ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཞི་ཅུ་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

196.ཁོངས་གཏོགས་ཀྱི་སྡེ་ཚན་་སྒྲིག་འགལ་བྱུང་ན། གོང་རིམ་མགོ་ཁྲིད་ལ་འགན་འཁྲི་བདའ་འདེད་བྱེད་དོན་ཅི་ཡིན་ནམ།

[གྱོད་དཔེ།]རྒྱལ་གཉེར་ཁེ་ལས་ག་གེ་མོའི་སྤྱི་ཁྱབ་ཀུང་སིའི་ལྷོ་རྒྱ་མཚོའི་ཤར་རྒྱུད་དོ་དམ་ཅུའུ་ཁོངས་གཏོགས་ཐོན་སྐྱེད་པུའུ་སོགས་སྡེ་ཚན་དང་ལས་ཁུངས་མང་པོས་ནོར་དཔལ་སྒྲིག་ལམ་ལས་འགལ་ནས། དངུལ་སྨར་གཡོ་ལེན་དང“དངུལ་མཛོད་ཆུང་བ”འཛུགས་པ་སོགས་བྱས་པས། འབྲེལ་ཡོད་ཐད་ཀའི་སྒྲིག་འགལ་མི་སྣར་ཐག་གཅོད་བྱས་པ་རེད། ཏང་ཨུའི་ཧྲུའུ་ཅི་དང་ཅུའུ་ཀྲང་ལིའུ་ཆེ་གེ་མོ་དང་ཅུས་དེའི་ཏང་ཨུའི་ཨུ་ཡོན་ནམ་ཅུའུ་ཀྲང་གཞོན་པ་ཏུའུ་ཆེ་གེ་མོར་སོ་སོར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པ་དང་ཏང་ནང་ཁུལ་གྱི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད། ཅུའུ་དེའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྒྲིག་ཨུའི་ཧྲུའུ་ཅི་ཀའོ་ཆེ་གེ་མོར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད་པ་རེད།

[དབྱེ་ཞིབ།]《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་རེ་བདུན་པའི་ནང་། “ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་མི་འཁུར་བའམ་ཡང་ན་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་འཁུར་བ་ནུས་ལྡན་མེད་པས། ཏང་རྩ་འཛུགས་ལ་གནོད་འཚེ་ཚབས་ཆེན་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་རིགས་ལ། ཐད་ཀར་དུ་ཁག་འགན་འཁུར་མཁན་དང་མགོ་ཁྲིད་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་ཕྱིར་འཐེན་ནམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།”ཞེས་གཏན་འཁེལ་བྱས་ཡོད། ཏང་ཨུའི་ཧྲུའུ་ཅི་དང་སྒྲིག་ཨུའི་ཧྲུའུ་ཅི་གཉིས་ཀར་འགན་འཁྲི་བདའ་འདེད་བཏང་བ་དེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིའི་སྟོང་ཆ་ལས་བྱུང་བ་ཞིག་རེད། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་པ་ནི་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་བསྐྱར་བསྒྲགས་ཤིག་རེད་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ལས་འགན་དང་འགན་འཁྲི་ཡིན།

197.སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་རྗེས་སླར་ཡང་གོ་གནས་སྤར་ན་སྒྲིག་འགལ་བྱས་ཡོད་དམ།

[གྱོད་དཔེ།]2016ལོའི་ཟླ4པར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཞིག་གི་ཀྲུའུ་རེན་ཁའོ་ཡོན་ཁྲེན་ཆེ་གེ་མོར་ལས་ཀའི་འགན་འཛོལ་གྱི་རྐྱེན་གྱིས་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། ལས་གནས་ལེགས་སྒྲིག་ལས་ཁྲོམ་གཞུང་དཔལ་འབྱོར་ལས་དོན་པུའི་པུའུ་ཀྲང་ལ་བསྐོས་པ་རེད། ཁྲེན་ཆེ་གེ་མོས་དུས་ཐོག་ཏུ་གནས་བབ་ལ་འགྱུར་ལྡོག་བཏང་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གིས་བཏོད་པས། དེས་འགན་འཁུར་བའི་ཁྱད་ལྡན་ཁྲོམ་གཞུང་ཁུལ་འཛུགས་སྐྲུན་ལས་དོན་ལ་ཆུས་ནང་ཁུལ་དུ་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པ་རེད། ཁྲེན་ཆེ་གེ་མོའི་བསམ་བློ་དང་ལས་སྒོ་སོགས་ཕྱོགས་གང་ཅིའི་ཐད་ལའང་ཡར་རྒྱས་ཆེན་པོ་བྱུང་ཡོད། 2018ལོའི་ཟླ4པར་ཁྲེན་ཆེ་གེ་མོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས་པ་རེད།

