ཀྲུང་གོ་བོད་ཀྱི་དྲ་བ།

གཉེན་མ་འཐོར་ན་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་བརྒྱབ་ཆོག་གམ།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཁྱོ་གས་བཟའ་ཟླ་གཉིས་ཀར་དབང་བའི་བསགས་དངུལ་སྒོར་ཁྲི50ཡོད་པ་དེས་ནོར་གཉེར་ཐོན་རྫས་ཉོས། ནོར་གཉེར་ཐོན་རྫས་དེ་དུས་སྔོན་དུ་ལག་དངུལ་ལ་བསྒྱུར་ཏེ་བླངས་ཆོག་པས། ཆུང་མས་ཁྱོ་གས་གསང་སྟབས་ཀྱིས་བརླག་ཨེ་འགྲོ་བསམ་ནས་སེམས་ཁུར་བྱས། རྗེས་སུ་ཆུང་མས་ཁྱོ་གས་ཕྱི་ཕྱོགས་སུ་རྒྱན་བསྐུགས་ཏེ་སྒོར་ཁྲི11བརླག་པ་དང་། ད་དུང་རིན་གོང་སྒོར་ཁྲི15ཅན་གྱི་རླངས་འཁོར་ཞིག་ཉོས་ཏེ་མི་གཞན་ལ་ཕུལ་བ་ཤེས། ཆུང་མས་བཟའ་ཟླའི་བར་གྱི་བརྩེ་དུང་ལ་གས་ཆག་ཤོར་འདུག་བསམ་ནས། ཁྲིམས་རྩོད་པར་ཁྱོ་ག་དང་གཉེན་འཐོར་ཞུ་གཏུག་བྱེད་རྒྱུ་མ་ཟད་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་རེ་བཅོལ་བྱས། ཡིན་ཡང་ཁྱོ་གས་གཏུག་བཤེར་ཁྲོད་བརྩེ་དུང་ལ་གས་ཆག་ཤོར་མེད་ཅིང་། ཡང་བསྐྱར་འགྲིག་མཐུན་འབྱུང་སྲིད་པར་ཁ་གཡར་ཏེ་གཉེན་འཐོར་རྒྱུར་འཐད་པ་མ་བྱུང་། ཁྲིམས་ཁང་གིས་ཀྱང་གཉེན་འཐོར་མི་ཆོག་པའི་ཁྲིམས་ཐག་བཅད། དོན་དག་འདིའི་ཐད་ནས་ཆུང་མར་བྲེལ་འཚུབ་ཆེན་པོ་སྐྱེས། གནས་ཚུལ་འདི་རིགས་བྱུང་ན་རྒྱུ་ནོར་བགོ་བཤའ་རྒྱག་པའི་རེ་བ་ཞུས་ཆོག་གམ།

བཅའ་ཁྲིམས་དབྱེ་ཞིབ།

གྱོད་དོན་འདིའི་རྩོད་གཞི་ནི་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་པའི་རེ་བ་ཞུས་ཆོག་མིན་ལ་ཐུག་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་དུ། བཟའ་ཟླའི་ཐུན་མོང་རྒྱུ་ནོར་སྤྱིར་བཏང་བགོ་བཤའ་བརྒྱབ་མི་ཆོག་མོད། འོན་ཀྱང་དོ་བདག་པ་ཕྱོགས་གཅིག་གིས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་ལ་བསམ་གཟས་ནས་གཏོར་བརླག་བཏང་སྟེ། ཕྱོགས་གཞན་དེའི་ཁྲིམས་མཐུན་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་གནས་ཚུལ་འོག གཉེན་སྒྲིག་གི་འབྲེལ་བ་ཡོད་སྐབས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་རུང་བ་ཡིན།

གྱོད་དོན་འདིའི་ནང་དུ། ཁྱོ་ག་གཉེན་འཐོར་རྒྱུར་འཐད་པ་མིན་ལ། ཁྲིམས་ཁང་གིས་ཀྱང་བཟའ་ཟླ་གཉིས་ཀ་ཡང་བསྐྱར་འགྲིག་སྲིད་པར་གཞིགས་ཏེ། གཉེན་འཐོར་མི་ཆོག་པའི་ཁྲིམས་ཐག་བཅད། ཡིན་ནའང་། ཁྱོ་གས“རྒྱན་བསྐུགས་ཏེ་སྒོར་ཁྲི11བརླག་པ་དང་། རིན་གོང་སྒོར་ཁྲི15ཅན་གྱི་རླངས་འཁོར་ཞིག་ཉོས་ཏེ་མི་གཞན་ལ་ཕུལ་བ”སོགས་ཀྱི་བྱ་སྤྱོད་དེ་དག་གིས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པས། ཆུང་མས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་པའི་རེ་བ་ཞུས་ཏེ། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆོག

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1066པ། གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་། གཤམ་གྱི་སྣང་ཚུལ་གྲས་ཀྱི་གཅིག་ཡོད་ན། བཟའ་ཟླ་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་པའི་རེ་བ་ཞུས་ཆོག

