གྱོད་དཔེ།
2018ལོའི་ཟླ8པར། གཏུག་ཡུལ་བཀྲ་ཤིས་ཀྱིས་གཏུག་མཁན་ཏེ་རྒྱལ་གཉེར་ཀུང་སི་ཞིག་གི་གཞུང་ལས་ཐོག་ཁང་འོག་ནས་ཁང་པ་ཞིག་གླས་ཤིང་། ཕྱོགས་གཉིས་ཀས་ཡིག་ངོས་ནས་གླ་གཏོང་གན་རྒྱ་བཞག་དོན“གླ་གཏོང་མཁན་གྱི་མོས་མཐུན་མ་བརྒྱུད་པར་ཁང་པ་མི་གཞན་སུ་ལའང་གླས་མི་ཆོག་པའི”ཁ་ཆད་གསལ་པོ་བཞག ཕྱིས་སུ་བཀྲ་ཤིས་ཀྱིས་གོ་ཐོས་ལྟར་ན། མི་ལ་ལས་རང་གིས་གླས་པའི་ཁང་པ་མི་གཞན་ལ་གླ་གཏོང་བྱས་ཏེ་བར་ཁེ་སྒོར་ཁྲི18བླངས་པའི་གནས་ཚུལ་གོ་ཐོས་བྱུང་། དེ་བས་བཀྲ་ཤིས་ཀྱིས་རང་གིས་གླས་པའི་ཁང་པ་དེ་མི་གཞན་ལ་གླ་འདོད་སྐྱེས་ཏེ། 2019ལོའི་ཟླ་ལྔ་པར། གཏུག་ཡུལ་བཀྲ་ཤིས་ཀྱིས་ཁང་པ་གྱོན་གོས་ཚོང་ལས་གཉེར་མཁན་སྒྲོལ་མར་གླས་པ་དང་། ཁོས་སྒྲོལ་མའི་ལག་ནས་ཁང་རིན་སྒོར་ཁྲི12བླངས། ཕྱིས་སུ་སྒྲོལ་མས་བཀྲ་ཤིས་ཀྱི་མིང་ཐོག་ནས་ཁང་བདག་སྟེ་རྒྱལ་གཉེར་ཀུང་སིར་ཁང་གླ་སྤྲད། 2021ལོའི་ཟླ3པར། སྒྲོལ་མར་གློ་བུར་དུ་ནད་ཀྱིས་གཙེས་ནས་ཚེ་ལས་འདས་རྗེས། ཁང་པ་བེད་མེད་དུ་བསྐྱུར་ནས་ཡུན་རིང་འགོར། 2022ལོའི་ཟླ1པོར། གཏུག་མཁན་ཏེ་རྒྱལ་གཉེར་ཀུང་སི་ཡིས་ཁང་པ་གླ་མཁན་བཀྲ་ཤིས་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ། ཁང་པའི་གླ་གཏོང་གི་གན་རྒྱ་མེད་པར་བཟོ་རྒྱུའི་རེ་བ་བཏོན་པར་མ་ཟད། ལོ་གཉིས་ཀྱི་ཁང་གླ་བསྡོམས་པས་སྒོར་148000སྤྲད་དགོས་པའི་རེ་བ་བཏོན། གཏུག་ཡུལ་བཀྲ་ཤིས་ཀྱིས་ཁང་པ་དངོས་སུ་བེད་སྤྱོད་མཁན་ནི་རང་ཉིད་མིན་པས་ཁང་གླ་སྒྲོལ་མས་སྟེར་དགོས་པ་དང་། གཞན་ཡང་ཁང་བདག་དང་བཀྲ་ཤིས་གཉིས་བར་བཞག་པའི་གན་རྒྱ་རུ་ཁང་པ་གླ་ཡུན་ནི་ལོ10ཡིན་ཞིང་། ཁང་བདག་སྟེ་རྒྱལ་གཉེར་ཀུང་སིར་ཁང་པ་གླ་གཏོང་གན་རྒྱ་མེད་པར་བཟོ་བའི་རེ་འདུན་ཞུ་དབང་མེད་པར་འདོད།
བཅའ་ཁྲིམས་དབྱེ་ཞིབ།
མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བརྒྱུད་ནས་ངོས་བཟུང་བ་ནི། གཏུག་མཁན་ཏེ་རྒྱལ་གཉེར་ཀུང་སི་དང་གཏུག་ཡུལ་བཀྲ་ཤིས་བར་བཞག་པའི་གླ་གཏོང་གན་རྒྱ་ནི་ཕྱོགས་གཉིས་ཀྱི་བསམ་འདུན་ངོ་མ་མཚོན་ཡོད་ལ། རྒྱལ་ཁབ་ཀྱི་བཙན་ཤུགས་གཏན་འཁེལ་དང་འགལ་མེད་ལ་ཁྲིམས་མཐུན་ནུས་ལྡན་ཡིན། གན་རྒྱར་ཕྱོགས་གཉིས་ཀས་དྲང་བཞག་ཡིད་རྟོན་གྱི་རྩ་དོན་གཞིར་བཟུང་ནས། ཁྲིམས་ལྟར་སོ་སའི་འོས་འགན་ལག་ཏུ་བསྟར་དགོས། གཏུག་མཁན་ཏེ་རྒྱལ་གཉེར་ཀུང་སི་ཡིས་ཁ་ཆད་ལྟར་གཏུག་ཡུལ་བཀྲ་ཤིས་ལ་ཁང་པ་གླས་ཏེ་ལག་ཏུ་སྤྲད་ཡོད། བཀྲ་ཤིས་ཀྱིས་ཁ་ཆད་ལྟར་བཀོལ་སྤྱོད་བྱས་རྗེས་ཁང་གླ་སྟེར་དགོས་ལ། ཁང་པ་རང་དགར་གྱིས་མི་གཞན་ལ་གླས་མི་ཆོག གྱོད་དོན་འདིའི་ནང་དུ་བཀྲ་ཤིས་ཀྱིས་ཁང་བདག་གི་ཆོག་མཆན་མ་བརྒྱུད་པར་རང་དགར་གྱིས་ཁང་པ་མི་གཞན་ལ་གླས་པས་ཕྱོགས་གཉིས་ཀྱི་ཁ་ཆད་ལ་རྒྱབ་འགལ་བྱས་ཡོད། ཕྱིས་ཀྱི་བཀྲ་ཤིས་དང་སྒྲོལ་མའི་བར་ཀྱི་གན་རྒྱ་དེ་ཁྲིམས་མཐུན་ནུས་ལྡན་མིན་པས། གཏུག་མཁན་ཏེ་རྒྱལ་གཉེར་ཀུང་སིར་བཀྲ་ཤིས་དང་གན་རྒྱ་མེད་པར་བཟོ་དབང་ཡོད། དེར་བརྟེན། མཇུག་མཐར་མི་དམངས་ཁྲིམས་ཁང་གིས་གཏུག་མཁན་ཏེ་རྒྱལ་གཉེར་ཀུང་སི་དང་གཏུག་ཡུལ་བཀྲ་ཤིས་གཉིས་བར་ཀྱི་གན་རྒྱ་མེད་པར་བཟོས་པ་དང་། བཀྲ་ཤིས་ཀྱིས་གཏུག་མཁན་ཏེ་རྒྱལ་གཉེར་ཀུང་སི་ལ་ཁང་གླ་སྒོར148000སྟེར་དགོས་པའི་དཔྱད་མཚམས་བཏང་།