ཀྲུང་གོ་བོད་ཀྱི་དྲ་བ།

གཏེར་ཁུངས་སྔོག་འདོན་བྱེད་དུས་ཁོར་ཡུག་སྦགས་བཙོག་བཟོས་ནས་ཐོན་སྐྱེད་དང་ཚོང་གཉེར་ལ་གྱོང་གུད་བཟོས་ན་འགྲིག་གམ།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

2000ལོར།གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་ཞིག་གིས་ཕྱི་རོལ་ཏུ་རྡོ་སོལ་གཏེར་ཁ་ཞིག་འཛུགས་སྐྲུན་བྱེད་སྐབས།ངལ་རྩོལ་ཞབས་ཞུ་ཀུང་སི་ཞིག་གིས་དེའི་ཉེ་འགྲམ་དུ་ཁྱིམ་བྱ་གསོ་སྤེལ་ར་བ་ཞིག་བཙུགས་ཡོད་པ་དེ་ལིག་ཆེ་གེ་མོར་འགན་གཙང་ལེན་བྱེད་པའི་གན་རྒྱ་བཞག འགན་གཙང་ལེན་བྱེད་ཡུན་ལོ4ལ་གཏན་ཁེལ་བྱས།

2000ལོའི་ཟླ་བཞི་པ་ནས་ཟླ་བརྒྱད་པའི་བར།ལིག་ཆེ་གེ་མོས་སྔ་གཞུག་ཏུ་བྱ་ཕྲུག8200ལྷག་ཉོས་ནས་ཁྱིམ་བྱ་གསོ་སྤེལ་ར་བ་ནས་གསོས།ལོ་དེའི་ཟླ་བཅུ་པ་ནས་བཅུ་གཉིས་པའི་བར་བྱ་ཕྲུག་འདི་དག་ནི་སྒོ་ང་གཏོང་ཚད་ལ་བསླེབས་ཡོད།དུས་མཚུངས་སུ་གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་གིས་ཀྱང་ཕྱི་རོལ་རྡོ་སོལ་གཏེར་ཁའི་གས་གཏོར་གྱི་ལས་མགོ་བཙུགས།དེ་ལས་བྱུང་བའི་ས་འདར་དང་འུར་སྒྲས་ཁྱིམ་བྱ་གསོ་སྤེལ་ར་བའི་བྱ་ཁྱུ་ལ་སྐྲག་སྣང་སྐུལ་བས།གློ་བུར་དུ་སྒོ་ང་གཏོང་ཚད་ཇེ་དམའ་རུ་སོང་བ་མ་ཟད་ཁ་ཤས་ལ་ཤི་རྐྱེན་ཐེབས་སོང་།

2002ལོའི་ལོ་སྟོད་དུ་ལིག་ཆེ་གེ་མོས་བྱ་ཆེ་བ་ཚང་མ་བཙོང་སྟེ་རྩིས་བརྒྱབ་ནས་ཤེས་གསལ་ལྟར་ན།གོང་གསལ་དོན་དག་དེ་ལས་ལིག་ཆེ་གེ་མོར་ཁེ་སྤོགས་སྒོར་ཁྲི་གཅིག་ལྷག་གི་གྱོང་གུད་ཐེབས་པ་རེད།དེ་བས་ལིག་ཆེ་གེ་མོས་ཞིང་ཆེན་དེའི་ཕྱུགས་ལས་ཚན་རྩལ་སློབ་གླིང་གི་ཕྱུགས་སྨན་ཞིབ་འཇུག་ཁང་གི་ཆེད་མཁས་མི་སྣ་གདན་ཞུ་བྱས་ན་བརྟག་དཔྱད་བྱེད་དུ་བཅུག ཁོ་ཚོས་ལིག་ཆེ་གེ་མོའི་ཁྱིམ་བྱ་གསོ་སྤེལ་ར་བའི་ཁྱིམ་བྱ་གསོན་པོ་དང་ཤི་བོའི་མ་དཔེར་ཟུར་ལེན་བྱས་ནས།ནད་གཞི་བརྟག་དཔྱད་དང་ཞིབ་བཤེར་བྱས་པར། ཡུན་རིང་ལ་འགད་རྫས་བརྒྱབ་པའི་ས་འདར་དང་འུར་སྒྲ་ཡིས་བྱ་ཁྱུ་སྐྲག་པ་ལས་སྒོ་ང་གཏོང་ཚད་ཇེ་དམར་འགྲོ་བའི་ནད་བྱུང་བ་རེད་ཅེས་བསྡོམས་ཚིག་བཀོད། རྗེས་སུ་གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་གིས་ས་གནས་དེའི་ས་འགུལ་ཅུས་དང་ཁོར་ཡུག་སྲུང་སྐྱོང་ཅུས་གཉིས་མངག་བཅོལ་བྱས་ནས།རྡོ་སོལ་གཏེར་ཁའི་འགད་རྫས་བརྒྱབ་པའི་ས་འདར་དང་འུར་སྒྲ་ལ་ལྟ་ཞིབ་རྩིས་ལེན་བྱས།དེའི་བསྡོམས་ཚིག་ནི་ས་འདར་གྱི་མགྱོགས་ཚད་དང་འུར་སྒྲ་གཉིས་གང་ཡང་རྒྱལ་ཁབ་ཀྱིས་གཏན་ཁེལ་ཚད་རིམ་ལས་བརྒལ་མེད་ཟེར།

