ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འགལ་གྱིས་གཏེར་རིགས་སྔོག་འདོན་བྱེད་པའི་བྱས་ཉེས་ལ་ངོས་འཛིན་ཇི་ལྟར་བྱེད་དགོས།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

2002ལོའི་ཟླ་བདུན་པའི་ནང་།ཐང་གོར་མོ་གྲོང་ཁྱེར་ཡང་ཨན་ཀྲིན་གྱི་ལས་སྒུག་པ་ཝང་ཆེ་གེ་མོས་ཉིན་རེར་མི་རེར་སྒོར་སུམ་ཅུ་བྱིན་ནས་ཀོས་ཀྲིག་དང་སི་ཁྲོན་ཞིང་ཆེན་གྱི་མི་བཅུ་ཙམ་གླས།ཀོང་ཞི་ཞིང་ཆེན་དུ་སོང་ནས་ཁྲིམས་འགལ་གྱིས་ཀུང་སི་རྙིང་བའི་གཏེར་འདེམས་ས་ཁོངས་ཀྱི་གཏེར་ཁ་བཞི་བསློག་ནས་ཞི་གཏེར་སྔོག་འདོན་བྱས།ཉིན་རེར་ཞི་གཏེར་རྫས་ཏུན་གཅིག་ཡན་སྔོག་འདོན་བྱེད་བཞིན་ཡོད།དེའི་ཤེལ་གྱི་དྭངས་ཚད་བརྒྱ་ཆའི་ལྔ་ནས་བརྒྱ་ཆའི་གཅིག་ཟིན། ཐང་གོར་མོ་གཏེར་ཁ་ཐོན་ཁུངས་དོ་དམ་སྡེ་ཁག་གིས་ཐེངས་དུ་མར་མི་མངགས་ནས་ཁྲིམས་འགལ་གྱིས་སྔོག་འདོན་ལ་བཀག་འགོག་བྱས་ཀྱང་།ཝང་ཆེ་གེ་མོས་དེར་ཁ་ཡ་མ་བྱས་པར་སྔར་བཞིན་གཏེར་ཁ་སྔོག་འདོན་བྱས།ཝང་ཆེ་གེ་མོས་ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་སྲུང་སྐྱོང་རང་བཞིན་གྱི་དམིགས་བཙུགས་གཏེར་རིགས་ཞི་གཏེར་སྔོག་འདོན་བྱས་ཏེ།རྒྱལ་ཁབ་ཀྱི་འཆར་འགོད་དང་དམིགས་བཙུགས་གཏེར་རིགས་སྔོན་འདོན་བྱེད་པའི་ཐད་གཏོར་བརླག་བཟོས།

ཕྲན་དཔྱད།

ཁྲིམས་འགལ་གྱིས་གཏེར་རིགས་སྔོག་འདོན་བྱེད་པའི་བྱས་ཉེས་ནི་གསར་དུ་ཁ་སྣོན་བྱས་པའི་བྱས་ཉེས་ཤིག་ཡིན། ཁྲིམས་འཛིན་གྱི་ལག་ལེན་ཁྲོད་དེར་རག་ལས་པའི་གནས་ཚུལ་ཤིན་ཏུ་མང་སྟེ།གནས་ཚུལ་འདི་དག་གཙོ་བོར་བྱས་ཉེས་ངོས་འཛིན་སྟངས་ནས་ཕྱིར་མངོན་བཞིན་ཡོད།ཁྲིམས་འགལ་གྱིས་གཏེར་རིགས་སྔོག་འདོན་བྱེད་པའི་བྱས་ཉེས་ནི།གཏེར་རྫས་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས་ནང་བཀོད་པའི་གཏན་འབེབས་དང་འགལ་ནས།གཏེར་འདོན་བྱེད་པར་ཆོག་མཆན་མ་ཐོབ་པར་གང་འདོད་ཀྱིས་གཏེར་རིགས་སྔོག་འདོན་བྱས་པ་དང་།གང་འདོད་ཀྱིས་རྒྱལ་ཁབ་ཀྱི་འཆར་འགོད་གཏེར་ཁུལ་དང་།རྒྱལ་དམངས་དཔལ་འབྱོར་ལ་གནད་ཆེའི་རིན་ཐང་ལྡན་པའི་གཏེར་ཁུལ།མི་གཞན་དག་གི་གཏེར་ཁུལ་ཁྱབ་ཁོངས་སུ་འཛུལ་ནས་གཏེར་འདོན་བྱས་པར།རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སྲུང་སྐྱོང་རང་བཞིན་གྱིས་དམིགས་བཙུགས་གཏེར་རིགས་ལ་ཚད་ལས་བརྒལ་པར་སྔོག་འདོན་བྱས་པ་བཅས་སྔོག་འདོན་བྱེད་མཚམས་འཇོག་ཏུ་བཅུག་ཀྱང་།སྔོག་འདོན་བྱེད་མཚམས་གཏན་ནས་མ་བཞག་པར་གཏེར་རྫས་ཐོན་ཁུངས་ལ་གཏོར་བརླག་བཟོས་པའི་བྱ་སྤྱོད་ཅིག་ཡིན།

