས་ཀྱི་བྱེད་ནུས་མང་པོ་སྔོག་འདོན་ཟབ་མོ་དང་།ཞིང་སྡེའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་དང་ཇེ་རྒྱས་སུ་གཏོང་བ།ཐོན་ལས་མཉམ་འདྲེས་ངང་འཕེལ་བར་སྐུལ་འདེད་བྱེད་པ་དེ་ཞིང་པའི་ཡོང་སྒོ་འཕར་བའི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བར་བྱས་ནས།ཞིང་སྡེ་དེ་འཕེལ་རྒྱས་ཀྱི་མདུན་ལྗོངས་ལྡན་པ་ཞིག་ཏུ་གཏོང་བ།

  13.ཞིང་ལས་ཐོན་རྫས་ལས་སྣོན་རིགས་བསྒྱུར་རིམ་འཕར་བྱེད་པར་སྐུལ་འདེད་གཏོང་བ།ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་ལག་རྩལ་གསར་སྐྲུན་བྱེད་པར་ཤུགས་སྣོན་པ་དང་།ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང་ལས་སྣོན་ཞིབ་མོ་བྱེད་པ།དེ་མིན་ཕྱོགས་བསྡུས་བེད་སྤྱོད་དང་ལས་སྣོན་བཅས་བྱས་ཏེ་མཐུན་སྦྱོར་ངང་འཕེལ་བར་སྐུལ་འདེད་བཏང་སྟེ།ཞིང་ལས་ཐོན་རྫས་ལས་སྣོན་རིགས་བསྒྱུར་ཚད་དང་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བ་དང་།ཞིང་པའི་ཡོང་འཕར་ལ་སྐུལ་ཁྲིད་ཀྱི་ནུས་པ་འདོན་ཤུགས་ཇེ་དྲག་ཏུ་གཏོང་བ།འཆར་འགོད་དང་སྲིད་ཇུས་ཀྱིས་སྐུལ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་།ཐོན་ཁུལ་གཙོ་བོའི་ཞིང་ལས་ཐོན་རྫས་ལས་སྣོན་ལས་བྱེད་པའི་ལས་རིགས་མགྱོགས་མྱུར་གྱིས་འཕེལ་བར་སྐུལ་འདེད་བཏང་སྟེ།འབྲུ་རིགས་ཐོན་ཁུལ་གཙོ་བོའི་འབྲུ་རིགས་ལས་སྣོན་ཟབ་མོ་བྱེད་པར་རྒྱབ་སྐྱོར་བྱས་ནས།ལེགས་ཆ་ལྡན་པའི་ཐོན་ལས་ཚོགས་པ་སྐོར་ཞིག་ཆགས་སུ་འཇུག་པ།རང་བདག་ཤེས་བྱའི་ཐོན་དབང་གི་ལག་རྩལ་སྒྲིག་སྦྱོར་གསར་སྤེལ་བདག་འཛིན་བྱས་ཏེ།ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་སྒྲིག་ཆས་བསྒྱུར་བཀོད་དང་མཐོར་འདེགས་བྱེད་པར་རྒྱབ་སྐྱོར་དང་།ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་ལག་རྩལ་གཅིག་འདུས་བྱེད་པའི་རྟེན་གཞི་འཛུགས་སྐྲུན་བྱེད་པ།ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་པའི་སྣེ་ཁྲིད་ཁེ་ལས་དང་རྒྱལ་ཁབ་ཕྱི་ནང་དུ་མིང་གྲགས་ཆེ་བའི་ཆས་རྟགས་སྐོར་ཞིག་སྐྱེད་སྲིང་བྱེད་པ།ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁུངས་ཟད་གྲོན།སྤུས་ཀ བདེ་འཇགས་སོགས་ཚད་གཞིའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་།ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་ཁེ་ལས་དྲག་རྒྱལ་ཞན་འཇིག་བྱེད་པར་སྐུལ་འདེད་གཏོང་ང།ཞིང་ལས་ཐོན་རྫས་ཐོན་ཡུལ་ནས་ཐོག་མའི་ལས་སྣོན་བྱེད་པར་ཁ་གསབ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ།ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་ལས་རིགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བསམ་འཆར་ཞིབ་འཇུག་བྱས་ནས་བཟོ་བ།

  14.ཞིང་ལས་ཐོན་རྫས་འཁོར་རྒྱུག་བྱེད་པའི་སྒྲིག་བཀོད་དང་ཚོང་ར་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།གཅིག་གྱུར་སྒོ་འབྱེད་དང་ཁྱབ་ཚུལ་ལུགས་མཐུན།འགྲན་རྩོད་གོ་རིམ་ལྡན་པ་བཅས་ཀྱི་དེང་རབས་ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་མ་ལག་འཐུས་ཚང་དུ་བཏང་སྟེ།འཁོར་རྒྱུག་འཁྲུག་པོ་བཟོ་བའི་ཁྲོད་ཞིང་པའི་ཡོང་འཕར་ལ་སྐུལ་འདེད་གཏོང་བ།ཞིང་ལས་ཐོན་རྫས་སྡེབ་ཚོང་བྱེད་པའི་ཚོང་ར་མགྱོགས་མྱུར་གྱིས་རིམ་འཕར་བསྒྱུར་བཀོད་བྱས་ཏེ།འཁོར་རྒྱུག་རྐང་འཛིན་དྲ་བ་འཐུས་ཚང་དུ་གཏོང་བ།འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་མཛོད་ཁང་དང་དངོས་རྒྱུག་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།མངའ་ཁོངས་བརྒལ་བའི་ཞིང་ལས་ཐོན་རྫས་ཀྱི་འཁྱག་སྦྲེལ་དངོས་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ་དང་།འཁྱག་སྦྲེལ་ཚད་ལྡན་ཅན་གྱི་དཔེ་སྟོན་སྤེལ་ཏེ།ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་ཁུལ་ནས་སྔོན་ལ་འཁྱག་བཟོ་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ།སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་རྫས་ཚོང་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།ཞིང་ལས་ཐོན་རྫས་ཚོང་གཉེར་བྱེད་པའི་སྤྱི་པའི་ཞབས་ཞུའི་སྟེགས་བུ་འཛུགས་པར་རྒྱབ་སྐྱོར་བྱེད་པ།ཞིང་ལས་ཐོན་རྫས་དངོས་རྒྱུག་གི་འགྲུབ་ཡོན་ཇེ་དམའ་རུ་གཏོང་བའི་འགུལ་སྐྱོད་སྤེལ་རྒྱུ།ཞིང་སྡེའི་གློག་རྡུལ་ཚོང་དོན་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཏེ།གོང་འོག་མཉམ་འདྲེས་དང་ཞིང་ལས་ཐོན་རྫས་མཁར་གྲོང་དུ་སྐྱེལ་བ་དང་ཞིང་ལས་རྒྱུ་ཆས་དང་འཛད་སྤྱོད་དངོས་རྫས་གཞི་རིམ་དུ་སྐྱེལ་བ་གཉིས་ཕན་ཚུན་འཁོར་རྒྱུག་བྱེད་པའི་རྣམ་པ་ཆགས་སུ་འཇུག་པ།སྲིད་འཛིན་སྡེ་བར་སྐུད་མིད་དྲ་བ་ཡོངས་སུ་ཁེབས་པ་མགྱོགས་མྱུར་གྱིས་མངོན་འགྱུར་བྱེད་པ་དང་།གློག་འཕྲིན་ཁྱབ་གདལ་གཏོང་བའི་ཞབས་ཞུར་ཁ་གསབ་བྱེད་པའི་ནང་རྐྱེན་གསར་འཛུགས་དང་།ཞིང་སྡེའི་མཐུད་སྦྲེལ་དྲ་བའི་གྲོན་དངུལ་མགྱོགས་མྱུར་གྱིས་ཇེ་ཉུང་དུ་གཏོང་བར་སྐུལ་སྤེལ་བཅས་བྱེད་པ།ཉོ་ཚོང་འཁོར་རྒྱུག་དང་མཁོ་འཚོང་།སྦྲག་སྲིད་སོགས་མ་ལག་གི་དངོས་རྒྱུག་ཞབས་ཞུའི་དྲ་བ་དང་སྒྲིག་བཀོད་འཛུགས་སྐྲུན་དང་མཐུད་འབྲེལ་ཡོང་བར་ཤུགས་སྣོན་པ་དང་།རྫོང་དང་ཞང་།སྡེ་བ་བཅས་ཀྱི་འཁོར་རྒྱུག་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་བ།“མྱུར་སྐྱེལ་གཞི་རིམ་དུ་ཐོན་པའི”བཟོ་འགོད་ལག་བསྟར་བྱེད་པ།གློག་རྡུལ་ཚོང་དོན་སྟེགས་བུ་ཁེ་ལས་ཆེ་རིགས་ཀྱིས་ཞིང་སྡེའི་གློག་རྡུལ་ཉོ་ཚོང་ཞབས་ཞུ་སྤེལ་བར་སྐུལ་མ་གཏོང་བ་དང་།ས་གནས་དང་ལས་རིགས་ཀྱིས་ཞིང་སྡེའི་གློག་རྡུལ་ཚོང་དོན་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ།ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་དང་མཐུན་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀར་རིམ་པ་བགོ་བ་དང་ཉོས་རྗེས་ཐག་གཅོད།ཐུམ་ཤོག་སྡེབ་སྐྱེལ་སོགས་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་དེ་ཕྱོགས་བསྡུས་དཔེ་སྟོན་བྱེད་པ་དར་སྤེལ་གཏིང་ཟབ་བྱེད་དགོས།ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་ལ་ཐོན་པའི་ཚོད་ལྟ་བྱེད་ཤུགས་ཇེ་ཆེར་གཏོང་བ།

  15.སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་གནས་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ།ཞིང་སྡེའི་རི་བོ་སྔོ་ཞིང་ཆུ་བོ་དྭངས་པ།མཛེས་ལྗོངས་ལྟ་ན་སྡུག་པ་དང་ཡུལ་སྲོལ་རིག་གནས་དང་ལྡན་པ་སོགས་ཐོན་ཁུངས་ལ་བརྟེན་ནས།སྤྲོ་གསེང་ལ་གཡེང་བ་དང་གནས་སྐོར་ལྗོངས་གཟིགས་བྱེད་པ།ལུས་གསོ་རྒན་གསོ།གསར་སྐྲུན་ཞིང་ལས།ཞིང་མི་ཉམས་ལེན།ཞིང་སྡེའི་ལག་བཟོའི་སྒྱུ་རྩལ་སོགས་ཤུགས་ཆེན་པོས་གོང་དུ་སྤེལ་ཏེ།ཞིང་སྡེ་དར་སྤེལ་དང་ཞིང་པ་ཕྱུག་པོ་ཡོང་བའི་གསར་དར་རྟེན་ཀའི་ཐོན་ལས་སུ་འགྱུར་དུ་འཇུག་པ།འཆར་འགོད་སྐུལ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་།བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་།སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ་བྱེད་པ།ནོར་སྲིད་ཀྱི་སྐྱེད་ཀ ཐོན་ལས་དངུལ་གཏོང་ཐེབས་རྩ་འཛུགས་པ་བཅས་ཀྱི་རྣམ་པ་སྤྱད་དེ་སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་གནས་སྐོར་ལས་རིགས་གོང་དུ་སྤེལ་བར་རོགས་སྐྱོར་བྱ་རྒྱུ་དང་།སྤྲོ་གསེང་གནས་སྐོར་གྱི་སྡེ་བ་གཙོ་བོར་གཞུང་ལམ་ཐོན་པ་དང་ཤོངས་ཆེའི་དྲ་བ་ཐོན་པ།རླངས་འཁོར་འཇོག་ས་དང་སྤྱོད་ཁང་ཡོད་པ།གད་སྙིགས་དང་བཙོག་ཆུ་གཙང་བཟོ་སོགས་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་ཤུགས་ཆེན་པོས་ལེགས་སྒྱུར་བྱེད་པ།ཞིང་པས་སྤྲོ་གསེང་གནས་སྐོར་ལས་རིགས་དང་མཉམ་ལས་ཁང་གོང་དུ་སྤེལ་བར་རོགས་སྐྱོར་ཧུར་ཐག་བྱེད་པ།སྤྱི་ཚོགས་ཀྱི་མ་རྩ་གསར་སྤེལ་ནང་ཞིང་པ་ཞུགས་ཚད་མཐོ་བ་དང་ཁེ་ཕན་ཐོབ་ཚད་ཆེ་བའི་སྤྲོ་གསེང་གནས་སྐོར་ལས་གཞིར་སྐུལ་ཁྲིད་དང་རྒྱབ་སྐྱོར་བྱེད་པ།ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་།

