གྱོད་དཔེ།
འབྲུག་མོ་དང་རྡོ་རྗེ་གཉིས་ལ་གཉེན་བསྒྲིགས་རྗེས་ཁང་པ་ཞིག་ཡོད་ཅིང་། ཉེ་ལམ་ཁོ་གཉིས་ཀྱིས་ཁང་པ་དེ་འཚོང་གྲབས་བྱས། རྡོ་རྗེ་ཡིས་མཚམས་སྦྱོར་ཀུང་སི་ཞིག་དང《ཁང་པའི་ཉོ་འཚོང་བར་སྦྱོར་གན་རྒྱ》བཞག་སྟེ། མཚམས་སྦྱོར་ཀུང་སིས་ཉོ་མཁན་བཙལ་རྒྱུ་བྱས་ཤིང་ཁང་པའི་རིན་གོང་སྒོར་ཁྲི230ཡིན་པར་གཏན་འཁེལ་བྱས། ཕྱིས་སུ་རྡོ་རྗེ་གཞུང་དོན་སྒྲུབ་ཏུ་སོང་ནས་ཟླ་གཅིག་ཕྱིན། བཀྲ་དབང་གིས་མཚམས་སྦྱོར་ཀུང་སི་དེ་ག་བརྒྱུད་དེ་འབྲུག་མོ་དང་རྡོ་རྗེ་བཟའ་ཟླ་གཉིས་ཀྱི་ཁང་པ་བློར་བབས་མོད། འོན་ཀྱང་རིན་གོང་ཅུང་མཐོ་དྲགས་པར་བསམས་ཏེ་མཚམས་སྦྱོར་རོགས་རམ་འོག་འབྲུག་མོ་བཙལ་ཏེ་རིན་གོང་ཐད་ནས་གྲོས་བྱས་མཐར། གཞི་ནས་འབྲུག་མོས་བཀྲ་དབང་ལ་སྒོར་ཁྲི138བྱས་ནས་བཙོང་རྒྱུ་བྱས་པར་མ་ཟད། 《ས་ཁང་བདག་ཁོངས་ཀྱི་ཉོ་འཚོང་གན་རྒྱ》འང་བཞག་པ་དང་། བཀྲ་དབང་གིས་འབྲུག་མོར་ཚོང་རྟགས་བརྒྱབ་པར་སྔོན་ལ་སྒོར་ཁྲི20སྤྲད། འབྲུག་མོ་དང་བཀྲ་དབང་གཉིས་ཀྱིས་དེ་ལྟར་ཁ་ཆད་བཞག་སྟེ་ཟླ་ཕྱེ་ཙམ་འགོར་རྗེས། རྡོ་རྗེ་ཡིས་གཞུང་དོན་བསྒྲུབས་ཚར་ནས་ཕྱིར་ཐོན་པ་ན། ཁང་པའི་རིན་གོང་དེ་ལྟར་བྱས་ན་ཅུང་སླ་སོང་སྙམ་སྟེ་བཀྲ་དབང་བཙལ་ནས་བཤད་དོན། ཁང་པ་དེ་ངེད་བཟའ་ཟླ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པས་ཕྱོགས་གཅིག་འཐད་པ་མིན་ཚེ་བཙོང་རྒྱུའི་དབང་ཆ་མེད་པར་བཤད་དེ་གན་རྒྱ་ཞིག་དགོས་པའི་རེ་བ་བཏོན། ཡིན་ན་ཡང་བཀྲ་དབང་གིས་འབྲུག་མོར་གན་རྒྱ་འཇོག་པའི་དབང་ཆ་ཡོད་པར་མ་ཟད། སྔོན་དུ་ཚོང་རྟགས་བརྒྱབ་པར་སྒོར་ཁྲི20སྤྲད་ཟིན་པས་ངེས་པར་གན་རྒྱ་ལག་ཏུ་བསྟར་དགོས་པར་སྙམ།
བཅའ་ཁྲིམས་དབྱེ་ཞིབ།
ཁྲིམས་ཁང་གིས་ཁང་པ་ནི་འབྲུག་མོ་དང་རྡོ་རྗེ་བཟའ་ཟླ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ལ། བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ལ་ཐུན་མོང་གི་ཁེ་དབང་ཡོད་ལ་ཐུན་མོང་གི་འོས་འགན་ཡང་ཡོད། མཉམ་དབང་གི་འབྲེལ་བ་གནས་པའི་དུས་སུ། མཉམ་དབང་མཁན་ཁ་ཤས་ཀྱིས་ཐུན་མོང་དུ་དབང་མཁན་གྱི་མཉམ་དབང་རྒྱུ་ནོར་རང་དགར་ཐག་གཅོད་བྱས་ཚེ་ནུས་མེད་དུ་བརྩི་རྒྱུ། ཁྲིམས་ཁང་གིས་ཁང་པའི་ཉོ་འཚོང་གན་རྒྱར་ནུས་པ་མེད་པ་དང་འབྲུག་མོས་བཀྲ་དབང་གི་ཚོང་རྟགས་སྒོར་ཁྲི20དང་དེའི་སྐྱེད་ཀ་ཕྱིར་བསློག་དགོས་པའི་དཔྱད་མཚམས་བཏང་།
