ཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་སྐྱེ་བོའི་ལ་རྒྱ་ལ་ཇི་ལྟར་སྲུང་སྐྱོང་བྱེད་དགོས།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཚེ་རིང་ནི་གྲོང་ཁྱེར་ག་གེ་མོའི་སློབ་འབྲིང་གི་སློབ་མ་ཞིག་ཡིན།ཉིན་ཞིག་ཁོ་ཨ་ཕ་དང་མཉམ་དུ་ཟ་ཁང་ཞིག་ཏུ་ཟ་མ་བཟའ་རུ་སོང་ཞིང་། ཨ་ཕ་དང་ཁོ་གཉིས་ཀྱིས་ཟ་མ་གང་བཟའ་བའི་ཐད་ནས་གྲོས་འཆམ་མ་བྱུང་བས།ཨ་ཕས་དེང་སྐབས་ཀྱི་བྱིས་པ་རྣམས་ཀྱིས་ཕ་མའི་ཁ་ལེན་ཚིག་བརྩི་མི་བྱེད་ཟེར་ནས་ཁོ་ལ་ཟ་ཁང་ནང་དུ་གཤེ་གཤེ་བཏང་།སྐབས་དེར་ཟ་ཁང་དུ་ཟ་མ་ཟ་མཁན་ཧ་ཅང་མང་ལ།འགྲུལ་བ་རྣམས་ཀྱིས་ཅི་ཡིན་འདི་ཡིན་མ་ཤེས་པར་ཁོ་གཉིས་ལ་ཅེར་ནས་བསྡད།ཚེ་རིང་གིས་ཨ་ཕས་མི་མང་གི་མདུན་སར་ཁོ་ལ་གཤེ་གཤེ་བཏང་ནས་ཁོའི་ལ་རྒྱ་ལ་བརྩི་འཇོག་མ་བྱས་ཟེར་ནས་དུས་ཐོག་ཏུ་ཟ་ཁང་དང་ཁ་བྲལ་ནས་སོང་།འོ་ན་ཚེ་རིང་གིས་བཤད་པའི་ཁོའི་ལ་རྒྱ་ལ་བརྩི་འཇོག་མ་བྱས་ཟེར་བ་དེ་གང་ལ་གོ་བ་ཡིན་ནམ།