[དབྱེ་ཞིབ།]ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དེ་ནི“དབྱུག་པ་གཅིག་གིས་བསད་པ”མིན་པར། ཆད་གཅོད་བསླབ་འདོམས་ལ་བརྟེན་ནས་སློབ་གསོ་གཏོང་བ་དང་ནད་བཅོས་སྲོག་སྐྱོབ་བྱེད་པ་དེ་ཡིན། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག་དང་གཞུང་ལས་པའི་བཅའ་ཁྲིམས། སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པའི་ཆད་གཅོད་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་སྒྲིག་ཁྲིམས་ཆད་གཅོད་ཀྱི་ཤུགས་རྐྱེན་དུས་སྐབས་གཏན་འབེབས་བྱས་ཡོད་པ་དང་། ཆད་གཅོད་ཀྱི་ཤུགས་རྐྱེན་དུས་སྐབས་ལོན་རྗེས་སྤྱོད་ཚུལ་བཟང་བའི་ལས་བྱེད་པར་རྩ་འཛུགས་ཀྱིས་སྔར་བཞིན་གོ་གནས་སྤར་ནས་ལས་གནས་གལ་ཆེ་སར་བསྐོ་གཞག་བྱེད་རྒྱུའི་གོ་སྐབས་སྤྲད་ཡོད། ཏང་ཡོན་ལ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ནས་ལོ་གཅིག་ནང་། ཏང་ནང་ཁུལ་དུ་གོ་གནས་སྤར་བ་དང་ཏང་ཕྱིའི་རྩ་འཛུགས་ལ་དེ་སྔའི་གོ་གནས་ལས་མཐོ་བའི་ཏང་ཕྱིའི་གོ་གནས་འཁུར་མི་ཆོག་པའི་གཏན་འབེབས་བྱས་ཡོད། ཁྲེན་ཆེ་གེ་མོར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་། ལོ་དེའི་ནང་ཏང་ནང་ཁུལ་དུ་གོ་གནས་སྤར་བ་དང་ཏང་ཕྱིའི་རྩ་འཛུགས་ཀྱི་འོས་སྦྱོར་བྱས་ཏེ་དེ་སྔའི་གོ་གནས་ལས་མཐོ་བའི་ཏང་ཕྱིའི་གོ་གནས་འཁུར་མི་ཆོག་པའི་གཏན་འབེབས་བྱས་ཡོད། འོན་ཀྱང་ལོ་གཅིག་གི་ཆད་གཅོད་ཡུན་ཚད་ཐིམ་རྗེས་དེའི་གོ་གནས་འཕར་བའི་ཆ་རྐྱེན་དང་མཐུན་ཚེ། དེའི་ཡར་སྔོན་ལ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དེས་གོ་གནས་འཕར་བར་ཤུགས་རྐྱེན་མི་ཐེབས།

198. 2018ལོའི་ཟླ11པར་ཤང་གྲོང་ཞིག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཆེ་གེ་མོས་གཞུང་འཁོར་སྒེར་སྤྱོད་བྱས་པར་བརྟེན། རྫོང་སྒྲིག་ཨུས་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད། འོ་ན་ཆད་པ་གཅོད་པའི་ཐག་གཅོད་བྱས་རྗེས་ཇི་ལྟར་ཁྱབ་བསྒྲགས་དང་ལག་བསྟར་བྱ་དགོས།