  ལོ་རྒྱུས་ཀྱི་དྲན་ཤིང་ཡོད་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ།མི་རིགས་ཡུལ་སྲོལ་ལྡན་པའི་གྲོང་རྡལ་ཆུང་བ་འཕེལ་རྒྱས་སུ་གཏོང་བ་དང་།སྡེ་བ་རེར་ཐོན་རྫས་རེ་དང་སྡེ་བ་རེར་ཡུལ་ལྗོངས་རེ།སྡེ་བ་རེར་དབྱངས་རྟ་རེའི་འགུག་ཤུགས་ལྡན་པའི་སྡེ་གྲོང་དང་གནས་སྐོར་བྱེད་ས་བཟང་བའི་ནགས་ཚལ་ལྗོངས་ཁུལ་འཛུགས་པ།ས་གནས་སོ་སོའི་བྱེ་བྲག་གི་ཆ་རྐྱེན་ལ་དམིགས་ནས།འཆར་གཞི་ཡོད་པའི་སྒོ་ནས་སྤྲོ་གསེང་ཞིང་སྡེ་དང་ཞིང་སྡེའི་གསོལ་ཁང་།ཁྱད་ལྡན་དམངས་སྲོལ་སྡོད་ཁང་།རང་སྒེར་ནས་རླངས་འཁོར་བསྐོར་བ་དང་སྒར་བཏབ་ནས་གནས་སྐོར་བྱེད་པ།ཕྱི་རོལ་ཡུལ་ནས་འགུལ་སྐྱོད་བྱེད་པ་སོགས་ཞིང་སྡེའི་སྤྲོ་གསེང་ངལ་གསོའི་ཐོན་རྫས་གསར་སྤེལ་བྱེད་པ།སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་གནས་སྐོར་མཐོར་འདེགས་བྱེད་པའི་བཟོ་འགོད་དང་ཀྲུང་གོའི་སྲོལ་རྒྱུན་ལག་བཟོའི་བཟོ་རྩལ་དར་སྤེལ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ།ཞིང་ལས་རིག་གནས་ཤུལ་ནོར་ཁྱབ་བཤེར་དང་སྲུང་སྐྱོབ་བྱེད་པ།ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཞིང་སྡེའི་རང་དགར་བསྐྱུར་པའི་སྡོད་ཁང་དང་ཐུན་མོང་གི་འཛུགས་སྐྲུན་བྱེད་ཡུལ།“ཐང་རྒོད་བཞི”སྤྱད་ཆོག་པའི་ནགས་ར་དང་ཆུ་ངོས་སོགས་རྒྱུ་ནོར་དང་ཐོན་ཁུངས་དེ་སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ།སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་གནས་སྐོར་ལས་གཞི་འཛུགས་སྐྲུན་བྱེད་པར་བཀོལ་བའི་ས་ཞིང་དེ་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་ལོ་འཁོར་མོའི་འཆར་གཞི་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པའི་ནང་འཇོག་པ།

  16.ཞིང་ལས་ཐོན་ལས་རྒྱུད་དང་ཞིང་པའི་ཁེ་ཕན་ཟུང་དུ་སྦྲེལ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱེད་པ་གཉིས་ཟུང་དུ་འབྲེལ་བ་དང་།ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་གཏོང་དགོས་པར་མ་ཟད།ཞིང་ལས་ཐོན་ལས་རྒྱུད་ཧྲག་སྡེབ་དང་རིན་ཐང་རྒྱུད་རིམ་པ་སྤར་བར་སྐུལ་འདེད་བཏང་ནས།ཞིང་པ་རྣམས་ལ་ཐོན་ལས་མཉམ་འདྲེས་གོང་འཕེལ་གྱི་རིན་ཐང་འཕར་བའི་ཕན་འབྲས་ལོངས་སུ་སྤྱོད་དུ་འཇུག་པ་དང་།ཞིང་པའི་ཡོང་སྒོ་འཕར་སྣོན་བྱེད་པའི་དཔེ་དབྱིབས་གསར་པ་གསོ་སྦྱོང་བྱེད་པ།མཁོ་ཚོང་མཉམ་ལས་ཁང་གིས་ཞིང་པའི་མཉམ་ལས་ཁང་གསར་སྐྲུན་དང་སྣེ་ཁྲིད་དེ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། ཞིང་པ་ཁྲིད་དེ་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་ཐོན་ལས་རྒྱུད་ཀྱི་ཕན་འབྲས་མཉམ་དུ་ལོངས་སྤྱོད་པའི་ནང་ཞུགས་སུ་འཇུག་པ།མངག་ཉོ་ཐོན་ལས་གསར་སྐྲུན་དང་འཕེལ་རྒྱས་གཏོང་བ།ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་།བརྟན་བརླིང་ཡིན་པའི་མ་བཅོས་རྒྱུ་ཆའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱས་ནས།ཞིང་པ་རྣམས་ལ་དངུལ་བུན་འགན་ལེན་དང་མངག་ཉོ་ཁྱིམ་ཚང་ཞིང་ལས་ཉེན་འགོག་ནང་ཞུགས་པར་རོགས་དངུལ་སྤྲོད་པ།མ་རྐང་མཉམ་ལས་གོང་དུ་འཕེལ་བར་སྐུལ་མ་བཏང་སྟེ།ཞིང་པས་རང་འདོད་སྒོས་ས་ཞིང་བདག་གཉེར་དབང་ཆ་སོགས་ལ་བརྟེན་ནས་སྣེ་ཁྲིད་ཁེ་ལས་དང་ཞིང་པའི་མཉམ་ལས་ཁང་ནང་ཞུགས་པར་སྣེ་ཁྲིད་བྱེད་པ།“དམའ་ཤོས་འགན་སྲུང་བྱས་ནས་ཡོང་སྒོ་འཕར་བ་དང་མ་རྐང་ལྟར་ཁེ་སྤོགས་ལེན་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ།ཞིང་པ་རྣམས་ལ་ལས་སྣོན་དང་ཕྱིར་འཚོང་བྱས་རྗེས་ཀྱི་ཁེ་སྤོགས་མཉམ་དུ་ལོངས་སུ་སྤྱོད་དུ་འཇུག་པ།ཉེན་འགོག་དོགས་ཟོན་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།ཞིང་པའི་མཉམ་ལས་ཁང་གིས་དཔེ་སྟོན་ཁང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས།མཉམ་ལས་ཁང་གི་ཞིང་ལས་ཐོན་རྫས་ལས་སྣོན་འཁོར་རྒྱུག་དང་ཐད་འདོན་ཐད་འཚོང་བྱེད་པར་རྒྱབ་སྐྱོར་བྱེད་པ།སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པ་དང་སྐྱེད་གསབ།ཐེབས་རྩ་འཛུགས་པ་ལ་སོགས་པའི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་མ་རྩ་དེ་ཞིང་སྡེའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པར་འཇོག་པར་སྣེ་ཁྲིད་བྱེད་པ།ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་བཟོ་འགོད་ལག་བསྟར་བྱེད་པ།ནོར་སྲིད་ཞིང་སྐྱོར་མ་དངུལ་བེད་སྤྱོད་པ་དེ་ཞིང་པར་ཐོན་ལས་རྒྱུད་ཀྱི་ཁེ་ཕན་མཉམ་དུ་ལོངས་སྤྱོད་པའི་ནང་རྐྱེན་འཛུགས་པ་དང་ཟུང་འབྲེལ་བྱེད་པ།“གན་རྒྱས་ཞིང་པར་རོགས་རམ་བྱེད་པའི”ནང་རྐྱེན་ཇེ་བརྟན་དང་འཐུས་ཚང་དུ་བཏང་ནས།ཞིང་པ་དང་ཞིང་ལས་ལ་འབྲེལ་བ་ཡོད་པའི་ཁེ་ལས་ལ་བཅའ་ཁྲིམས་བློ་འདྲི་དང་གན་རྒྱ་དཔེ་སྟོན་ཡིག་དེབ།རྩོད་གཞི་འདུམ་སྒྲིག་བྱེད་པ་སོགས་ཀྱི་ཞབས་འདེགས་ཞུ་བ།

  བཞི། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ནས།ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ།

  ཞིང་ལས་དང་ཞིང་སྡེའི་མི་འདང་ས་མྱུར་དུ་ཁ་གསབ་བྱེད་པ། ངེས་པར་བཟོ་ལས་ཀྱིས་ཞིང་ལས་གསོ་བ་དང་གྲོང་ཁྱེར་གྱིས་ཞིང་སྡེར་རོགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་ཆ་སྙོམས་སྒོས་བཀོད་སྒྲིག་ཡོང་བ་དང་མཁར་གྲོང་གི་རྒྱུ་རྐྱེན་ཆ་སྙོམས་སྒོས་བརྗེ་རེས་བྱེད་པར་སྐུལ་སྤེལ་གཏོང་དགོས་པར་མ་ཟད།བརྟན་བརླིང་ངང་མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ།

  17.ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།རྒྱལ་ཁབ་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་ཆེ་ས་དེ་ཞིང་སྡེར་བཞག་སྟེ།ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཟང་པོ་དང་དོ་དམ་བཟང་པོ།སྲུང་སྐྱོབ་བཟང་པོ།བདག་གཉེར་བཟང་པོ་བཅས་བྱེད་དགོས་པར་མ་ཟད།མཁར་གྲོང་གི་ཧེ་བག་མངོན་གསལ་གྱིས་ཇེ་ཆུང་དུ་གཏོང་བ་མངོན་འགྱུར་བྱེད་པ།ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་བའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་བཏང་ནས།མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་དང་མཉམ་འཛུགས་མཉམ་རོལ་ཡོང་བར་སྐུལ་སྤེལ་གཏོང་བ།ཞིང་སྡེའི་འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་བྱེད་པ།ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་ཇེ་མཐོར་གཏོང་བའི་བཟོ་འགོད་ལག་བསྟར་བྱས་ཏེ། གྲོང་རྡལ་གྱི་ཆུ་འདོན་སྤྲོད་བྱེད་པའི་སྒྲིག་བཀོད་མཐའ་འཁོར་གྱི་ཞིང་སྡེ་རུ་བསྲིང་བར་སྐུལ་འདེད་གཏོང་བ།ཞིང་སྡེའི་གློག་དྲ་བསྒྱུར་བཀོད་དང་རིམ་འཕར་བྱེད་པའི་བཟོ་འགོད་མྱུར་དུ་ལག་བསྟར་བྱེད་པ་དང“གློག་ཤུགས་མི་འདང་བ”ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་ཆུ་གློག་ཆུང་བ་གོང་དུ་སྤེལ་རྒྱུ།ཆ་རྐྱེན་འཛོམས་པའི་ཞང་གྲོང་དང་སྲིད་འཛིན་སྡེ་བ་ཚང་མར་སྲ་བསྒྱུར་གཞུང་ལམ་ལས་པ་དང་རྒྱུན་ཚིགས་རླངས་འཁོར་ཤར་གཏོང་བྱས་ཏེ།མི་འབོར་མང་བའི་རང་བྱུང་སྡེ་བར་གཞུང་ལམ་ལས་པ།ཆ་རྐྱེན་བསྐྲུན་ནས་མཁར་གྲོང་གི་འགྲུལ་སྐྱེལ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།རྒྱལ་དབང་ནགས་ཁུལ་གྱི་མི་འགོག་བྲེལ་བསྟུན་བགྲོད་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས།ཞིང་སྡེའི་གཞུང་ལམ་བདག་སྐྱོང་བྱེད་པའི་མ་དངུལ་དེ་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇོག་པ།ཞིང་སྡེའི་གཞི་ཁྱོན་ཅན་གྱི་རྫབ་རླངས་གོང་དུ་སྤེལ་ཏེ།ཞིང་སྡེའི་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།ཞིང་པའི་ཁང་པས་འགུལ་འགོག་བྱེད་ཐུབ་པར་གཅིག་གྱུར་འཆར་འགོད་བྱེད་བ།སྐྱེད་གསབ་དངུལ་བུན་དང་གཅིག་བསྡུས་སྒོས་གཞུང་གིས་གླ་ཁང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ།ཞིང་སྡེའི་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་གི་བདེ་འཇགས་གནད་དོན་མྱུར་དུ་ཐག་གཅོད་པ།ཞིང་སྡེའི་གནོད་འགོག་གནོད་སེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ།ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་གཏོང་བ་དང་མ་དངུལ་འདུ་འཁོར་བྱེད་པའི་སྒྲིགས་སྲོལ་དང་ནང་རྐྱེན་གསར་སྐྲུན་བྱེད་པའི་སྲིད་ཇུས་དང་བསམ་འཆར་ཞིབ་འཇུག་བྱས་ནས་སྤེལ་རྒྱུ།