གོང་གི་གྱོད་དོན་འདི་ནི་རྡོ་རྗེ་བཟའ་ཟླ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་དང་འབྲེལ་བ་ཡོད། ཐུན་མོང་ལ་དབང་བ་ཞེས་པ་ནི་མི་གཉིས་ཡན་གྱིས་མཉམ་དབང་རྒྱུ་ནོར་ཚང་མའི་ཐོབ་སྐལ་མ་བགོས་པར་འདྲ་མཉམ་གྱི་བདག་དབང་ཡོད་པའི་དབང་ཆ་ལ་ཟེར། ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་འབྲེལ་བ་སྤྱིར་བཏང་དུ་ཕན་ཚུན་དམིགས་བསལ་གྱི་ཐོབ་ཐང་གི་འབྲེལ་བ་ཡོད་པའི་དོ་བདག་པའི་བར་བྱུང་བ་དང་། ཅུང་དཔེ་མཚོན་དུ་བགྲངས་འོས་པ་ནི་ཁྱོ་ཤུག་གི་འབྲེལ་བར་བརྟེན་ནས་བྱུང་བའི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་འབྲེལ་བ་དང་། དེ་བཞིན་ཁྱིམ་གྱི་ཁོངས་མི་བར་གྱི་མཉམ་དབང་སོགས་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་འབྲེལ་བའི་རྣམ་པ་ཡིན། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཐུན་མོང་ལ་དབང་མཁན་ཁ་ཤས་ཀྱིས་གཞན་པའི་ཐུན་མོང་ལ་དབང་མཁན་གྱི་མོས་མཐུན་མ་བརྒྱུད་པར་ཐུན་མོང་ལ་དབང་བའི་ཁང་པ་རང་དགར་ཐག་བཅད་ན། དེའི་ཁང་པའི་ཉོ་འཚོང་གན་རྒྱར་ནུས་པ་ཐོན་མིན་དེ་ཐག་གཅོད་བྱས་རྗེས་ཀྱི་བྱ་སྤྱོད་དེར་གཞན་པའི་ཐུན་མོང་ལ་དབང་མཁན་ཀྱིས་ཁས་ལེན་ཐོབ་མིན་ལ་བལྟ་དགོས། གཞན་པའི་ཐུན་མོང་ལ་དབང་མཁན་ཀྱིས་རྗེས་སུ་ཁས་བླངས་པ་ཡིན་ན། རང་དགར་ཐག་བཅད་པའི་བྱ་སྤྱོད་དེ་ཁྲིམས་མཐུན་ནུས་ལྡན་ཡིན། ཁས་མ་བླངས་པར་ཐུན་མོང་གི་ཁང་ཁོངས་རང་དགར་ཐག་བཅད་ན། གན་རྒྱ་ནུས་མེད་ཡིན།
གོང་གི་གྱོད་དོན་འདིའི་ཁྲོད་དུ། འབྲུག་མོས་རྡོ་རྗེ་ཡི་མོས་མཐུན་མ་བརྒྱུད་པར་རང་དགར་བཀྲ་དབང་ལ་བཞག་པའི་ཁང་པའི་ཉོ་འཚོང་གན་རྒྱར་རྡོ་རྗེ་ཡིས་ཁས་བླངས་མེད་པས། འབྲུག་མོ་དང་བཀྲ་དབང་གཉིས་ཀྱིས་བཞག་པའི་ཁང་པའི་ཉོ་འཚོང་གན་རྒྱ་ནུས་པ་མེད་པར་མ་ཟད། བཀྲ་དབང་གི་ཚོང་རྟགས་བརྒྱབ་པའི་སྒོར་ཁྲི20དེའང་ཕྱིར་སྤྲད་དགོས།