ལིག་ཆེ་གེ་མོས་ས་གནས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས། གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་གིས་འགད་རྫས་བརྒྱབ་པའི་རྐྱེན་གྱིས།ཁྱིམ་བྱའི་སྒོ་ང་གཏོང་ཚད90%ནས10%ལ་ལྷུང་བར་མ་ཟད།ཁྱིམ་བྱ་འགའ་རེ་ཤི་བའི་སྣང་ཚུལ་ཡང་བྱུང་ཡོད།དེ་བས་གཏུག་ཡུལ་གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་གིས་སྒོར་ཁྲི་བཞི་ཡིས་སྐྱིན་ཚབ་འཇལ་དགོས་ཞེས་རེ་བ་བཏོན།

གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་གིས་གཏེར་ཁ་བརྐོས་ནས་འགད་རྫས་རྒྱག་པ་ནི།ཁྲིམས་འགལ་མིན་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་བཀོད་ཡོད་པ་ཞིག་ཡིན་པས།གནོད་འཚེ་བཏང་སོང་ཟེར་བར་གཞི་འཛིན་ས་མེད།དེ་བས་སྐྱིན་ཚབ་འཇལ་བའི་འགན་མི་འཁུར་ཟེར།

ས་གནས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་གིས་ལས་མགོ་བཟུང་ནས་འཛུགས་སྐྲུན་བྱེད་སྐབས། ཁྱིམ་བྱ་གསོ་སྤེལ་ར་བ་སྔོན་ནས་བཙུགས་ཡོད་པར་མ་ཟད་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་།ཁྱིམ་བྱ་གསོ་སྤེལ་ར་བ་བཙུགས་པའང་འབྲེལ་ཡོད་གཏན་ཁེལ་དང་འགལ་མེད་པ་རེད་ཟེར།  གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་གིས་ཡུན་རིང་བོར་འགད་རྫས་བརྒྱབ་ནས་ལས་ཀ་བསྒྲུབས་པས།ས་འདར་དང་འུར་སྒྲ་ཡིས་ལིག་ཆེ་གེ་མོའི་ཁྱིམ་བྱ་གསོ་སྤེལ་ར་བའི་ཁྱིམ་བྱར་མཁོ་བའི་ཁོར་ཡུག་ལ་གཏོར་བརླག་བཟོས་པ་དང་།བྱ་ཁྱུ་ཡི་ལུས་ཁམས་དང་སེམས་ཁམས་ལ་གནོད་པ་བཟོས་པའི་རྐྱེན་གྱིས་སྒོ་ང་གཏོང་ཚད་ཇེ་དམར་སོང་བས་ན།སྐྱིན་ཚབ་འགན་འཁྲི་འཁུར་འོས་ཟེར།

ཕྲན་དཔྱད།

རང་རྒྱལ་གྱི《གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས》ལས་དོན་ཚན་སོ་གཉིས་པའི་ནང་ཚན་གསུམ་པའི་གཏན་ཁེལ་ལྟར་ན།གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱས་ནས་གཞན་གྱི་ཐོན་སྐྱེད་དང་འཚོ་བར་གྱོང་གུད་བཟོས་ན།སྐྱིན་ཚབ་ཀྱི་འགན་འཁུར་དགོས་པ་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་གྱོང་གུད་སླར་གསོ་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།

འདི་ནི་གཏེར་ཁུངས་སྔོག་འདོན་ཁེ་ལས་སྡེ་ཁག་གིས་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་སྐབས་ཡུན་རིང་བོར་འགད་རྫས་བརྒྱབ་པས།ཉེ་འཁོར་ཁྱིམ་བྱ་གསོ་སྤེལ་ར་བའི་བྱ་ཁྱུའི་སྒོ་ང་གཏོང་ཚད་ཇེ་དམའ་རུ་བཏང་བའི་གྱོད་གཞི་ཞིག་རེད།གྱོད་དོན་འདི་ནི་གཏེར་ཁུངས་སྔོག་འདོན་བྱེད་དུས་ཁོར་ཡུག་སྦགས་བཙོག་བཟོས་ནས་ཐོན་སྐྱེད་དང་ཚོང་གཉེར་ལ་གྱོང་གུད་བཟོས་པའི་ཁོངས་སུ་གཏོགས།དེའི་རྐྱེན་གྱིས་གཏེར་ཁ་ཁེ་ལས་ཀྱི་མཉམ་འཇོག་དགོས་པ་ནི།

(1)གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་དུས་ངེས་པར་དུ་འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ནས།ཁོར་ཡུག་སྦགས་བཙོག་བཟོ་བར་སྔོན་འགོག་བྱ་དགོས།

(2)གཏེར་ཁ་སྔོག་འདོན་བྱས་ནས་གཞན་གྱི་ཐོན་སྐྱེད་དང་འཚོ་བར་གྱོང་གུད་བཟོས་ན་སྐྱིན་ཚལ་འཇལ་དགོས།


 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།