  18.ཞིང་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ།སྤྱི་ཚོགས་ལས་དོན་གོང་དུ་སྤེལ་བའི་གནད་ཆེ་ས་དེ་ཞིང་སྡེ་དང་ཞིང་ལས་སྤོ་བསྒྱུར་མི་འབོར་སྡུད་ལེན་བྱས་མང་བའི་མཁར་གྲོང་དུ་བཞག་ནས།མཁར་གྲོང་གི་སྤྱི་པའི་ཞབས་ཞུ་དེ་ཞིང་སྡེ་རུ་བསྲིང་བར་མྱུར་དུ་སྐུལ་འདེད་གཏོང་བ།ཞིང་སྡེའི་སློབ་སྔོན་སློབ་གསོ་མྱུར་དུ་གོང་སྤེལ་བྱེད་པ་དང་གཞུང་སྒྲུབ་དང་དམངས་སྒྲུབ་གཉིས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ།ཞིང་སྡེའི་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་གཙོ་བོ་ནི་ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་བྱེད་པའི་ནང་རྐྱེན་འཛུགས་པ།དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པ་དང་།ཞིང་སྡེའི་སློབ་གྲྭའི་ཞག་སྡོད་ཆ་རྐྱེན་ལེགས་སྒྱུར་བྱེད་པ།ཞིང་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ལེགས་སྒྲུབ་བཅས་བྱས་ཏེ།སློབ་གྲྭའི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།མཐོ་འབྲིང་དུས་རིམ་གྱི་སློབ་གསོ་མྱུར་དུ་ཁྱབ་གདལ་དུ་གཏོང་བ་དང་རིམ་བཞིན་རིགས་བཀར་ནས་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་རྩག་རྩིག་མི་དགོས་པར་སྐུལ་འདེད་བྱེད་པ།

ཐོག་མར་ཡིག་ཚགས་འཛུགས་པ་དང་ཁྲམ་བྱང་བཀོད་པའི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་སློབ་མར་མཐོ་འབྲིང་དཀྱུས་མའི་སློབ་ཡོན་རྩག་རྩིག་མི་དགོས་པ་བྱེད་པ་དང་།ཁྱིམ་ཚང་ལ་དཀའ་ཁག་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པ་ཁྱོན་ཡོངས་ལ་ཁེབས་སུ་འཇུག་པ།ཞིང་སྡེའི་དབུལ་ཕོངས་ས་ཁུལ་དུ་ཁ་ཕྱོགས་གཏན་ཁེལ་བྱས་ནས་སློབ་མ་བསྡུ་བ་སོགས་ཀྱི་ཆེད་དོན་འཆར་གཞི་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ།མི་རིགས་རང་སྐྱོང་རྫོང་ལ་ཁྱོན་ཡོངས་ནས་ཁེབས་སུ་འཇུག་པ།ཞིང་སྡེའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་དགེ་རྒན་ཁ་གསབ་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དུ་བཏང་ནས།གྲོང་རྡལ་གྱི་ཕུལ་བྱུང་དགེ་རྒན་དེ་ཞིང་སྡེའི་སློབ་གྲྭ་རུ་འགྲིམ་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ།ཞིང་སྡེའི་དམིགས་བསལ་སློབ་གསོ་ལེགས་སྒྲུབ་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་ལམ་ལུགས་ཧྲག་སྡེབ་དང་སྲིད་གཞུང་གི་ཁ་གསབ་ཚད་གཞི་དང་མི་སྒེར་གྱིས་དངུལ་སྤྲོད་པ།ཕན་ཐོགས་པའི་ཆུ་ཚད་བཅས་འོས་འཚམ་སྒོས་ཇེ་མཐོར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ལྕི་མོའི་ཉེན་འགོག་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།མཁར་གྲོང་གི་སྨན་བཅོས་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ།མཁར་གྲོང་སྡོད་དམངས་རྒན་གསོའི་ཉེན་འགོག་ནང་ཞུགས་ནས་མ་དངུལ་སྤྲོད་པར་སྐུལ་མ་དང་ཚོད་འཛིན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།ཉེན་འགོག་ནང་ཞུགས་པའི་མི་རྣམས་ཀྱི་སྣེ་ཁྲིད་དེ་རིམ་པ་མཐོ་བའི་དངུལ་སྤྲོད་པ་འདེམ་པ།ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཡར་ཞུ་བྱེད་པའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་དཔྱད་བྱེད་པའི་ནང་རྐྱེན་ལེགས་སྒྱུར་བྱེད་པ་དང་།ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དེ་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་དང་ནུས་ལྡན་སྒོས་ཟུང་འབྲེལ་བྱེད་པ།ཞིང་སྡེའི་གཞིས་སྲུང་བྱིས་པ་དང་བུད་མིད།རྒན་པ་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།ཞིང་སྡེའི་དཀའ་གནས་སུ་ཡོད་པའི་བྱིས་པའི་ཕན་བདེ་འགན་སྲུང་དང་ནར་མ་སོན་པའི་མིའི་སྤྱི་ཚོགས་སྲུང་སྐྱོབ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།ཞིང་སྡེའི་སྤྱི་ཚོགས་བྱ་བ་དང་དང་བླངས་པའི་ཞབས་ཞུ་ཧུར་ཐག་གིས་སྤེལ་ནས།རྒྱུ་ནོར་བགོ་བཤའ་དང་གཉེན་སྒྲིག་བུ་བཙའ།ཆབ་སྲིད་ནང་ཞུགས་པ་སོགས་ཀྱི་ཐད་ཞིང་སྡེའི་བུད་མིད་ཀྱི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོབ་བྱས་ཏེ།བུད་མིད་རྣམས་ལ་དྲང་སྙོམས་ཀྱིས་སློབ་གསོའི་གོ་སྐབས་དང་ལས་ཀར་ཞུགས་པའི་གོ་སྐབས།རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ།དངུལ་རྩའི་ཐོན་ཁུངས་བཅས་ཐོབ་ཏུ་འཇུག་པ།ཞིང་སྡེའི་རྒན་གསོའི་ཞབས་ཞུ་མ་ལག་དང་དབང་བོ་སྐྱོན་ཅན་གྱི་ལུས་གསོ་དང་ཞབས་ཞུ།དོ་དམ་བཅས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ།ཞིང་སྡེའི་དུར་འཇུག་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས།ཁྲིམས་ལྟར་དོ་དམ་དང་ཞབས་ཞུ་ལེགས་བཅོས་བྱེད་པ། ཞིང་སྡེའི་གཞི་རིམ་ཕྱོགས་བསྡུས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་ལེགས་བཅོས་དང་ཧྲག་སྡེབ་བྱེད་པར་སྐུལ་འདེད་གཏོང་བ།ཞིང་སྡེའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་ནས།རིག་གནས་དམངས་ཕན་ལས་གཞི་མུ་མཐུད་དུ་ལག་བསྟར་བྱེད་པ།ཞིང་སྡེ་རུ་གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་པ་དང་།གཞི་རིམ་གྱི་དྲིལ་སྒྲོག་རིག་གནས་དང་ཏང་ཡོན་གྱི་སློབ་གསོ།ཚན་རིག་ཁྱབ་གདལ།ལུས་རྩལ་ལུས་སྦྱོང་སོགས་ཀྱི་སྒྲིག་བཀོད་ཧྲག་སྡེབ་དང་།རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་རོལ་དང་ཞིང་སྡེ་རུ་གློག་བཪྙན་སྟོན་པ།ཞིང་པའི་དཔེ་མཛོད་ཁང་སོགས་ཀྱི་ལས་གཞི་ཧྲག་སྡེབ་བྱས་ཏེ།གཞི་རིམ་རིག་གནས་ཀྱི་སྤྱི་པའི་སྒྲིག་བཀོད་ཀྱི་སྤྱི་ཡོངས་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ།