《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་ལེའུ་ལྔ་པའི་དོན་ཚན་ཞེ་གཅིག་པའི་ནང་། “ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་ཐག་བཅད་རྗེས། ཟླ་གཅིག་གི་ནང་ཚུན་ཆད་པ་ཕོག་མཁན་ཏང་ཡོན་དེ་གནས་སའི་ཏང་གི་གཞི་རིམ་རྩ་འཛུགས་ནང་གི་ཏང་ཡོན་ཡོངས་རྫོགས་དང་མི་རང་ཉིད་ལ་ཁྱབ་བསྒྲགས་བྱ་དགོས་ཤིང་། མགོ་ཁྲིད་ཚན་པའི་ཁོངས་མི་ཡིན་ན་ད་དུང་རང་ཉིད་ཡོད་སའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་པར་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། ལས་བྱེད་པའི་དོ་དམ་དབང་ཚད་དང་རྩ་འཛུགས་ཀྱི་འབྲེལ་བ་ལྟར་ཆད་པ་བཅད་པའི་ཡིག་རིགས་རྒྱུ་ཆ་དེ་ཆད་པ་ཕོག་མཁན་གྱི་ཡིག་ཚགས་ནང་འཇུག་དགོས། ཏང་ནང་གི་གོ་གནས་ཕྱིར་འཐེན་བྱས་པ་ཡན(ཏང་ནང་གི་གོ་གནས་ཕྱིར་འཐེན་བྱས་པ་ཚུད)གྱི་ཆད་པ་ཕོག་པ་ཡིན་ན། ད་དུང་ཟླ་བ་གཅིག་ནང་ཚུན་དུ་གོ་གནས་དང་གླ་ཕོགས། ལས་ཀ་དེ་བཞིན་འབྲེལ་ཡོད་ཐོབ་ཐང་གཞན་དག་སོགས་བབ་བསྟུན་གྱིས་བསྒྱུར་བའི་འགྲོ་ལུགས་སྒྲུབ་དགོས། དེའི་ཏང་ཕྱིའི་གོ་གནས་ཕྱིར་འཐེན་ནམ་ལེགས་སྒྲིག་བྱེད་པ་དང་འབྲེལ་བ་ཡོད་པའི་རིགས། ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་དུས་ཐོག་ཏུ་ཕྱིར་འཐེན་ནམ་ལེགས་སྒྲིག་བྱ་རྒྱུའི་གྲོས་གཞི་འདོན་དགོས། དམིགས་བསལ་གྱི་གནས་ཚུལ་བྱུང་ན། ཆད་པ་གཅོད་མཁན་ནམ་ཆད་པར་ཆོག་མཆན་འགོད་མཁན་རྩ་འཛུགས་ཀྱིས་ཆོག་མཆན་སྤྲད་རྗེས། འོས་འཚམ་སྒོས་སྒྲུབ་ཡུན་ཕྱིར་འགྱངས་བྱས་ཆོག སྒྲུབ་ཡུན་རིང་ཤོས་ཟླ་དྲུག་ལས་བརྒལ་མི་ཆོག” པར་གཏན་འཁེལ་བྱས་ཡོད། མགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡིན་པའི་ལི་ཆེ་གེ་མོའི་ཆད་གཅོད་ཆོད་དོན་དེ་ཁོ་གནས་སའི་ཏང་རྩ་འཛུགས་ཀྱི་ཏང་ཡོན་ཡོངས་དང་དེ་བཞིན་མི་རང་ཉིད་ལ་ཁྱབ་བསྒྲགས་བྱེད་པ་ཕུད། ད་དུང་གནས་ཡུལ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་ལ་ཁྱབ་བསྒྲགས་ཀྱང་བྱ་དགོས། ཆད་གཅོད་གཏན་འབེབས་ལི་ཆེ་གེ་མོར་ཁྱབ་བསྒྲགས་བྱས་རྗེས། ལི་ཆེ་གེ་མོར་ཆད་གཅོད་ཀྱི་གཏན་འབེབས་ཡི་གེའི་ཐོག་ཆད་གཅོད་གཏན་འབེབས་ཀྱི་བསམ་འཆར་ལ་མིང་རྟགས་འགོད་དགོས་པའི་བླང་བྱ་འདོན་དགོས། འབྲེལ་ཡོད་གཏན་འབེབས་ལྟར་ན། ཆད་གཅོད་ཆོད་དོན་ཁྱབ་བསྒྲགས་བྱེད་མཁན་མི་གཉིས་ལས་ཉུང་མི་རུང་བ་དང་། ཆད་པ་ཕོག་མཁན་ལ་ཁེ་དབང་གང་དག་ཡོད་པ་གསལ་བཤད་བྱེད་དགོས་ཤིང་། དེར་ཆད་གཅོད་ཆོད་དོན་ལ་བསམ་འཆར་ག་འདྲ་ཡོད་པ་འདྲི་རྩད་བྱ་དགོས་པ་མ་ཟད་ཟིན་ཐོ་ཡག་པོ་འགོད་དགོས།

