གྱོད་དཔེ།
དབྱར་ཟླ་དྲུག་པའི་མེ་ལོང་རྩྭ་ཐང་ནི་མེ་ཏོག་སྣ་ཚོགས་བཞད་པ་དང་རྟ་ནོར་ལུག་གསུམ་གྱིས་ཁེངས་པས་གོས་སྔོན་ཐང་ལ་བཏིང་བ་བཞིན་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ཡིན། ལོ་རེའི་དབྱར་ཁའི་དུས་སུ་ཡུལ་དེར་ཡུལ་སྐོར་ལ་ཡོང་མཁན་ཡང་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད།མེ་ལོང་སྡེ་བའི་བཀྲ་ཤིས་དང་དོན་གྲུབ་གཉིས་ཀྱིས་མ་དངུལ་སྒོར་ཁྲི་ལྔ་ལྷག་བཏང་ནས་སྡེ་འདབས་སུ་སྦྲ་གར་གསོལ་ཁང་ཞིག་གཉེར།ཁོ་གཉིས་ཀྱིས་སྡེ་བའི་ནང་གི་སྡེ་མི་འགའ་གླས་ནས་བོད་ཟས་གཙོ་ཡིན་པའི་ཟས་རིགས་གཡོས་སྦྱོར་བྱས་ནས་ཡུལ་སྐོར་བ་སྣེ་ལེན་བྱས།ཁོ་གཉིས་ཀྱི་གནས་དེ་རུ་བསྟུད་མར་ལོ་གཉིས་ལ་ཡུལ་སྐོར་བ་སྣེ་ལེན་བྱས་པ་ལས་གད་སྙིགས་འགྱིག་ཤོག་དང་ཤོག་སྒམ།སྐོམ་ཆུའི་དམ་བི་དང་ཤོག་བུ་སོགས་མི་ཉུང་བ་ཞིག་དོར་ཡོད།རླུང་གཡུག་ཚེ་གང་སར་འཁུར་འགྲོ་བས་སྦྲ་གུར་གསོལ་ཁང་གི་ཕྱོགས་བཞི་རུ་གད་སྙིགས་ཀྱིས་ཁེངས་ཏེ་ཁོར་ཡུག་ལ་གཏོར་བརླག་ཐེབས་ཡོད།ཁོ་གཉིས་ཀྱིས་གད་སྙིགས་གང་སར་འདོར་བ་དེ་ལ་ཁྲིམས་ཆད་བཅད་ཆོག་གམ།
བཅའ་ཁྲིམས་དབྱེ་ཞིབ།
གནད་དོན་འདིའི་སྐོར་ལ་རང་རྒྱལ་གྱིས་ཁྲིམས་འཛུགས་གཏན་ཁེལ་བྱས་ཡོད་དེ།《སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་བསྒྱུར་སྔོན་འགོག་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དགུ་པའི་གཏན་འབེབས་ལྟར་ན།སྡེ་ཁག་དང་མི་སྒེར་གང་ཡིན་རུང་ཚང་མར་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད། དེ་མིན་ད་དུང་སྲ་གཟུགས་ཟོག་རོས་ཁོར་ཡུག་སྦགས་བཙོག་བཟོས་ཟིན་པའི་སྡེ་ཁག་དང་མི་སྒེར་ལ་ཉེས་འདོན་དང་ཁྲིམས་སྦྱོར་བྱས་ཆོག དེ་བས་བྱ་སྤྱོད་འདི་ནི་ཁོར་ཡུག་སྦགས་བཙོག་བཟོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས།སྡེ་མི་རྣམས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་དང་ཁོ་གཉིས་ལ་གད་སྙིགས་གཙང་སེལ་བྱེད་དགོས་པའི་རེ་བའང་བཏོན་ཆོག གལ་ཏེ་ཁོ་གཉིས་ཀྱིས་གད་སྙིགས་གཙང་སེལ་མ་བྱས་ན་གཏུག་བཤེར་བྱས་ཆོག་ལ་སྒོར1000མན་གྱི་ཆད་པ་བཅད་ཆོག