  19.ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་དང་མཛེས་སྡུག་ལྡན་ཞིང་མི་འཚོ་བར་འཚམ་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པ།ཞིང་སྡེའི་རང་སྟེང་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར།ཞིང་སྡེའི་ཁྱད་ཆོས་མཚོན་པ་དང་ཡུལ་སྲོལ་ལ་དོ་སྣང་།ཞིང་སྡེའི་རྣམ་པ་སོར་འཇོག་བཅས་བྱས་ཏེ།ཞིང་པའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་ཅི་ཐུབ་བྱེད་པ།རྫོང་ཁོངས་ཀྱི་ཞིང་སྡེའི་འཛུགས་སྐྲུན་འཆར་འགོད་དང་ཞིང་སྡེའི་འཆར་གཞི་དེ་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་པ་དང་ཞིང་པ་སྡོད་པའི་ཇུས་འགོད་ཆུ་ཚད་ཇེ་མཐོར་བཏང་ནས།ཞིང་སྡེའི་འཛུགས་སྐྲུན་འཆར་འགོད་ལ་ཆོག་འཐུས་དོ་དམ་བྱེད་པ་ཇེ་དྲག་ཏུ་གཏོང་བ།མུ་མཐུད་དུ་ཞིང་སྡེའི་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་བྱ་དགས་བཅོས་སྐྱོང་གི་ཚབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས།མུ་འབྲེལ་ནས་དག་ཐེར་བཅོས་སྐྱོང་བྱེད་པའི་རྒྱ་ཁྱོན་རྒྱ་བསྐྱེད་དུ་གཏོང་དགོས་པར་མ་ཟད།ཞིང་སྡེའི་འཚོ་བའི་གད་སྙིགས་ལོ5རིང་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་བ།མཁར་གྲོང་གི་དྲ་རྒྱ་ཇེ་རིང་དུ་གཏོང་བ་དང་གཅིག་བསྡུས་སྒོས་ཐག་གཅོད་དང་ཐར་ཐོར་སྒོས་ཐག་གཅོད་པ་བཅས་ཀྱི་བྱེད་སྟངས་སྣ་ཚོགས་སྤྱད་དེ། ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་སྒྱུར་དང་སྤྱོད་ཁང་བསྒྱུར་བཀོད་བྱེད་པ།ཞིང་སྡེའི་ལྗང་སྒྱུར་བཟོ་བཀོད་ལག་བསྟར་དང་སྐྱེ་ཁམས་ཞིང་སྡེ་འཛུགས་སྐྲུན་བྱེད་པ།ལྗང་མདོག་ཨར་ལས་རྒྱུ་ཆ་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ།ནུས་བསྲིའི་ཞིང་པའི་ཁང་པ་ལས་པ།ཞིང་སྡེའི་མི་འཚོ་བར་འཚམ་པའི་ཆུའི་ཁོར་ཡུག་འཛུགས་སྐྲུན་བྱེད་པ་དང་།ཞིང་སྡེ་རུ་ཆུ་རྐ་གཙང་སྒྱུར་བྱེད་པའི་བྱ་འགུལ་སྤེལ་ནས།སྐྱེ་ཁམས་གཙང་སྒྱུར་ཅན་གྱི་ཆུ་ཕྲན་འབབ་རྒྱུད་འཛུགས་སྐྲུན་བྱེད་པ།སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་ཐད་ཀྱི་དོན་གཅིག་གྲོས་གཅིག་གི་ནོར་སྲིད་ཀྱིས་བྱ་དགའ་གནང་བ་དང་ཁ་གསབ་བྱེད་པའི་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།སྡེ་བའི་ནང་གི་སྤྱི་པའི་སྒྲིག་བཀོད་དང་མི་འཚོ་བར་འཚམ་པའི་ཁོར་ཡུག་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།སྡེ་བའི་གཙང་སྦྲའི་ལམ་ལུགས་འཛུགས་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་པ་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་དང་རིམ་བཞིན་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་འགྲོ་གྲོན་དེ་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ནང་བཞག་ནས།ཀྲུང་དབྱང་ནོར་སྲིད་ཀྱིས་ཧེ་བག་ཅན་གྱི་བྱ་དགའ་གནང་བ་དང་ཁ་གསབ་བྱེད་ཅིང་སྲིད་ཇུས་ཅན་གྱི་དངུལ་རྩ་ལས་ཁུངས་ཀྱིས་ཡུན་རིང་བོར་སྐྱེད་ཀ་དམའ་བའི་དངུལ་བུན་འདོན་སྤྲོད་བྱེད་དགོས་པར་མ་ཟད།སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་ཆེད་ལས་ཀུང་སི་ཡིས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་འཁོར་སྐྱོད་ནང་རྐྱེན་འཚོལ་ཞིབ་བྱེད་པ།སྲོལ་རྒྱུན་ལྡན་པའི་སྡེ་བ་དང་དམངས་ཀྱི་ཁང་པ།ལོ་རྒྱུས་རིག་གནས་ཀྱི་མིང་གྲགས་གྲོང་སྡེ་བཅས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ།སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་བྱས་ཏེ།ས་ཆ་སོ་སོར་སྐུལ་མ་བཏང་ནས་ཡུལ་བབ་དང་བསྟུན་ལ་ཁྱད་ཆོས་ལྡན་ཞིང་།མཛེས་སྡུག་ལྡན་པའི་མི་འཚོ་བར་འཚམ་པའི་ཞིང་སྡེའི་འཛུགས་སྐྲུན་དཔེ་དབྱིབས་འཚོལ་ཞིབ་བྱེད་པ།

  20.ཞིང་སྡེའི་ངལ་རྩོལ་པ་སྤོ་སྒྱུར་དང་ལས་ཞུགས་ལས་སྐྲུན། ཞིང་པ་ལས་མི་གྲོང་ཁྱེར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།ཞིང་སྡེའི་ངལ་རྩོལ་པ་སྤོ་སྒྱུར་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།རང་ས་དང་ཐག་ཉེ་ས་ནས་སྤོ་སྒྱུར་ལས་ཞུགས་གསར་སྐྲུན་བྱེད་པར་ཤུགས་ཆེན་པོས་སྐུལ་སྤེལ་བཏང་ནས།ཕྱིར་སོང་བའི་ཞིང་པ་ལས་མིའི་རྒྱ་ཁྱོན་བརྟན་བརླིང་ངང་རྒྱ་བསྐྱེད་དུ་གཏོང་བ་དང་།ཞིང་པ་ལས་མི་ཕྱིར་རང་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ།ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་དང་ཞིང་སྡེའི་ཞབས་ཞུ་ལས་རིགས་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་།གྲོང་ཁྱེར་ཆུང་འབྲིང་དང་ཁྱད་ལྡན་གྲོང་རྡལ་ཆུང་བ་མྱུར་དུ་གསོ་སྐྱོང་བྱས་ཏེ།ཞིང་ལས་སྤོ་སྒྱུར་མི་འབོར་བསྡུ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ།ཞིང་སྡེའི་སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་གསར་པར་རྒྱབ་སྐྱོར་ཇེ་ཆེར་གཏོང་བ།ས་གནས་སོ་སོས་ཞིང་སྡེའི་བུད་མིད་ཀྱི་ལས་ཞུགས་ལས་སྐྲུན་ཐེབས་རྩ་འཛུགས་པར་སྐུལ་མ་བཏང་ནས།བུད་མིད་རྣམས་ལ་གྲངས་འབོར་ཉུང་བའི་འགན་ལེན་དངུལ་བུན་ལག་ཏུ་བསྟར་ཤུགས་ཇེ་ཆེར་གཏོང་བ་དང་།བུད་མིད་ཀྱི་ནུས་རྩལ་གསོ་སྦྱོང་བྱེད་པར་ཤུགས་བསྣན་ཏེ།ཞིང་སྡེའི་བུད་མིད་ཀྱིས་ཁྱིམ་ཚང་གི་ལག་ཤེས་བཟོ་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པ།ཞིང་པ་རབས་གསར་པ་ལས་མིའི་ལས་རིགས་ནུས་རྩལ་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་། ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་གི་བུ་བུ་མོ་དང་སློབ་རིམ་མ་འཕར་པའི་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ།ཞིང་པ་ལས་མི།དམག་ཁོངས་ནས་ཕྱིར་ལོག་པའི་དམིག་མི་བཅས་ལ་རིན་མི་དགོས་པར་ལས་རིགས་གསོ་སྦྱོང་བྱེད་པ།ཁྲིམས་ལྟར་ཞིང་པ་ལས་མིའི་ཁྲིམས་མཐུན་ངལ་རྩོལ་ཁེ་དབང་སྲུང་སྐྱོབ་དང་མཁར་གྲོང་གི་ངལ་རྩོལ་པ་འདྲ་མཉམ་ངང་ལས་ཞུགས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་ཞིང་།ཞིང་པ་ལས་མིའི་ཟླ་ཕོགས་གཏོང་སྤྲོད་འགན་སྲུང་ཡུན་ཕན་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་པ།ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་ཞིང་པ་ལས་མི་དུང་ཕྱུར1ཡས་མས་དང་།རྒྱུན་སྡོད་མི་འབོར་གཞན་དག་གིས་གྲོང་རྡལ་དུ་གཏན་སྡོད་དང་ཁྱིམ་གཞིས་ཆགས་པའི་དམིགས་འབེན་དངོས་འབེབས་བྱེད་དགོས་པར་མ་ཟད།གྲོང་ཁྱེར་དུ་བསྐྱོད་དེ་ཁྱིམ་གཞིས་ཆགས་པའི་ཞིང་པ་ལས་མི་དང་གྲོང་རྡལ་གྱི་སྡོད་དམངས་བར་ཁེ་དབང་དང་འོས་འགན་འདྲ་མཉམ་ཡིན་པ་འགན་སྲུང་བྱས་ཏེ།ཁྱིམ་ཐོ་དང་མི་འབོར་མཁར་གྲོང་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ།གཞིས་ཆགས་དཔང་ཡིག་གི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།གཞིས་ཆགས་པའི་ལོ་ཚད་སོགས་ཆ་རྐྱེན་དང་ཕན་ཚུན་འབྲེལ་ལམ་འཛུགས་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འདོན་སྤྲོད་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།འབད་བརྩོན་སྒོས་གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་རྒྱུན་སྡོད་མི་འབོར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་པ།ཞིང་པ་ལས་མིའི་རྗེས་ཁྲིད་བུ་ཕྲུག་གནས་དེའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་ཞུགས་ཆོག་པའི་སྲིད་ཇུས་དངོས་འབེབས་དང་འཐུས་ཚང་དུ་གཏོང་བ།ཆ་རྐྱེན་འཛོམས་པའི་ཞིང་པ་ལས་མི་དེ་མཁར་གྲོང་གི་སྤྱི་ཚོགས་འགན་སྲུང་དང་མཁར་གྲོང་གི་སྡོད་ཁང་འགན་སྲུང་བྱེད་པའི་ཁྱབ་ཁོངས་ནང་འཇོག་པ།

ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་དང་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་འབྲེལ་ལམ་འཛུགས་པའི་ནང་རྐྱེན་བཙུགས་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཐད་ས་ཞིང་སྤྱོད་པ་འཕར་བའི་རྒྱ་ཁྱོན་དེ་ཞིང་ལས་སྤོ་སྒྱུར་མི་འབོར་དངོས་འབེབས་བྱེད་པའི་གྲངས་ཀ་དང་འབྲེལ་ལམ་འཛུགས་པའི་ནང་རྐྱེན་འཛུགས་པ།གྲོང་ཁྱེར་དུ་སོང་ནས་གཞིས་ཆགས་པའི་ཞིང་པས་ས་ཞིང་འགན་གཙང་ལེན་བྱེད་པའི་དབང་ཆ་དང་གཞིས་སའི་བེད་སྤྱོད་དབང་ཆ།ཐུན་མོང་གི་ཁེ་ཕན་བགོ་བཤའི་དབང་ཆ་བཅས་སྲུང་སྐྱོབ་བྱས་ཏེ། ཁྲིམས་ལྟར་རང་འདོད་དང་རིན་དོད་ཡོད་པའི་སྒོ་ནས་གོང་གསལ་གྱི་ཁེ་དབང་བཤུག་སྤྲོད་བྱེད་པར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པ།

  21.དབུལ་ཐར་འགག་སྒྲོལ་བཟོ་འགོད་ལག་བསྟར་བྱེད་པ།གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱས་ཏེ།མི་དང་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལག་ལེན་བྱེད་པར་སྟབས་བདེ་བཟོ་བ་དང་།རིགས་བགོས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱས་ཏེ།དབུལ་ཐར་འགག་སྒྲོལ་ཐད་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ།ཐོན་ལས་རོགས་སྐྱོར་དང་སྤོ་སྒྱུར་ལས་ཞུགས།ཡུལ་གཞན་ལ་གནས་སྤོ་བ་ལ་སོགས་པའི་བྱེད་ཐབས་སྤྱད་དེ།དབུལ་ཕོངས་མི་འབོར་ཁྲི5000ཡས་མས་དབུལ་ཐར་བྱེད་པ་ཐག་གཅོད་པ།ངལ་རྩོལ་ནུས་པ་མིད་པའམ་ངལ་རྩོལ་གྱི་ནུས་པ་ཁ་ཤས་ཤོར་བའི་དབུལ་ཕོངས་མི་འབོར་ཁྲི2000ལྷག་ཚང་མ་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག་ནས།སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཀྱིས་མ་མཐའི་འཚོ་བའི་འགན་སྲུང་བྱས་ཏེ་དབུལ་ཐར་བྱེད་པ།དབུལ་ཐར་བྱ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ།ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)གྱིས་སྤྱིའི་འགན་འཁུར་བ།གྲོང་ཁྱེར(ས་གནས)དང་རྫོང་གིས་དངོས་འབེབས་ནན་འཛིན་བྱེད་པ་བཅས་ཀྱི་བྱ་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་འཁུར་དགོས་པ་དང་སྡེ་ཁག་སོ་སོས་གོམ་པ་མཉམ་སྒྲིག་དང་མཉམ་སྡེབ་ཀྱིས་དམག་འཐབ་བྱེད་པ། ལས་འགན་སྒྲུབ་པ་བཅས་བྱས་ཏེ།དམངས་འཚོའི་ལས་གཞི་དང་དམངས་ཕན་གྱི་སྲིད་ཇུས་དེ་གང་ཐུབ་ཀྱིས་དབུལ་ཕོངས་ས་ཁུལ་ལ་ཕྱོགས་ཞེན་བྱེད་པ།སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་རྒྱ་ཆེར་སྐུལ་སློང་བྱས་ནས་དབུལ་སྐྱོར་གསར་སྤེལ་ནང་ཞུགས་པ་དང་དབུལ་ཐར་འགག་སྒྲོལ་གྱི་དཔྱད་ཞིབ་ལྟ་སྐུལ་གྱི་ཁག་འགན་འདྲི་རྩད་ལམ་ལུགས་ལག་བསྟར་གཟབ་ནན་བྱེད་པ།