བཅའ་ཁྲིམས་དབྱེ་ཞིབ།

འདི་ནི་ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་པའི་གྱོད་དོན་ཞིག་རེད།རང་རྒྱལ་གྱི《ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་པའི་ནང་།ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱ་རྒྱུའི་ལས་ཀར་གཤམ་གྱི་རྩ་དོན་བརྩི་སྲུང་བྱ་དགོས་པ་སྟེ།གཅིག་ནི་ནར་མ་སོན་པའི་སྐྱེ་བོ་རྣམས་ཀྱི་མིའི་ངོ་སོ་དང་ལ་རྒྱར་བརྩི་འཇོག་བྱ་དགོས་པ་དང་།གཉིས་ནི་ནར་མ་སོན་པའི་སྐྱེ་བོ་རྣམས་ཀྱི་ལུས་སེམས་འཚར་ལོངས་འབྱུང་བའི་ཆོས་ཉིད་དང་ཁྱད་ཆོས་ལ་མཐུན་ཐབས་བྱ་དགོས་པ།གསུམ་ནི་སློབ་གསོ་གཏོང་བ་དང་སྲུང་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་བྱ་དགོས་ཞེས་གཏན་ཁེལ་བྱས་ཡོད།ནར་མ་སོན་པའི་སྐྱེ་བོ་རྣམས་ཀྱི་མིའི་ངོ་དང་ལ་རྒྱར་བརྩི་འཇོག་བྱ་བའི་རྩ་དོན་ནི་རང་རྒྱལ་རྩ་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་པར།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་འཁུར་མི་དགོས།སྤྱི་དམངས་ལ་བྱེད་ཐབས་གང་དང་གང་ཞིག་སྤྱད་ནས་བརྙས་བཅོས་དང་དམའ་འབེབས་བྱེད་པ་དང་།བསྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་བྱེད་པར་གཏན་འགོག་བྱ་རྒྱུ་ཞེས་བཀོད་ཡོད་པས།ནར་མ་སོན་པའི་སྐྱེ་བོ་རྣམས་ཀྱི་མིའི་ངོ་དང་ལ་རྒྱར་བརྩི་འཇོག་བྱ་རྒྱུ་ནི་ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱ་བའི་ཁྲོད་ཀྱི་བྱ་བའི་རྩ་དོན་ཞིག་ཡིན་པ་དང་།དེར་དངོས་ཡོད་ཀྱི་དམིགས་བཙུགས་རང་བཞིན་ལྡན་པ་ནན་བཤད་བྱས་ཡོད།ནར་མ་སོན་པའི་སྐྱེ་བོ་ནི་མི་དར་མ་དང་བསྡུར་ན་སེམས་ཁམས་དང་ལུས་ཁམས།རིག་སྟོབས།སྤྱི་ཚོགས་དཔལ་འབྱོར།ཆབ་སྲིད་གོ་གནས་སོགས་ཀྱི་ཕྱོགས་ཚང་མ་ནས་ཉམས་དམས་པའི་ཚོགས་པ་ཞིག་ཡིན་པས།དེ་རྣམས་ཀྱི་མིའི་ངོ་དང་ལ་རྒྱར་བརྩི་འཇོག་མི་བྱེད་པའི་གནས་ཚུལ་ཤིན་ཏུ་མང་།ནར་མ་སོན་པའི་སྐྱེ་བོ་རྣམས་ཀྱི་ལུས་སེམས་འཕེལ་རྒྱས་ཡོང་བའི་ཆོས་ཉིད་དམ་ཁྱད་ཆོས་དང་མཐུན་ཐབས་བྱ་དགོས་པའི་རྩ་དོན་ནི།ནར་མ་སོན་པའི་སྐྱེ་བོའི་ལུས་སེམས་ད་དུང་འཚར་ལོངས་འབྱུང་མེད་པ་དང་། དེར་བརྟེན་ནར་མ་སོན་པའི་སྐྱེ་བོ་རྣམས་ཀྱི་ལུས་སེམས་འཕེལ་རྒྱས་ཡོང་བའི་ཆོས་ཉིད་དང་ཁྱད་ཆོས་ལ་མཐུན་ཐབས་བྱ་དགོས།དེ་ལྟར་བྱས་ན་ད་གཟོད་དོན་དངོས་ཐོག་ནས་ནར་མ་སོན་པའི་སྐྱེ་བོར་སྲུང་སྐྱོང་བྱ་ཐུབ་པ་རེད།རང་རྒྱལ་གྱི་ད་ཡོད་ཁྲིམས་ལུགས་ཁྲོད་ཀྱི་ནར་མ་སོན་པའི་སྐྱེ་བོ་རྣམས་ཀྱི་ལུས་སེམས་འཕེལ་རྒྱས་ཡོང་བའི་ཆོས་ཉིད་དམ་ཁྱད་ཆོས་ལ་མཐུན་ཐབས་ཡོང་བའི་རྩ་དོན་བརྩི་སྲུང་བྱས་ཡོད།ཁྱད་པར་དུ་ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ནི་ལྷག་ཏུ་དེ་ལྟར་ཡིན་ནོ། །  སློབ་གསོ་གཏོང་རྒྱུ་དང་སྲུང་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་བྱ་དགོས་པའི་རྩ་དོན་ནི།ནར་མ་སོན་པའི་སྐྱེ་བོའི་ལུས་ཁམས་དང་སེམས་ཁམས་ཀྱི་ཁྱད་ཆོས་གཞིར་བཟུང་ནས།ནར་མ་སོན་པའི་སྐྱེ་བོའི་སྲུང་སྐྱོང་བྱ་བ་དེ་སློབ་གསོ་གཏོང་རྒྱུ་དང་སྲུང་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།ནར་མ་སོན་པའི་སྐྱེ་བོའི་ལུས་སེམས་གཉིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྒང་ཡིན་པས།བྱ་དངོས་གསར་བ་དང་ལེན་བྱེད་སླ་ཕྱིར།སློབ་གསོ་མྱོང་བའི་དུས་ཚོད་ཆེས་བཟང་ཤོས་ཡིན།ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཁབ་དང་སྤྱི་ཚོགས་གོང་འཕེལ་འགྲོ་བ་དང་རྒྱུན་མཐུད་ཡོང་བའི་དགོས་མཁོ་ཡང་ཡིན།དེ་ལས་ཤེས་ཐུབ་པ་ནི།ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་པའི་བྱ་བ་སྒྲུབ་པ་ལ།ཕྱོགས་རེས་པའི་སྒོ་ནས་སྲུང་སྐྱོང་ཁོ་ན་བྱེད་པ་ལས་སློབ་གསོ་སྣང་མེད་བྱེད་པ་གཏན་ནས་མི་རུང་ཞིང་།དེ་མིན་སྲུང་སྐྱོང་ལ་སྣང་མེད་བྱས་ཏེ་སློབ་གསོ་ཁོ་ན་འཛིན་པ་ཡང་གཏན་ནས་བྱ་མི་རུང་བར།སློབ་གསོ་དང་སྲུང་སྐྱོང་གཉིས་ཕན་ཚུན་ཟུང་འབྲེལ་དང་ཕན་ཚུན་གཞོགས་འདེགས་ཡོང་བར་བྱ་དགོས།

 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།