གྱོད་དཔེ།
གྲོང་ཁྱེར་ག་གེ་མོའི་སློབ་འབྲིང་ཞིག་གིས་རྒྱུན་ཤེས་བཅའ་ཁྲིམས་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་སློབ་མ་རྣམས་ལ།ཁྱོད་ཚོ་ནི་ནར་མ་སོན་པའི་བྱིས་པ་རེད།དེས་ན་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ཚེ་ཆད་གཅོད་བྱེད་དགོས་སམ་ཞེས་དྲིས་པ་ན།སློབ་གྲོགས་ཚེ་རིང་མྱུར་དུ་ཡར་ལངས་ཏེ།ང་ཚོ་ནི་ནར་མ་སོན་པའི་བྱིས་པ་ཡིན་པས་ཆད་གཅོད་བྱས་ན་མི་འོས།རྒྱུ་མཚན་ནི་ང་ཚོར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་བཞིན་ཡོད་ཅེས་བཤད།སློབ་གྲོགས་ཚེ་རིང་གིས་བཤད་པ་ནང་བཞིན་ནར་མ་སོན་པའི་བྱིས་པ་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ན་ཁྲིམས་ཆད་མི་ཕོག་གམ།
བཅའ་ཁྲིམས་དབྱེ་ཞིབ།
སློབ་གྲོགས་ཚེ་རིང་གི་ལྟ་ཚུལ་ནི་ནོར་འཁྲུལ་ཅན་ཞིག་རེད།གལ་ཏེ་ནར་མ་སོན་པའི་བྱིས་པ་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ན་ངེས་པར་འོས་འཚམ་གྱི་ཁྲིམས་ཆད་ཕོག་ངེས་ཡིན།ལོ་ན་བཅུ་བཞི་ནས་བཅོ་བརྒྱད་བར་གྱི་བྱིས་པ་རྣམས་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ན་ཆད་པ་ཡང་མོ་གཅོད་འོས་ལ།ལོ་བཅུ་བཞི་ལ་མ་སོན་པའི་བྱིས་པ་རྣམས་ཁྲིམས་དང་འགལ་ཚེ་ཆད་པ་གཅོད་མི་རུང་།ཡིན་ནའང་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་ལྟ་སྐྱོང་བྱེད་མཁན་ལ་ལེ་བདའ་བྱས་ཏེ་རྗེས་ཕྱོགས་ཁོ་ཚོར་སློབ་གསོ་གཏོང་དགོས་པའི་རེ་བ་ནན་མོ་འདོན་དགོས།ཐེངས་དང་པོར་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་ལོ་ན་བཅུ་བཞི་ནས་བཅུ་དྲུག་བར་གྱི་བྱིས་པའམ་ཡང་ན་ལོ་ན་བཅུ་དྲུག་ནས་བཅོ་བརྒྱད་བར་གྱི་བྱིས་པར་བདེ་འཇགས་དོ་དམ་བཅའ་ཁྲིམས་ལྟར་སྲིད་འཛིན་བཀག་སྐྱིལ་བྱེད་འོས་ནའང་དེ་ལྟར་བྱས་མི་ཆོག
སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱིས་པ་ལ་བདེན་དོན་དང་བཅའ་ཁྲིམས་གཞི་རྩ་རུ་བཟུང་སྟེ་ཁོ་ཚོ་ལ་སློབ་གསོ་དང་བློ་འགུགས་བྱས་ནས་ལོག་ལམ་ལས་ཕྱིར་འདྲེན་དགོས།འཇིགས་སྐུལ་དང་མགོ་སྐོར།བསླུ་བྲིད་བཅས་ཀྱི་ཐབས་ལ་བརྟེན་ནས་བདེན་དཔང་བཙན་ལེན་བྱས་མི་ཆོག་ལ།བཙན་འདྲི་དེ་བས་ཀྱང་བྱས་མི་ཆོག དུས་མཚུངས་སུ་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་བྱིས་པའི་མཚན་སྙན་སྲུང་སྐྱོབ་བྱེད་དགོས་ཏེ།ཉེས་དོན་དང་འབྲེལ་བའི་བྱིས་པའི་མིང་དང་སྡོད་གནས།འདྲ་པར་སོགས་ཕྱིར་བསྒྲགས་མི་ཆོག བཀག་སྐྱིལ་དང་ཉེས་འདོན།ཞུ་གཏུག ཡང་ན་རང་འགུལ་གྱིས་སྐྱོན་ཁས་ལེན་བྱས་པའི་བྱིས་པར་ཁྲིམས་ལྟར་ཞིབ་བཤེར་བྱས་ཏེ་གྱོད་དོན་ཐག་གཅོད་བྱེད་དགོས་མིན་ལ་ལྟ་དགོས།འདྲི་བརྩད་བྱ་དཀའ་བའམ་བརྡ་འབྱོར་དཀའ་བའི་བྱིས་པ་ལས་གཞན་རྣམས་འདྲི་གཅོད་བྱེད་སྐབས་ངེས་པར་དུ་དེ་དག་གི་ཁྱིམ་བདག་དང་བདག་སྐྱོང་བྱེད་མཁན་རྣམས་སྤྱི་བདེ་ལས་ཁུངས་སུ་འབོད་དགོས་ལ།གྱོད་དོན་སྒྲུབ་མཁན་གྱི་ཉེན་རྟོག་པ་གཉིས་ལས་ཉུང་མི་རུང་།འདྲི་བརྩད་བྱེད་ས་ནི་སྤྱི་བདེ་ལས་ཁུངས་དང་བྱིས་པའི་སྡོད་གནས་ཡང་ན་ལས་ཁུངས། སློབ་གྲྭ་བཅས་གང་རུང་ཡིན་ཆོག་ལ།འདྲི་བརྩད་བྱས་པའི་ཟིན་ཐོ་དེ་ངེས་པར་དུ་འདྲི་བརྩད་བྱེད་ཡུལ་ལ་ཕྱིར་སྤྲད་དེ་ཞིབ་བསྡུར་བྱེད་དུ་འཇུག་དགོས། གལ་ཏེ་ཁོས་བཤད་པ་དང་ཟིན་ཐོ་བཀོད་པ་གཉིས་མི་མཐུན་ས་ཡོད་ན་ཞིབ་དཔྱད་གསལ་བོ་བྱས་ཏེ་དག་བཅོས་དང་ཁ་གསབ་བྱེད་དགོས་ལ།དགོས་པ་ཡོད་ན་ཟིན་ཐོ་འགོད་པའི་དུས་མཚུངས་སུ་ད་དུང་སྒྲ་ལེན་པ་དང་བརྙན་ཕབ་པའི་ཐབས་ཀྱང་སྤྱད་ཆོག སློབ་གྲྭ་འགྲིམ་བཞིན་པའི་བྱིས་པར་འདྲི་བརྩད་བྱེད་སྐབས།ཁོ་ཚོའི་རྒྱུན་ལྡན་གྱི་སློབ་སྦྱོང་ལ་བར་ཆད་བཟོ་མི་རུང་ལ།སྤྱིར་བཏང་དུ་བཀག་སྐྱིལ་ཡང་བྱས་མི་ཆོག ངལ་རྩོལ་སློབ་སྐྱོང་དང་བཀག་ཉར་སློབ་སྐྱོང་བྱ་དགོས་པའི་ཁྲིམས་འགལ་བྱིས་པར་ཚོད་འཛིན་ནན་མོ་བྱེད་འོས་ལ། དེ་ལས་གཞན་རྣམས་ལ་ཁྱིམ་བདག་གིས་སློབ་གསོ་བཏང་ཡང་ཆོག