  ལྔ།ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཞིང་སྡེ་འཕེལ་རྒྱས་ཀྱི་ནང་གནས་་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ།

  “ཞིང་གསུམ”དཀའ་གནད་བསལ་དགོས་ན་ངེས་པར་རྒྱུན་འཁྱོངས་ལྷོད་མིད་སྒོས་སྒྲིགས་སྲོལ་དང་ནང་རྐྱེན་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཚུལ་གྱི་སྒྲིགས་སྲོལ་བཀག་རྒྱ་ཤུགས་ཆེན་པོས་མིད་པར་བཟོ་བ་དང་།ཞིང་པ་དུང་ཕྱུར་མང་པོའི་གསར་སྐྲུན་ལས་སྐྲུན་བྱེད་པའི་སྐྱེ་སྟོབས་བསླངས་ཏེ།ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འདོན་དུ་འཇུག་པ།

  22.འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་ཆགས་པའི་ནང་རྐྱེན་དང་གསོག་ཉར་སྒྲིགས་སྲོལ་བཅོས་བསྒྱུར་བྱེད་པ་དང་འཐུས་ཚང་དུ་གཏོང་བ།ཚོང་ར་ཅན་གྱི་བཅོས་བསྒྱུར་ཁ་ཕྱོགས་དང་ཞིང་པའི་ཁེ་ཕན་སྲུང་སྐྱོབ་བྱེད་པ་གཉིས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།“རིགས་སྣ་བགོས་ནས་སྲིད་ཇུས་ལག་ཏུ་བསྟར་བ་དང་།རིམ་གྱིས་སྐུལ་འདེད་གཏོང་བའི”བྱེད་ཐབས་སྤྱོད་པ་དང་།ཞིང་ལས་ཐོན་རྫས་ཚོང་རས་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།འབྲས་དང་གྲོ་ཡི་ཆེས་དམའ་བའི་ཉོ་བསྡུའི་རིན་གོང་གི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་དང་འཐུས་ཚང་དུ་གཏོང་བ།ཞིན་ཅང་གི་སྲིང་བལ་དང་བྱང་ཤར་ས་ཁུལ་གྱི་སྲན་ཆེན་གྱི་དམིགས་འབེན་རིན་གོང་བཅོས་བསྒྱུར་བྱེད་པའི་ཚོད་ལྟའི་ས་ཚིགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།ཚོང་རའི་རིན་གོང་གཏན་འབེབས་དང་རིན་གོང་དང་ཁ་གསབ་སོ་སོར་དབྱེ་བའི་རྩ་དོན་ལྟར།མ་མིས་ལོ་ཏོག་གསོག་འཇོག་ལམ་ལུགས་བཅོས་བསྒྱུར་བྱེད་པར་ཧུར་བརྩོན་དང་བརྟན་བརླིང་སྒོས་སྐུལ་འདེད་བཏང་ནས།མ་མིས་ལོ་ཏོག་རིན་གོང་གིས་ཚོང་རའི་མཁོ་འདོན་འབྲེལ་བ་མཚོན་པ་དང་མཉམ་དུ།ཞིང་པའི་ལུགས་མཐུན་ཁེ་ཕན་དང་ནོར་སྲིད་ཀྱི་ཐེག་ནུས།ཐོན་ལས་རྒྱུད་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་བློ་གཏོང་བ་དང་།མ་མིས་ལོ་ཏོག་འདེབས་མཁན་ལ་ཁ་གསབ་བྱེད་པའི་ལམ་ལུགས་འཛུགས་པ།སྲིད་ཇུས་རང་བཞིན་གྱི་འགན་ནུས་དང་བདག་གཉེར་རང་བཞིན་གྱི་འགན་ནུས་སོ་སོར་དབྱེ་བའི་རྩ་དོན་ལྟར།ཀྲུང་དབྱང་གི་འབྲུ་རིགས་གསོག་འཇོག་དོ་དམ་སྒྲིགས་སྲོལ་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ།རྒྱལ་དབང་འབྲུ་རིགས་ཁེ་ལས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།སྣ་མང་ཅན་གྱི་ཚོང་རའི་ཉོ་ཚོང་གཙོ་གཞི་འཕེལ་རྒྱས་སུ་གཏོང་བ།འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རྒྱལ་ཁབ་ཀྱི་གསོག་འཇོག་གཞི་ཁྱོན་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་ཁེལ་བྱས་ཏེ། འདོན་འཇུག་སྙོམས་སྒྲིག་ནང་རྐྱེན་འཐུས་ཚང་དུ་གཏོང་བ།

  23.ཞིང་ལས་དང་ཞིང་སྡེ་རུ་མ་དངུལ་གཏོང་ཚད་མུ་མཐུད་དུ་འཕར་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།ནོར་སྲིད་ཀྱིས་ཞིང་ལས་དང་ཞིང་སྡེར་མ་དངུལ་གཏོང་བར་དམིགས་བསལ་གྱིས་འགན་སྲུང་བྱས་ཏེ།ཞིང་ལས་དང་ཞིང་སྡེ་ནི་རྒྱལ་ཁབ་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་བའི་ཁྱབ་ཁོངས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་དང་།ཤུགས་ཚད་ཇེ་ཞན་དུ་མི་འགྲོ་བར་ཁག་ཐེག་དང་སྤྱི་གྲངས་ཇེ་མང་དུ་འགྲོ་བ་བཅས་བྱེད་པ།ནོར་སྲིད་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་དང་ནོར་སྲིད་མ་དངུལ་གྱི་འདེགས་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།དངུལ་རྩའི་མ་རྩ་དང་བཟོ་ཚོང་མ་རྩ་སྔར་ལས་མང་པོ་ཞིང་ལས་དང་ཞིང་སྡེ་རུ་གཏོང་བར་སྐུལ་སློང་དང་སྣེ་ཁྲིད་བྱེད་པ།ཆེད་དམིགས་འཛུགས་སྐྲུན་ཐེབས་རྩས་དབུལ་སྐྱོར་དང་ཆུ་བེད།ཞིང་སྡེའི་ཐོན་ལས་མཉམ་འདྲེས།ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་སོགས“ཞིང་གསུམ”ཁྱབ་ཁོངས་ཀྱི་ལས་གཞི་དང་བཟོ་འགོད་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ།འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་།མ་དངུལ་བཀོལ་སྤྱོད་དང་ལས་གཞི་དོ་དམ་བྱེད་པའི་ཐབས་ལམ་འཐུས་ཚང་དུ་གཏོང་བ།རིམ་པ་མང་པོ་ནས་ཞིང་འབྲེལ་མ་དངུལ་ཧྲག་སྡེབ་དང་གཅིག་གྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།ཞིང་ཆེན་རིམ་པའི་ཞིང་འབྲེལ་མ་དངུལ་དོ་དམ་བཅོས་བསྒྱུར་དང་གྲོང་ཁྱེར་དང་རྫོང་གི་ཞིང་འབྲེལ་མ་དངུལ་ཧྲག་སྡེབ་ཚོད་ལྟ་ལག་བསྟར་བྱེད་པ་དང་།མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་བཟང་མིན་ཞིབ་དཔྱད་བྱེད་པའི་ཐབས་ལམ་ལེགས་སྒྱུར་བྱེད་པ།འབྲུ་འདེབས་ཞིང་པའི་ཐད་ཀའི་ཁ་གསབ་དང་སོན་བཟང་ཁ་གསབ།ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་བཅས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ཁ་གསབ་ནང་བསྡུས་ཏེ།གཙོ་བོ་མི་ཞིང་གི་ས་གཤིས་སྲུང་སྐྱོབ་དང་འབྲུ་རིགས་ཐོན་ནུས་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱེད་པ།ཞིང་ལས་འཕྲུལ་ཆས་ཉོ་བསྡུ་བྱེད་པའི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ།ལོ3ཡས་མས་ཀྱི་དུས་ཡུན་སྤྱད་དེ་རྒྱལ་ཡོངས་ཞིང་ལས་ཡིད་རྟོན་ཁག་ཐེག་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།2016ལོར་ཞིང་ཆེན་རིམ་པའི་ཞིང་ལས་ཡིད་རྟོན་ཁག་ཐེག་ལས་ཁུངས་དངོས་སུ་འཛུགས་པར་མ་ཟད་དངོས་སུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ།ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་དང་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྤོ་བསྒྱུར་གཏོང་སྤྲོད་བྱེད་ཚད་ཇེ་ཆེར་གཏོང་བ།གཙོ་ཐོན་ཁུལ་གྱི་ཁེ་ཕན་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ།ས་རྒོད་གསར་སྦོལ་མ་ལག་དེ་རིམ་གྱིས་རྒྱལ་ཁབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་དམངས་འཚོ་ལེགས་བཅོས་བྱེད་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་འཇོག་པ།ཞིང་པའི་ཡོང་སྒོ་འཕར་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བའི་ཁྲིད་སྟོན་དང་བསམ་འཆར་ཞིབ་འཇུག་བྱས་ནས་འདོན་པ།