(གཅིག)ཕྱོགས་གཅིག་ལ་བཟའ་ཟླའི་ཐུན་མོང་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག ཆུད་ཟོས་སུ་གཏོང་བ་དང་ཡང་ན་བཟའ་ཟླའི་ཐུན་མོང་དངུལ་བུན་རྫུན་བཟོ་བྱེད་པ་སོགས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་གྱི་ཁེ་ཕན་ལ་གཏོར་བརླག་ཚབས་ཆེན་གཏོང་བའི་བྱ་སྤྱོད་ཡོད་པ།

(གཉིས)ཕྱོགས་གཅིག་ལ་ཁྲིམས་བཀོད་གསོ་སྐྱོང་གི་འོས་འགན་ཡོད་པའི་མི་ལ་ནད་གཞི་ཚབས་ཆེན་བྱུང་སྟེ་གསོ་བཅོས་བྱེད་དགོས་པའི་སྐབས་སུ། ཕྱོགས་གཞན་དེ་དེ་དང་འབྲེལ་ཡོད་ཀྱི་གསོ་བཅོས་གྲོན་དངུལ་སྟེར་རྒྱུར་འཐད་པ་མ་བྱུང་བ།

དོན་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་པའི་ཐད་ཀྱི་གཏན་འབེབས་རེད།

གཉེན་སྒྲིག་གི་འབྲེལ་བ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་ཆེད། གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་དུ། རྩ་དོན་གྱི་སྟེང་ནས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་མི་རུང་། ཡིན་ཡང་དམིགས་བསལ་གྱི་སྣང་ཚུལ་ལ་གཞིགས་ཏེ། གཉེན་སྒྲིག་གི་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཆེད། བཅའ་ཁྲིམས་ཀྱིས་གཉེན་སྒྲིག་གི་འབྲེལ་བ་ཡོད་སྐབས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་རུང་བ་གཏན་འབེབས་བྱས་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་དུ། གཤམ་གྱི་སྣང་ཚུལ་གྲས་ཀྱི་གཅིག་ཡོད་ཚེ། བཟའ་ཟླ་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་པའི་རེ་བ་ཞུས་ཆོག (གཅིག)ཕྱོགས་གཅིག་ལ་བཟའ་ཟླའི་ཐུན་མོང་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག ཆུད་ཟོས་སུ་གཏོང་བ་དང་ཡང་ན་བཟའ་ཟླའི་ཐུན་མོང་དངུལ་བུན་རྫུན་བཟོ་བྱེད་པ་སོགས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་གྱི་ཁེ་ཕན་ལ་གཏོར་བརླག་ཚབས་ཆེན་གཏོང་བའི་བྱ་སྤྱོད་ཡོད་པ། སྤས་སྐུང་ཞེས་པ་ནི་མགོ་སྐོར་གྱི་བྱེད་ཐབས་ལ་བརྟེན་ནས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་སྦ་གསང་བྱས་ནས་མཐར་ཕྱོགས་གཅིག་གི་རྒྱུ་ནོར་དུ་བསྒྱུར་བ་ལ་བྱ། སྤོ་སྒྱུར་ཞེས་པ་ནི་བཟའ་ཟླའི་ཐུན་མོང་རྒྱུ་ནོར་དེ་གནས་གཞན་དུ་སྤར་བ་ལ་བྱ། འཚོང་སྒྱུར་ཞེས་པ་ནི་ཐུན་མོང་རྒྱུ་ནོར་ཕྱིར་འཚོང་བྱས་ཏེ་ཕྱོགས་གཅིག་གི་རྒྱུ་ནོར་དུ་བསྒྱུར་བ་ལ་བྱ། གཏོར་བརླག་ཞེས་པ་ནི་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བསམ་བཞིན་བརླག་པ་ལ་བྱ། ཆུད་ཟོས་ཞེས་པ་ནི་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བསམ་ངན་བཅངས་ནས་ཆུད་ཟོས་སུ་བཏང་བ་ལ་བྱ། (གཉིས)ཕྱོགས་གཅིག་ལ་ཁྲིམས་བཀོད་གསོ་སྐྱོང་གི་འོས་འགན་ཡོད་པའི་མི་ལ་ནད་་གཞི་ཚབས་ཆེན་བྱུང་སྟེ་གསོ་བཅོས་བྱེད་དགོས་པའི་སྐབས་སུ། ཕྱོགས་གཞན་དེ་དེ་དང་འབྲེལ་ཡོད་ཀྱི་གསོ་བཅོས་གྲོན་དངུལ་སྟེར་རྒྱུར་འཐད་པ་མ་བྱུང་བ། འདི་ནི་བཟའ་ཟླའི་བར་གྱི་གསོ་སྐྱོང་འོས་འགན་གྱི་བཀག་རྐྱེན་རེད། གནས་ཚུལ་འདི་འདྲའི་འོག་ཏུ། ཁྲིམས་ཁང་གིས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་ཏུ་འཇུག་དགོས།


 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།