གཅིག བྱས་ཉེས་འདིའི་དམིགས་ཡུལ་ནི་གཏེར་ཁུངས་ཐོན་རྫས་ཏེ།དེའི་ནང་གཏེར་རྫས་དང་གཏེར་རྫས་འདོན་སྤེལ་གྱི་ར་བ་ཕྱོགས་གཉིས་ཀྱི་ནང་དོན་འདུ། ཐོན་ཁུངས་གཞན་རིགས་ནི་བྱས་ཉེས་འདིའི་དམིགས་ཡུལ་དུ་བྱེད་མི་རུང་།

གཉིས།བྱས་ཉེས་འདིའི་ཕྱི་ཡུལ་གྱི་བྱེ་བྲག་གི་རྣམ་པ་ནི་གང་འདོད་ཁྲིམས་འགལ་གྱིས་གཏེར་ཁ་འདོན་པ་ཡིན།གང་འདོད་ཁྲིམས་འགལ་གྱིས་གཏེར་ཁ་འདོན་པ་ཞེས་པ་ནི། གཏེར་འདོན་བྱེད་པར་ཆོག་མཆན་མ་ཐོབ་པར་གང་འདོད་ཀྱིས་གཏེར་འདོན་བྱས་པ་དང་།གང་འདོད་ཀྱིས་རྒྱལ་ཁབ་ཀྱི་འཆར་འགོད་གཏེར་ཁུལ་དང་རྒྱལ་དམངས་དཔལ་འབྱོར་ལ་གནད་ཆེའི་རིན་ཐང་ལྡན་པའི་གཏེར་ཁུལ།རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སྲུང་སྐྱོང་རང་བཞིན་གྱིས་དམིགས་བཙུགས་གཏེར་རིགས་དང་།ཚད་ལས་བརྒལ་པར་སྔོག་འདོན་བྱས་པའི་གཏེར་རིགས།ཡང་ན།གཏེར་ཁུངས་འདོན་པའི་ཆོག་མཆན་འཛིན་ཡིག་ཡོད་ཀྱང་།ཆོག་མཆན་འཛིན་ཡིག་ཐོག་གི་གཏེར་འདོན་ཁྱབ་ཁོངས་ནང་ལྟར་གཏེར་ཁ་མི་འདོན་པའི་རིགས།རྒྱལ་ཁབ་ཀྱིས་གཏེར་ཁའི་ཐོན་ཁུངས་ལ་ཚད་བཀག་བྱས་ཡོད་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《གཏེར་རྫས་ཐོན་ཁུངས་འདོན་སྤེལ་ཐོ་འགོད་དོ་དམ་བྱེད་ཐབས》ནང་གཏན་འབེབས་བྱས་པའི་རྡོ་སྣུམ་དང་རང་བྱུང་མཁའ་དབུགས་གཏེར་རིགས་དག་སྒེར་ཉིད་ཀྱིས་འདོན་སྤེལ་བྱེད་མི་རུང་།

གསུམ། བྱས་ཉེས་འདི་གྲུབ་པ་ལ་ངེས་པར་གནོད་འཚེ་མཇུག་འབྲས་ཡོད་དགོས་ཏེ། གཏོར་བརླག་གི་བྱ་སྤྱོད་ཡོད་ལ་གཏོར་བརླག་གི་མཇུག་འབྲས་མེད་ན་བྱས་ཉེས་སུ་མི་གྲུབ་པ་ཡིན།བྱ་སྤྱོད་བྱེད་མཁན་གྱིས་གོང་གི་གང་འདོད་དུ་ཁྲིམས་འགལ་གྱིས་གཏེར་འདོན་བྱ་སྤྱོད་ལག་བསྟར་བྱེད་པ་ལས་གཞན།ད་དུང་སྔོག་འདོན་བྱེད་མཚམས་འཇོག་ཏུ་བཅུག་ཀྱང་།སྔོག་འདོན་བྱེད་མཚམས་མ་བཞག་པར་གཏེར་རྫས་ཐོན་ཁུངས་ལ་གཏོར་བརླག་བཟོས་པའི་བྱ་སྤྱོད་ཅིག་ཡིན།

གོང་གི་གྱོད་དོན་འདི་ལས་ཝང་ཆེ་གེ་མོས་མི་གཞན་གླས་ནས་ཁྲིམས་འགལ་གྱིས་གང་འདོད་དུ་གཏེར་ཁ་སྔོག་འདོན་བྱས་པ་དང་།རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་སྲུང་སྐྱོང་རང་བཞིན་གྱི་དམིགས་བཙུགས་གཏེར་ཁ་སྔོག་འདོན་བྱས་པ།ཐེངས་འགར་སྔོག་འདོན་བྱེད་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡང་།རང་མོས་ཀྱིས་གཏེར་ཁ་སྔོག་འདོན་བྱས་པས་བྱ་སྤྱོད་འདི་ནི་ཁྲིམས་འགལ་གྱི་གཏེར་རིགས་སྔོག་དོན་བྱེད་པའི་བྱས་ཉེས་སུ་གྲུབ་ཡོད་པ་རེད། 


 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།