  24.དངུལ་རྩའི་ཐོན་ཁུངས་སྔར་ལས་ཞིང་སྡེ་རུ་ཕྱོགས་ཞེན་བྱེད་པར་སྐུལ་འདེད་གཏོང་བ།རིམ་པ་མང་བ་དང་ཁེབས་ཚད་ཆེ་བ།བསྟུད་མར་འཕེལ་འཐུས་པའི་ཞིང་སྡེའི་དངུལ་རྩའི་ཞབས་ཞུ་མ་ལག་མྱུར་དུ་བཙུགས་ནས།ཞིང་སྡེའི་ཀུན་ཕན་དངུལ་རྩ་འཕེལ་རྒྱས་དང་མ་དངུལ་རུབ་བསྡུ་བྱེད་པའི་མ་རྩ་ཇེ་དམའ་རུ་གཏོང་བ་དང་།ཞིང་སྡེའི་དངུལ་རྩའི་ཞབས་ཞུ་འབྲེལ་ཐག་ཁྱོན་ཡོངས་ནས་ཧུར་པོར་གཏོང་པ།སྒོར་མོ་གསོག་པ་དང་ལེན་པ།གཏོང་སྤྲོད་བཅས་ཀྱི་གཞི་རྩའི་དངུལ་རྩ་ཞབས་ཞུ་སྔར་ལས་འཐུས་ཚང་དུ་གཏོང་བ།ཞིང་སྡེའི་ཡིད་རྟོན་ཁང་གི་རྫོང་ཁོངས་ཁྲིམས་མིའི་གོ་གནས་ཇེ་བརྟན་དུ་བཏང་ནས།བཅོས་སྐྱོང་ཆུ་ཚད་དང་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བ།ཞིང་སྡེའི་ཡིད་རྟོན་ཁང་དང་ཞིང་ཆེན་མཉམ་འབྲེལ་ཁང་གི་བཅོས་བསྒྱུར་ཚོད་ལྟ་སྤེལ་ཏེ།རིམ་གྱིས་སྲིད་འཛིན་དོ་དམ་མི་བྱེད་པ་དང་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་བ།རྒྱལ་དབང་དང་མ་རྐང་ལམ་ལུགས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས“ཞིང་གསུམ”བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་པ།ཀྲུང་གོའི་ཞིང་ལས་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་ལས་དོན་པུའུ་ཡི་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ།“ཞིང་གསུམ”དངུལ་རྩའི་ཐོན་རྫས་གསར་སྐྲུན་དང་ཁྱབ་ཁོངས་གཙོ་བོར་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཇེ་ཆེར་གཏོང་བ།རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།“ཞིང་གསུམ”ལ་ཞབས་ཞུ་བསྒྲུབ་པའི་མ་དངུལ་རུབ་བསྡུ་བྱེད་སྟངས་གསར་སྐྲུན་བྱེད་པར་ཤུགས་སྣོན་པ།ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་སྲིད་ཇུས་རང་བཞིན་གྱི་འགན་ནུས་ཇེ་དྲག་ཏུ་བཏང་ནས།དུས་ཡུན་རིང་འབྲིང་གི“ཞིང་གསུམ”ཡིད་རྟོན་དངུལ་བུན་གཏོང་ཤུགས་ཇེ་ཆེར་གཏོང་བ།ཀྲུང་གོའི་སྦྲགས་སྲིད་གསོག་འཇོག་དངུལ་ཁང་གིས་ཞིང་གསུམ་དངུལ་རྩའི་ལས་དོན་པུའུ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ།ཆེད་ལས་ཅན་གྱི་ཞིང་ལས་ཞབས་ཞུ་མ་ལག་འཛུགས་པ།སྡེ་བ་དང་གྲོང་རྡལ་དུ་དངུལ་ཁང་འཛུགས་པའི་རྣམ་པ་གསར་སྐྲུན་བྱས་ཏེ།

ཁེབས་ཚད་རྒྱ་སྐྱེད་པ།དྲ་འབྲེལ་དངུལ་རྩ་དང་སྤོ་བསྒྱུར་དངུལ་རྩ་ཞིང་སྡེ་རུ་ཚད་ལྡན་དང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ།ཞིང་པའི་མཉམ་ལས་ཁང་ནང་ཁུལ་དུ་ཡིད་རྟོན་མཉམ་འབྲེལ་ཚོད་ལྟ་སྤེལ་བའི་ཁྱབ་ཁོངས་རྒྱ་བསྐྱེད་དེ།ཉེན་ཁ་འགོག་སྲུང་དང་ཞི་ལྷོད་དུ་གཏོང་བའི་ནང་རྐྱེན་འཛུགས་པ་དང་།ས་གནས་སྲིད་གཞུང་གི་ལྟ་སྐུལ་དོ་དམ་འགན་འཁྲི་དངོས་འབེབས་བྱེད་པ།ཞིང་སྡེའི་དངུལ་རྩ་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟ་སྤེལ་ཏེ།ཞིང་སྡེའི་དངུལ་རྩའི་རྩ་འཛུགས་དང་ཞབས་ཞུ་འཚོལ་ཞིབ་གསར་སྐྲུན་བྱེད་པ།ཞིང་སྡེའི་དངུལ་རྩ་བོགས་མར་གཏོང་བའི་བྱེད་སྒོ་འཕེལ་རྒྱས་སུ་གཏོང་བ།ཉེན་ཁར་ཚོད་འཛིན་བྱེད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་སྡེའི་འགན་གཙང་ལེན་ས་ཞིང་གི་བདག་གཉེར་དབང་ཆ་དང་ཞིང་པའི་སྡོད་ཁང་དང་རྒྱུ་ནོར་དབང་ཆ་གཏའ་མར་འཇོག་པའི་དངུལ་བུན་ཚོད་ལྟ་ས་ཚིགས་ལ་བརྟན་བརླིང་དང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ།ནགས་དབང་གཏའ་མར་འཇོག་པའི་དངུལ་བུན་ཧུར་བརྩོན་གྱིས་འཕེལ་རྒྱས་སུ་གཏོང་བ།ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཚོང་ཟོག་རིགས་སྣ་འཛུགས་སྐྲུན་བྱས་ཏེ།ཞིང་ལས་ཐོན་རྫས་ཀྱི་དུས་དབང་ཚོད་ལྟ་ས་ཚིགས་འཛུགས་པ།ཞིང་འབྲེལ་ཁེ་ལས་ཀྱིས་རིམ་པ་མང་པོའི་མ་རྩར་བརྟེན་ནས་ཚོང་རའི་མ་དངུལ་རུབ་བསྡུ་བྱེད་པར་རྒྱབ་སྐྱོར་བྱས་ཏེ།བུན་འཛིན་ཚོང་རས“ཞིང་གསུམ”ལ་ཞབས་ཞུ་བསྒྲུབ་པའི་ཚད་ཇེ་ཆེར་གཏོང་བ།ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།“ཞིང་གསུམ”གྱི་མ་དངུལ་རུབ་བསྡུ་ལ་ཁག་ཐེག་བྱེད་པའི་མ་ལག་མྱུར་དུ་འཛུགས་པ།ཀྲུང་དབྱང་དང་ས་གནས་རིམ་པ་གཉིས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་ནང་རྐྱེན་འཐུས་ཚང་དུ་བཏང་ནས།ཞིང་སྡེའི་དངུལ་རྩའི་ཉེན་ཁ་དངོས་གནས་འགོག་སྲུང་བྱེད་པ།ཞིང་སྡེའི་དངུལ་རྩའི་འཛད་སྤྱོད་མཁན་ལ་ཉེན་ཁའི་སློབ་གསོ་གཏོང་བ་དང་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།“ཞིང་གསུམ”དངུལ་བུན་སྡོམ་རྩིས་འཐུས་ཚང་དུ་བཏང་ནས།ཞིང་ཁྱིམ་དངུལ་བུན་དང་རྣམ་པ་གསར་པའི་ཞིང་ལས་བདག་གཉེར་བྱེད་མཁན་གཙོ་བོའི་དངུལ་བུན།དབུལ་སྐྱོར་སྐྱེད་ཀའི་དངུལ་བུན་སོགས་འབུར་དུ་འདོད་པ།

  25.ཞིང་ལས་ཉེན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ།ཞིང་ལས་ཉེན་སྲུང་དེ་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ཏེ།ཞིང་ལས་ཉེན་སྲུང་གི་ཁེབས་ཚད་ཇེ་ཆེ་དང་ཉེན་སྲུང་རིགས་སྣ་ཇེ་མང་།ཉེན་ཁར་འགན་སྲུང་བྱེད་པའི་ཆུ་ཚད་ཇེ་མཐོ་བཅས་སུ་གཏོང་བ།རྣམ་པ་གསར་པའི་ཞིང་ལས་བདག་གཉེར་བྱེད་མཁན་གཙོ་བོར་མཁོ་བའི་ཉེན་སྲུང་རིགས་སྣ་ཧུར་བརྩོན་གྱིས་གསར་སྤེལ་དང་འཕྲོད་མཐུན་ཡོང་བ་བྱེད་པ།ཞིང་ལས་ཐོན་རྫས་གཙོ་བོའི་དམིགས་འབེན་རིན་གོང་ཉེན་སྲུང་དང་།གཞན་ད་རུང་ཡོང་སྒོའི་ཉེན་སྲུང་དང་གནམ་གཤིས་བསྡུར་གྲངས་ཉེན་སྲུང་ཚོད་ལྟ་ས་ཚིགས་འཚོལ་ཞིབ་དང་གསར་སྤེལ་བྱེད་པ།ས་གནས་ཀྱིས་ཁྱད་ལྡན་ལེགས་ཆའི་ཞིང་ལས་ཐོན་རྫས་ཉེན་སྲུང་དང་ཉ་ལས་ཉེན་སྲུང་།སྒྲིག་བཀོད་ཞིང་ལས་ཉེན་སྲུང་བཅས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ།ནགས་ཚལ་ཉེན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ།ཞིང་ལས་ཁ་གསབ་དང་ཞིང་འབྲེལ་ཡིད་རྟོན་དངུལ་བུན།ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཚོང་ཟོག ཞིང་ལས་ཉེན་སྲུང་མཉམ་འགུལ་ནང་རྐྱེན་བཅས་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པ།ཞིང་ལས་ཉེན་སྲུང་དང་ཁ་དན་འཛིན་ཡིག་གཏའ་མར་འཇོག་པའི་དངུལ་བུན་དང་ཞིང་ཁྱིམ་གྱི་ཡིད་རྟོན་ཁག་ཐེག་ཉེན་སྲུང་ཧུར་བརྩོན་གྱིས་འཚོལ་ཞིབ་བྱེད་པ།“ཉེན་འགོག+དུས་བཅད་ཚོང་ཟོག”གི་ཚོད་ལྟའི་ས་ཚིགས་བརྟན་བརླིང་ངང་རྒྱ་སྐྱེད་པ།ཉེན་སྲུང་དངུལ་རྩས་ཞིང་པར་རོགས་སྐྱོར་བྱེད་པའི་མ་དངུལ་རུབ་བསྡུ་བྱེད་སྒོ་གསར་སྐྲུན་བྱེད་པའི་ཚད་ལྟའི་ས་ཚིགས་འཛུགས་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པ།ཞིང་ལས་ཉེན་སྲུང་གི་ཉེན་ཁ་ཆེན་པོ་ཐར་ཐོར་དུ་གཏོང་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་དགོས།

  26.ཞིང་སྡེའི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པ།2020ལོའི་བར་ས་ཞིང་སོགས་ཞིང་སྡེའི་ཐུན་མོང་གི་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་དབང་ཆ་ངོས་འཛིན་ཐོ་འགོད་དང་དཔང་ཡིག་སྟེར་བ།བདག་གཉེར་རང་བཞིན་གྱི་རྒྱུ་ནོར་མ་རྐང་ལ་བཅག་ནས་རང་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་ཁོངས་མིའི་སྟེང་དུ་བཞག་ནས།བདག་གཉེར་རང་བཞིན་མ་ཡིན་པའི་ཐོན་རྫས་ཐུན་མོང་དང་གཅིག་གྱུར་སྒོས་འཁོར་སྐྱོད་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་བརླིང་དང་།ཐུན་མོང་གི་བདག་དབང་དངོས་འབེབས།ཞིང་ཁྱིམ་གྱི་འགན་གཙང་ལེན་དབང་ཆ་བརྟན་བརླིང་།ས་ཞིང་གི་བདག་གཉེར་དབང་ཆ་ཧུར་པོར་གཏོང་བ་བཅས་བྱས་ཏེ།“དབང་གསུམ་ཁག་བགོ”བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་།ཞིང་སྡེའི་ས་ཞིང་འགན་གཙང་ལེན་འབྲེལ་བ་ཡུན་རིང་དུ་མི་འགྱུར་བའི་བྱེ་བྲག་གི་གཏན་ཁེལ་གསལ་པོ་བྱེད་པ།ཞིང་སྡེའི་འགན་གཙང་ལེན་ས་ཞིང་གི་དབང་ཆ་ངོས་འཛིན་ཐོ་འགོད་དང་དཔང་ཡིག་སྟེར་བ་ཞིང་ཆེན་ཡོངས་སུ་སྐུལ་སྤེལ་བྱེད་པའི་ཚོད་ལྟའི་ས་ཚིགས་མུ་མཐུད་དུ་རྒྱ་སྐྱེད་པ།ས་ཞིང་བདག་གཉེར་དབང་ཆ་གོ་རིམ་ཡོད་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་ཁྲིམས་ལྟར་སྐུལ་འདེད་བཏང་ནས།ཞིང་ཁྱིམ་གྱིས་རང་འཐད་སྒོས་ཕན་ཚུན་བར་ས་ཞིང་འགན་གཙང་ལེན་བྱས་ཏེ་མུ་འབྲེལ་ཞིང་འདེབས་བྱེད་པར་སྐུལ་སློང་དང་སྣེ་འཁྲིད་པ།ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བའི་ཁྲིད་སྟོན་བསམ་འཆར་ཞིབ་འཇུག་བྱས་ནས་བཟོ་བ།སྡོད་ཁང་དང་ས་ཞིང་གཞི་གཅིག་ཏུ་འགྱུར་བའི་ཞིང་སྡེ་ཐུན་མོང་གི་འཛུགས་སྐྲུན་བྱེད་ཡུལ་དང་གཞིས་ས་བཀོལ་སྤྱོད་དབང་ཆ་ངོས་འཛིན་ཐོ་འགོད་དང་དཔང་ཡིག་སྟེར་བར་མྱུར་དུ་སྐུལ་འདེད་བཏང་ནས།དེར་མཁོ་བའི་བྱ་བའི་གྲོན་དངུལ་དེ་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇོག་པ།ཞིང་སྡེའི་ས་ཞིང་གཞུང་བསྡུ་དང་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་བྱ་ཡུལ་ཚོང་རར་ཞུགས་པ།གཞིས་སའི་ལམ་ལུགས་བཅོས་བསྒྱུར་བྱེད་པ་བཅས་ཀྱི་ཚོད་ལྟའི་ས་ཚིགས་ལ་སྐུལ་འདེད་གཏོང་བ།

