ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་སའི་སྟེང་གང་འདོད་དུ་གཏེར་འདོན་བརྐོ་སློག་བྱས་ཆོག་གམ།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཚེ་བརྟན་ནི་རྩེ་ཁོག་རྫོང་ཉིན་ཕྱུག་ཤང་མཆོད་རྟེན་སྡེ་བའི་སྡེ་མི་ཞིག་ཡིན། ད་ལྟ་ལོ45ལ་སོན་ཡོད། 1995ལོར་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར་གསེར་རྐོ་རུ་ཁག་ཅིག་ཚེ་བརྟན་གྱི་རྩྭ་སའི་ཐོག་གསེར་བརྐོ་རུ་ཐོན་ལ།དེ་དུས་གཏེར་ཁ་རུ་རླངས་འཁོར་དང་འགད་རྫས་སོགས་བཀོལ་ནས་རྩྭ་སའི་སྟེང་ཕྱུག་ཟོག་གསོ་ཐབས་དཀའ་བའི་གནས་སུ་ལྷུང་།རང་ཉིད་ཀྱིས་དང་ཐོག་བསམ་པ་རྣམ་དག་གིས་སྲིད་གཞུང་གི་བཀོད་སྒྲིག་ཁས་ལེན་དང་བརྩི་སྲུང་བྱས་ནས་ཁང་བ་བཤིག་སྟེ་རྫོང་ཐོག་གི་ཉེ་འགྲམ་ཞིག་ཏུ་གནས་སྤར།འོན་ཀྱང་ད་ལྟ་ཚེ་བརྟན་གྱི་རྩྭ་ས་བེད་སྤྱོད་བྱེད་ས་མི་འགྲོ་བས་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཡོང་སྒོ་ཅི་ཡང་མེད་པས།ཁྱིམ་ཚང་གི་ཁ་ཟས་ཙམ་རྒྱུན་འཁྱོངས་བྱ་རྒྱུ་ཡང་དངོས་གནས་དཀའ་ཁག་ཆེན་པོ་ཡོད་པའི་གནས་སུ་སླེབས་ཡོད།   ས་གནས་དེའི་སྲིད་གཞུང་ངམ་ཁེ་ལས་སྡེ་ཁག་གིས་འདི་ལྟ་བུའི་གནས་ཚུལ་བྱུང་ན་སྣང་མེད་དུ་བཞག་ཆོག་གམ།

བཅའ་ཁྲིམས་དབྱེ་ཞིབ།

ཁྱོད་ཚང་གི་ལྟོས་བཅས་ཀྱི་གནོད་འཚེའམ་གྱོང་གུད་དེ་ནི་སྲིད་གཞུང་གི་བྱ་བའི་ཁྲོད་དུ་བཟོས་པའི་ཆག་སྒོ་ཞིག་ཡིན་པ་བདེན་ན།སྲིད་གཞུང་ངམ་ཁེ་ལས་སྡེ་ཁག་གང་ཡིན་པ་དེས་བྱ་བའི་ནོར་འཛོལ་གྱིས་མང་ཚོགས་ལ་གནོད་འཚེའམ་གྱོང་གུད་ཚབས་ཆེན་དེ་འདྲ་ཞིག་ཐེབས་སུ་བཅུག་ཡོད་པ་ཤེས་ཚེ་སྣང་མེད་དུ་འཇོག་མི་སྲིད་ལ་སྣང་མེད་དུ་བཞག་ཀྱང་མི་ཆོག

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས》ཀྱི་དོན་ཚན་སོ་གཉིས་པའི་གཏན་ཁེལ་ལྟར་ན།གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་སྐབས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལ་བརྩི་སྲུང་བྱས་ནས།ཁོར་ཡུག་སྦགས་བཙོག་ལ་སྔོན་འགོག་བྱེད་དགོས།

གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་སྐབས་བཀོལ་སྤྱོད་བྱེད་པའི་ས་གྲོན་ཆུང་བྱ་དགོས་ཤིང་།ས་ཞིང་དང་རྩྭ་ཐང་།ནགས་རི་བཅས་སུ་གཏེར་འདོན་བྱས་ཏེ་གཏོར་བརླག་དང་གནོད་སྐྱོན་ཐེབས་ཡོད་པའི་རིགས་ལ་གཏེར་འདོན་ཁེ་ལས་ཀྱིས་ཚོད་འཛིན་བྱེད་པའམ་སླར་གསོ་བྱས་ནས།སྡོང་འཛུགས་རྩྭ་འདེབས་བྱེད་པའམ་བེད་སྤྱོད་གཞན་པའི་བྱ་ཐབས་བཀོལ་དགོས།

གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱས་པ་དེས་མི་གཞན་པའི་ཐོན་སྐྱེད་དང་འཚོ་བར་གྱོང་གུད་བཟོས་པའི་རིགས་ལ་སྐྱིན་ཚབ་འཇལ་དགོས་པའི་འགན་འཁུར་དགོས་པ་མ་ཟད།དགོས་ངེས་ཀྱི་གྱོང་གུད་གསབ་ཐབས་ལག་བསྟར་བྱ་དགོས་ཞེས་གསལ་བོར་བསྟན་ཡོད་དོ། །

དེ་བས།གསེར་རྐོ་རུ་ཁག་གིས་གཏེར་ཁ་སྔོག་འདོན་ལས་རྩྭ་སར་གཏོར་བརླག་ཚབས་ཆེན་བཟོས་པ་དང་།ཚེ་བརྟན་ཚང་ལ་གནོད་འཚེ་དང་གྱོང་གུད་ཐེབས་པའི་མཇུག་འབྲས་དེར་སྒྲོ་འདོགས་དང་འུད་བརྗོད་མེད་པར་ས་གནས་མི་དམངས་སྲིད་གཞུང་ལ་སྡུག་བསྔལ་དང་གནས་བབ་དངོས་ཀྱི་སྙན་ཞུ་སྒྲོན་ན་མི་དམངས་སྲིད་གཞུང་གིས་དྲང་བདེན་དང་གནས་ལུགས་ལ་བདེན་ཁ་སྟེར་ཞིང་གནད་དོན་ཐག་གཅོད་བྱ་ངེས་ཡིན།རྒྱལ་ཁབ་བཅའ་ཁྲིམས་ཀྱིས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ནམ་ཡང་ཕྱོགས་རིས་མེད་པར་སྲུང་སྐྱོང་བྱ་ངེས་སོ། །


 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།