གྱོད་དཔེ།
དོན་གྲུབ་ཚང་གི་དབྱར་སའི་སྟེང་དུ་རྡོ་སོལ་གཏེར་ཁ་ཡོད་པ་ཤེས་ནས།དོན་གྲུབ་ཀྱིས་ལྐོག་ཏུ་ས་སློག་འཕྲུལ་ཆས་ཉོས་ནས་རྡོ་སོལ་འབོར་ཆེན་སློག་པ་རེད།ཚུལ་དེ་སྐལ་བཟང་གིས་ཤེས་ནས་མི་སྒེར་གྱིས་གང་འདོད་དུ་གཏེར་རྫས་སློག་མི་ཆོག་པར་བཤད་མོད། དོན་གྲུབ་ཀྱིས་རང་གི་རྩྭ་སའི་སྟེང་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པ་ཡིན་ན་རྡོ་སོལ་སློག་མི་ཆོག་ག་ལ་ཡོད་ཅེས་བཤད་པ་རེད།
ཕྲན་དཔྱད།
གཏེར་རྫས་ཐོན་ཁུངས་ཀྱི་བདག་དབང་རྒྱལ་ཁབ་ལ་ཡོད།ཡིན་ཡང་ཞིང་པ་མི་སྒེར་གྱིས་གཏེར་ཁ་བརྐོ་མི་ཆོག་པ་མ་རེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན་གྱ་གཅིག་པའི་གཏན་ཁེལ་ལྟར་ན།རྒྱལ་ཁབ་ལ་དབང་བའི་གཏེར་ཁ་ཁྲིམས་ལྟར་དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ལས་ཁུངས་དག་ལ་སྔོག་འདོན་བྱེད་དུ་བཅུག་ཆོག་ལ།ཁྲིམས་ལྟར་སྤྱི་དམངས་ལ་སྔོག་འདོན་བྱེད་དུ་བཅུག་ཀྱང་ཆོག རྒྱལ་ཁབ་ཀྱིས་ཁྲིམས་མཐུན་གྱི་གཏེར་ཁུངས་སྔོག་འདོན་བྱེད་མཁན་ལ་སྲུང་སྐྱོང་བྱེད་ངེས། 《གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས》ཀྱི་དོན་ཚན་སོ་ལྔའི་ནང་གཏན་ཁེལ་བྱས་པ་ལྟར་ན། རྒྱལ་ཁབ་ཀྱིས་ཐུན་མོང་གི་གཏེར་རི་ཁེ་ལས་དང་མི་སྒེར་གྱི་སྔོག་འདོན་བྱེད་པར་ཧུར་ཐག་གིས་རྒྱབ་སྐྱོར་དང་ཁྲིམས་མཐུན་གྱི་འཆར་འགོད།ཡང་དག་པའི་སྣེ་ཁྲིད། དོ་དམ་ལ་ཤུགས་སྣོན་པ་བཅས་ཀྱི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པ་དང་།ཐུན་མོང་གི་གཏེར་རི་ཁེ་ལས་དག་རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པའི་གཏེར་རྫས་ཐོན་ཁུངས་ཀྱི་ཁྱབ་ཁོངས་ནང་ཁུལ་དུ་སྔོག་འདོན་བྱེད་པར་སྐུལ་འདེད་བྱེད་པ། མི་སྒེར་གྱི་ཐར་ཐོར་དུ་གནས་པའི་ཐོན་ཁུངས་དང་རྒྱུན་ལྡན་གྱི་བཟོ་བཀོད་སྟེང་བཀོལ་སྤྱོད་བྱེད་བཞིན་པའི་རྡེའུ་ཟེགས་དང་རྡོ།ས་སོགས་འཚོ་བའི་ནང་བཀོལ་སྤྱོད་བྱེད་པའི་གཏེར་རྫས་ཉུང་ཙམ་སློག་ཆོག་པ་རེད།《གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས》ལས་གཏེར་ཁུངས་སྔོག་འདོན་བྱེད་པར་ཞིབ་བཤེར་ཆོག་མཆན་གནང་ནས་སྔོག་འདོན་དཔང་ཡིག་ལེན་པ་སོགས་ཀྱི་གོ་རིམ་བརྒྱུད་རྗེས་ད་གཟོད་སྔོག་འདོན་བྱས་ཆོག་པ་དང་།ཞིབ་བཤེར་ཆོག་མཆན་བྱ་བའི་དོ་དམ་སྐོར《གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས》ནང་གཏན་ཁེལ་བྱས་པ་ལྟར།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཁྲིམས་ལྟར་གཏན་འབེབ་བྱས་པ་གཞི་འཛིན་དགོས།ལག་ལེན་བྱེད་པའི་གོ་རིམ་ཁྲོད།ས་གནས་སོ་སོའི་རང་ས་གནས་ཀྱི་གནས་ཚུལ་དངོས་དང་བསྟུན་ནས་མི་སྒེར་གྱི་བེད་མེད་དུ་ལུས་པའི་གཏེར་རྫས་ཐོན་ཁུངས་དག་བརྐོ་བ་དང་རྡེའུ་ཟེགས་བརྐོ་བ།ས་དམར་ཐོན་ཁུངས་བརྐོ་བ་སོགས་ལ་རེ་རེ་བཞིན་ཞིབ་བཤེར་ཆོག་མཆན་གྱི་དབང་ཆའི་ཁྱབ་ཁུངས་གསལ་བོར་འགོད་པ་དང་གཏེར་ཁུངས་སྔོག་འདོན་དབང་ཡིག་སྟེར་བ་སོགས་ཀྱི་བྱེ་བྲག་གིས་གཏན་ཁེལ་བྱེད་དགོས་ལ། སྒེར་གྱི་གཏེར་ཁུངས་སྔོག་འདོན་བྱེད་པར་སྔོག་འདོན་དཔང་ཡིག་བླངས་རྗེས་དཔང་ཡིག་བཟུང་ནས་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་ལ་སོང་ནས་ལས་གཉེར་ཆོག་མཆན་དཔང་ཡིག་རེ་ཞུ་བྱས་རྗེས་ད་གཟོད་སྔོག་འདོན་བྱས་ཆོག་པ་རེད།