  གཞིས་སའི་ཁེ་དབང་འགན་སྲུང་དང་ལེན་སྟངས་འཐུས་ཚང་དུ་བཏང་ནས།ཞིང་པའི་སྡོད་ཁང་འགན་སྲུང་གི་ནང་རྐྱེན་གསར་པ་འཚོལ་ཞིབ་བྱེད་པ།ཞིང་སྡེའི་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་བྱ་ཡུལ་ཚོང་རར་ཞུགས་པའི་བཅོས་བསྒྱུར་ཚོད་ལྟ་ས་ཚིགས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ།ཞིང་པ་ཐུན་མོང་དང་སྒེར་གྱིས་ལོངས་སྤྱོད་བྱེད་པའི་འཕར་རིན་ཁེ་ཕན་འོས་འཚམ་གྱིས་ཇེ་མཐོར་གཏོང་བ་དང་།ས་ཞིང་གི་འཕར་རིན་ཁེ་ཕན་སྙོམས་སྒྲིག་མ་དངུལ་གཞུང་སྡུད་དོ་དམ་བྱེད་པའི་ཐབས་ལམ་མྱུར་དུ་འདོན་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱ་ཡུལ་སྣོན་འཕྲི་འབྲེལ་ལམ་འཛུགས་པའི་ཚོད་ལྟའི་ས་ཚིགས་འཐུས་ཚང་དུ་གཏོང་བ་དང་རྒྱ་བསྐྱེད་དེ།དམིགས་ཚད་ཉོ་ཚོང་གི་ཁེ་ཕན་དེ་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བྱེད་པའི་སྟེང་དུ་བཀོལ་དགོས།ས་ཞིང་བཅོས་སྐྱོང་བྱས་པ་བརྒྱུད་དེ་ཇེ་མང་དུ་སོང་བའི་མི་ཞིང་དེ་བདག་བཟུང་དང་ཁ་གསབ་དོ་མཉམ་ཡོང་བའི་དམིགས་ཚད་བྱས་ཏེ།སུས་མ་དངུལ་བཞག་ན་དེར་ཁེ་ཕན་ཐོབ་པའི་རྩ་དོན་ལྟར་དམིགས་ཚད་ཉོ་ཚོང་ཁེ་ཕན་ཕྱིར་སློག་པ།རྒྱལ་ཁབ་ཀྱི་བཟོ་འགོད་ཆེན་མོ་འཛུགས་སྐྲུན་བྱེད་པར་མི་ཞིང་ཁ་གསབ་བྱེད་དགོས་ན་རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་བྱས་ཏེ་བྱེ་བྲག་གི་ཐབས་ལམ་ཞིབ་འཇུག་བྱེད་པ།སྡེ་བ་རིམ་པའི་ས་ཞིང་བེད་སྤྱོད་འཆར་འགོད་མྱུར་དུ་སྒྲིག་བཟོ་བྱེད་པ།ནོར་སྲིད་མ་དངུལ་ཞིང་ལས་དང་ཞིང་སྡེ་རུ་བཏང་བ་ལས་བྱུང་བའི་བདག་གཉེར་རང་བཞིན་གྱི་རྒྱུ་ནོར་འཚོལ་ཞིབ་བྱས་ཏེ།མ་རྐང་དབང་ཆ་ཁྱིམ་ཚང་དུ་སྟེར་བ་དང་།ཐུན་མོང་གི་རྩ་འཛུགས་ཀྱི་ཁོངས་མི་ལ་རྒྱུ་ནོར་གྱི་ཁེ་ཕན་ཡུན་རིང་བོར་ལོངས་སྤྱོད་བྱེད་དུ་འཇུག་པ།ཞིང་སྡེའི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཁྲལ་བསྡུ་གཟིགས་སྐྱོང་སྲིད་ཇུས་བཟོ་བ།སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཚིགས་སྤེལ་བ་དང་རོགས་སྐྱོར་བྱེད་པ།མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།

  ཞིང་པར་ཞབས་ཞུ་བསྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་བ།ཐུན་མོང་གི་ནགས་དབང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།ནགས་དབང་ཚད་ལྡན་དང་གོ་རིམ་ཡོད་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་སྐུལ་ཁྲིད་བྱེད་པ་དང་།ཁྱིམ་ཚང་གི་ནགས་ར་དང་མ་རྐང་མཉམ་ལས་ནགས་ར་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་བྱེད་པ།རྩྭ་སའི་འགན་གཙང་ལེན་བདག་གཉེར་ལམ་ལུགས་འཐུས་ཚང་དུ་གཏོང་བ།

  དྲུག ཏང་གིས“ཞིང་གསུམ”བྱ་བར་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པ།

  ཞིང་ལས་དེང་རབས་ཅན་དང་ཞིང་པ་འབྱོར་འབྲིང་དུ་བསྐྱོད་ཚད་ཇེ་མགྱོགས་སུ་གཏོང་དགོས་ན།ཏང་གིས་སྤྱི་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོའི་མགོ་ཁྲིད་སྲོག་ཤིང་ནུས་པ་མཐུན་སྦྱོར་བྱེད་པ་ངེས་པར་རྒྱུན་འཁྱོངས་བྱེད་པ་དང་།ཞིང་སྡེའི་བྱ་བའི་སྒྲིགས་སྲོལ་ནང་རྐྱེན་དང་ཐབས་ལམ་ལེགས་སྒྱུར་བྱས་ཏེ།ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་སྲུང་བསྟུད་མར་ཇེ་དྲག་ཏུ་གཏོང་བ།

  27.ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ།“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་ཏང་ཡོངས་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ་གཡོ་འགུལ་མི་འབྱུང་བ་རྒྱུན་འཁྱོངས་བྱས་ཏེ།བློ་ཐག་སྔར་ལས་རྦད་ཆོད་དང་ནུས་ཤུགས་སྔར་ལས་ཆེན་པོ་བཏོན་ནས་ཞིང་ལས་དང་ཞིང་སྡེའི་འབྱོར་འབྲིང་སྤྱི་ཚོགས་ཐད་ཀྱི་མི་འདང་ས་མྱུར་དུ་ཁ་བསྐང་བ།

  ཏང་ཨུས་གཅིག་གྱུར་གྱིས་མགོ་ཁྲིད་དང་ཏང་སྲིད་ཀྱིས་མཉམ་འཛིན་མཉམ་གཉེར།ཏང་ཨུའི་ཞིང་སྡེའི་བྱ་བའི་ཕྱོགས་བསྡུས་སྡེ་ཁག་གིས་གཅིག་གྱུར་མཐུན་སྦྱོར།སྡེ་ཁག་སོ་སོ་དང་དེའི་འགན་འཁུར་བའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་སྒྲིགས་སྲོལ་དང་བྱ་བའི་ནང་རྐྱེན་བཅས་བསྟུད་མར་འཐུས་ཚང་དུ་གཏོང་བ།“ཞིང་གསུམ”བྱ་བར་ཆ་རྒྱུས་ཡོད་པའི་ལས་བྱེད་པ་ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་ནང་གདམ་མངག་བྱེད་པར་དོ་སྣང་བྱེད་པ། 

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཞིང་གསུམ”གྱི་འཐབ་ཇུས་གོ་གནས་དང་།ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཐད་ཀྱི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་།ཞིང་པའི་རེ་འདུན་གསར་པ་དང་མཐུན་ཞིང་མང་ཚོགས་ཀྱི་རེ་བར་ཐུགས་ཁུར་བྱས་ཏེ།འབུར་ཐོན་གནད་དོན་ཐག་གཅོད་དང་།“ཞིང་གསུམ”བྱ་བ་ལེགས་བསྒྲུབ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང“ནན་གསུམ་རྣལ་གསུམ”གྱི་ཆེད་དམིགས་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ།ཞིང་འབྲེལ་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་བྱ་སྔར་ལས་ཇེ་ཉུང་དང་ཡང་ན་འོག་རིམ་དུ་སྟེར་བ།“ཞིང་གསུམ”གྱི་མིག་རྒྱང་རང་བཞིན་དང་སྤྱི་ཡོངས་རང་བཞིན།གསོག་འཇོག་རང་བཞིན་གྱི་སྲིད་ཇུས་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ།ཇུས་ཆོད་བློ་འདྲི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།ཞིང་སྡེའི་བཅོས་བསྒྱུར་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་བཏང་ནས།ས་གནས་མི་འདྲ་བར་ཁྱད་པར་ཅན་གྱི་འཚོལ་ཞིབ་བྱེད་དུ་འཇུག་པ་དང་སྐུལ་སློང་བྱེད་པ།ཆོག་མཆན་ཐོབ་པའི་ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ས་ཚིགས་ཀྱིས་བསྐྱར་དཔར་བྱེད་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ།འབྲེལ་ཡོད་སྲིད་ཇུས་འདོན་པ་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་མྱུར་དུ་བསྒྱུར་བཅོས་དང་འདོར་བསྐྱུར་བྱེད་པར་སྐུལ་འདེད་གཏོང་བ།ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་བྱ་བར་སྔར་ལས་སྐུལ་འདེད་གཏིང་ཟབ་གཏོང་བ།ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིབ་བཤེར་སྡོམ་རྩིས་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ།རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་ནན་ཏན་གྱིས་ལེགས་བསྒྲུབ་བྱེད་པ།སའི་གོ་ལ་ཡོངས་ཀྱི་ཞིང་ལས་གཞི་གྲངས་ལ་ཞིབ་བཤེར་དང་དབྱེ་ཞིབ་བྱེད་པའི་མ་ལག་མྱུར་དུ་འཛུགས་པ།ཞིང་སྡེའི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ།ཞིང་སྡེའི་ཐོན་དབང་སྲུང་སྐྱོབ་དང་ཞིང་ལས་ཚོང་ར་ཚད་ལྡན་གྱིས་འཁོར་སྐྱོད་བྱེད་པ།ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པ།ཞིང་ལས་ཐོན་ཁུངས་ཁོར་ཡུག་སོགས་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ།

  28.ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་མགོ་ཁྲིད་ཀྱི་སྲོག་ཤིང་གོ་གནས་ལ་གཡོ་འགུལ་མི་འབྱུང་བ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་འགོག་སྲུང་ནུས་པ་དང་ཏང་ཡོན་གྱི་གདོང་མཆོང་མིག་དཔེ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།ཏང་གིས་ཞིང་སྡེ་དང་གཞི་རིམ་དུ་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་བསྟུད་མར་ཇེ་བརྟན་དུ་གཏོང་བ།རིམ་པ་སོ་སོའི་ཏང་ཨུས་ཞིང་སྡེ་དང་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་པའི་འགན་འཁྲིའི་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱེད་པ་དང་།རྫོང་རིམ་པའི་ཏང་ཨུའི“ཡུལ་དངོས་དང་པོའི་བཀོད་འདོམས་པུའུ”ཡི་ནུས་པ་འདོན་སྤེལ་བྱས་ཏེ།ཞང་ཡོངས་ལ་སྐུལ་འདེད་དང་རྫོང་ཡོངས་ཇེ་མཐོར་གཏོང་བ་མངོན་འགྱུར་བྱེད་པ།གྲོང་ཁྱེར་དང་རྫོང་དང་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཡིས་ཞིང་སྡེ་དང་གཞི་རིམ་གྱི་ཏང་འཛུགས་སྐྲུན་དམ་འཛིན་བྱེད་པའི་གནད་དོན་རྩིས་ཐོ་དང་ལས་འགན་རྩིས་ཐོ།འགན་འཁྲིའི་རྩིས་ཐོ་བཅས་བཙུགས་ནས།གྲོང་ཁྱེར་དང་རྫོང་དང་ཞང་གི་ཏང་ཨུའི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་ཞིབ་སྤེལ་བ་རྒྱུན་འཁྱོངས་བྱེད་པ།ཞང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཁག་དང་ནང་སྒོས་སུ་ཏང་ཨུའི་ཧྲུའུ་ཅི་ལེགས་འདེམ་བྱས་ཏེ།ཞང་དང་གྲོང་རྡལ་ཏང་ཨུའི་བསམ་བློ་དང་ཀུན་སྤྱོད།ནུས་པ་བཅས་འཛུགས་སྐྲུན་བྱེད་པར་དངོས་གནས་ཤུགས་སྣོན་པ།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་གདམ་གསེས་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ།དོ་དམ་ལེགས་པོ་བྱེད་པ་དང་།ཞིང་སྡེའི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་བསྣན་ཏེ།གཉོམ་ཞན་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་བསྟུད་མར་ལེགས་སྒྱུར་དང་།“ཧྲུའུ་ཅི་དང་པོ”གདམ་མངག་བྱེད་པའི་བྱ་བ་ནན་ཏན་གྱིས་འཛིན་པ།གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་བཀོད་གསར་སྐྲུན་དང་འཐུས་ཚང་དུ་བཏང་ནས།ཏང་གི་རྩ་འཛུགས་དང་ཏང་གི་བྱ་བས་ཡོངས་སུ་ཁེབས་པ་དང་ནུས་ལྡན་གྱིས་ཁེབས་པ་བྱེད་པ།ནོར་སྲིད་ཀྱིས་མ་དངུལ་གཏོང་བ་གཙོ་ཡིན་པའི་གྲོན་དངུལ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས།སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འཁོར་སྐྱོད་གྲོན་དངུལ་དང་སྡེ་བའི་ལས་བྱེད་པའི་གླ་ཕོགས་དང་ཐོབ་ཆ་དངོས་འབེབས་བྱེད་པ།སློབ་ཆེན་པའི་སྡེ་དཔོན་གྱི་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ།རིམ་པ་སོ་སོའི་ཏང་ཨུ་དང་ནང་སྒོས་སུ་རྫོང་རིམ་པའི་ཏང་ཨུས་ཞིང་སྡེ་དང་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་དངོས་གནས་ལག་བསྟར་བྱེད་པ་དང་།སྒྲིགས་ཨུས་ལྟ་སྐུལ་ལེགས་པོ་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ཏེ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བླང་བྱ་དེ་སྡེ་བ་དང་གཞི་རིམ་དུ་དངོས་འབེབས་བྱེད་པ་དང་།འགན་འཁྲི་དངོས་འབེབས་མི་བྱེད་པ་དང་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་མི་བྱེད་ན་རྩད་གཅོད་ནན་མོ་བྱེད་པ།གཞི་རིམ་གྱི་ལས་བྱེད་པའི་ཀུན་སྤྱོད་བསྒྱུར་བའི་ཐད་ནུས་ཤུགས་བཏོན་ཏེ།བྱ་བ་མི་བསྒྲུབ་པ་དང་གང་འདོད་དུ་བསྒྲུབ་པའི་གནད་དོན་ཐག་གཅོད་པ་དང་།ཞིང་པ་མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་གནད་དོན་ལ་ལྟ་སྐུལ་ཞིབ་དཔྱད་བྱེད་ཤུགས་ཇེ་ཆེར་བཏང་ནས།གཙོ་བོ་ས་ཞིང་གཞུང་བསྡུ་དང་ཞིང་འབྲེལ་མ་དངུལ།དབུལ་སྐྱོར་གསར་སྤེལ།“རྒྱུ་ནོར་གསུམ”གྱི་དོ་དམ་སོགས་ཁྱབ་ཁོངས་སུ་ཡོད་པའི་རྫུན་ཞུ་གཡོ་ལེན་དང་བཀག་ཉར་ལྐོག་བགོ།རྔན་ལེན་གཞན་སྤྱོད་སོགས་ཞིང་པ་མང་ཚོགས་ཀྱི་ཁེ་དབང་ལ་གནོད་པའི་གནད་དོན་རྩད་གཅོད་བྱེད་པ་དང་།ཞིང་པས་ལྟ་སྐུལ་དོ་དམ་བྱེད་པར་འགན་ཁུར་པའི་བྱ་བར་ཤུགས་སྣོན་པ།

  29.ཞིང་གྲོང་བཅོས་སྐྱོང་བྱེད་པའི་ནང་རྐྱེན་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བ།ཞང་དང་གྲོང་རྡལ་གྱི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་དུ་སྲིད་འཛིན་དོ་དམ་སྒྲིགས་སྲོལ་བཅོས་བསྒྱུར་བྱེད་ཚད་གཏིང་ཟབ་ཏུ་གཏོང་བའི་ཁྲིད་སྟོན་བསམ་འཆར་ཞིབ་འཇུག་བྱས་ནས་འདོན་པ།ཁྲིམས་ལྟར་སྡེ་མིས་རང་སྐྱོང་ལག་ལེན་བྱེད་པ་དང་།སྡེ་བའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་སྡེ་དམངས་རང་སྐྱོང་ནུས་ལྡན་སྒོས་མངོན་འགྱུར་འབྱུང་བ་འཚོལ་ཞིབ་བྱེད་པ།ཞིང་སྡེ་དང་སྡེ་ཁུལ་གྱི་འཛུགས་སྐྲུན་ཚོད་ལྟའི་ས་ཚིགས་ཀྱི་བྱ་བ་གཏིང་ཟབ་ཏུ་བཏང་ནས།རྣམ་མང་མཉམ་སྐྱོང་གི་ཞིང་སྡེ་དང་སྡེ་ཁུལ་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། དོན་དངོས་ཀྱི་དགོས་མཁོ་ཆེ་བའི་ས་ཆ་རུ་སྡེ་དམངས་ཚན་ཆུང་དང་རང་བྱུང་སྡེ་བ་གཞི་རྩའི་རྩིས་གཞི་ཡིན་པའི་སྡེ་དམངས་རང་སྐྱོང་ཚོད་ལྟ་ས་ཚིགས་འཛུགས་པ།དངོས་གཉེར་དང་སྤྱོད་གོ་ཆོད་པའི་སྡེ་དམངས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་རྣམ་པ་གཞན་པའི་སྡེ་དོན་ལྟ་སྐུལ་ལས་ཁུངས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།ཞིང་གྲོང་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་སྡེ་སྲོལ་དམངས་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།ཞིང་འབྲེལ་ཡིག་བསྐུར་ངོ་གཏུག་གི་འབུར་ཐོན་གནད་དོན་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ།ཞིང་སྡེའི་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་རོགས་སྐྱོར་ལ་ཤུགས་སྣོན་པ།རྫོང་དང་ཞང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་པར་སྐུལ་འདེད་བཏང་སྟེ།ཞིང་སྡེའི་བདེ་སྐྱོང་དོགས་ཟོན་མ་ལག་འཐུས་ཚང་དུ་གཏོང་བ།ཞིང་སྡེའི་གོམས་སྲོལ་མི་ལེགས་པ་ཆེད་དམིགས་བཅོས་སྐྱོང་བྱེད་པ་དང་།ཞིང་སྡེའི་འཆལ་རྒྱན་དུག་གསུམ་དང་ཁྲིམས་འགལ་ཆོས་ལུགས་བྱ་འགུལ་སོགས་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པ།ཞིང་སྡེའི་ཐོན་སྐྱེད་དང་འཚོ་བའི་སྒྲིགས་ལམ་ལ་གཏོར་བརླག་གཏོང་བ་དང་ཞིང་པའི་རྒྱུ་ནོར་དང་ཚེ་སྲོག་ལ་གནོད་འཚེ་གཏོང་བའི་ཉེས་བསགས་བྱ་འགུལ་ལ་ཁྲིམས་ལྟར་རྡུང་རྡེག་བྱེད་པ།

  30.ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་འདུན་མའི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་།ཞིང་སྡེའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་སྐྱེད་སྲིང་དང་དར་སྤེལ་གཏོང་བ།ཞིང་པའི་རྒྱལ་ཁབ་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས།སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་སློབ་གསོར་ཤུགས་སྣོན་པ།གན་རྒྱའི་བསམ་བློ་དང་ཚན་རིག་དང་མཐུན་པའི་བསམ་བློ་དར་སྤེལ་གཏོང་བ་བཅས་བྱས་ཏེ།ཞིང་པའི་དཔལ་ཡོན་སྤུས་ཚད་དང་ཞིང་པའི་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ།དཔལ་ཡོན་སྡེ་བ་དང་གྲོང་རྡལ།“སྐར་རིམ་དཔལ་ཡོན་ཁྱིམ་ཚང་།”“ལྔ་བཟང་དཔལ་ཡོན་ཁྱིམ་ཚང”བཅས་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ།དཔལ་ཡོན་ཞང་སྲོལ་དང་ཁྱིམ་སྲོལ་བཟང་པོ།ཞང་གསར་པའི་འཇོན་མིའི་རིག་གནས་བཅས་སྐྱེད་སྲིང་བྱེད་པ།ཕུལ་བྱུང་ཅན་གྱི་གཞི་རིམ་ལས་བྱེད་པ་དང་ཀུན་སྤྱོད་དཔེ་ལེགས་ཅན།ཉེ་འགྲམ་གྱི་མི་བཟང་པོ་བཅས་ཀྱི་སྔོན་ཐོན་གནས་ཚུལ་དྲིལ་སྒྲོག་རྒྱ་ཆེར་གཏོང་བ།ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་གཏོང་བ་དང་།གོམས་སྲོལ་བསྒྱུར་བ་ལེགས་འཛིན་བྱས་ཏེ།བདེ་ཐང་དང་དཔལ་ཡོན་ལྡན་པའི་རྣམ་པ་གསར་པ་འཛུགས་པ།

  ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ།དཀའ་སྤྱད་འབད་བརྩོན་དང་དངོས་འཛིན་དངོས་སྒྲུབ།དཀའ་གནད་འགག་སྒྲོལ་བཅས་ཀྱིས།ཞིང་ལས་དང་ཞིང་སྡེའི་བྱ་བའི་རྣམ་པ་གསར་པ་བསྐྲུན་པར་འབད་པ་དང་།

  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་རྒྱལ་ཕམ་ཐག་གཅོད་པའི་དུས་རིམ་དུ་རླབས་ཆེན་རྒྱལ་ཁ་ཐོབ་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།