199.སྒྲིག་ཁྲིམས་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པའི“རྣམ་པ་བཞི”ནི་ཅི་ཞིག་ལ་གོ་བ་ཡིན།

རིགས་དང་པོ་ནི། ཏང་ནང་གི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་བྱ་དགོས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་རྒྱུན་པར་སྤེལ་ཏེ། ཕན་ཚུན་གསལ་འདེབས་དང་ངོ་གནོང་དགོས་པ་དེ་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས། རིགས་གཉིས་པ་ནི། ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་ཡང་མོ་གཅོད་པ་དང་རྩ་འཛུགས་གིས་ཐག་གཅོད་པ་དེ་མི་མང་ཆེ་བར་འགྱུར་བར་བྱེད་དགོས། རིགས་གསུམ་པ་ནི། སྒྲིག་འགལ་ཚབས་ཆེན་བྱུང་ནས་ཆད་པ་ནན་མོ་བཅད་པ་དང་གོ་གནས་གལ་ཆེན་ལེགས་སྒྲིག་བྱེད་པ་ནི་ངེས་པར་དུ་ཉུང་ཤས་ཡིན་དགོས། རིགས་བཞི་པ་ནི། ཁྲིམས་དང་འགལ་ནས་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱེད་པའི་དོགས་གཞི་ཚབས་ཆེན་ཡོད་པའི་རིགས་ནི་ཧ་ཅང་ཉུང་ཤོས་ཡིན་དགོས།

200.ཏང་ཡོན་གྱིས་ལྟ་སྐུལ་གྱི་འོས་འགན་གང་དག་བསྒྲུབས་དགོས།

ཏང་ཡོན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཏང་ཡོན་གྱི་ཁེ་དབང་ཧུར་ཐག་གིས་སྤྱོད་པ་དང་། གཤམ་གསལ་གྱི་ལྟ་སྐུལ་འོས་འགན་འདི་དག་བསྒྲུབ་དགོས་པ་སྟེ།

(1)ཏང་གི་མགོ་ཁྲིད་ལས་བྱེད་པར་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཀྱི་བསམ་འཆར་དང་རེ་ཞུ་དུས་ཐོག་ཏུ་ཏང་རྩ་འཛུགས་ལ་ཞུ་དགོས།

(2)ཏང་གི་གྲོས་ཚོགས་ཐོག་ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་ལའང་གཞི་འཛིན་ས་ཡོད་པའི་སྒོ་ནས་སྐྱོན་བརྗོད་བྱས་ཆོག་པ་དང་། ལས་ཀའི་ནང་གནས་པའི་སྐྱོན་ཆ་དང་གནད་དོན་རྣམས་ཐེར་འདོན་དང་ཡོ་བསྲང་བྱེད་དགོས།

(3)ཏང་རྩ་འཛུགས་ཀྱིས་སྤེལ་བའི་མགོ་ཁྲིད་ལས་བྱེད་པའི་དཔྱད་གླེང་བྱེད་སྒོར་ཞུགས་ན། འགལ་བའི་གནད་དོན་ལ་གཏུག་ཕོད་པ་དང་། སྐྱོན་ཆ་དང་ནོར་འཁྲུལ་སྟོན་ནུས་པར་བྱས་ཏེ། ནོར་འཁྲུལ་གྱི་གཏམ་སྤྱོད་ལ་གཟབ་ནན་དང་འཐབ་རྩོད་བྱེད་ཕོད་དགོས།

(4)ཏང་ལ་འགན་ཁུར་བའི་སྒོ་ནས་ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་གི་ཁྲིམས་འགལ་ལུགས་དཀྲུག་གི་དོན་དངོས་ཐེར་འདོན་བྱས་ཏེ། ཕྱོགས་སོ་སོའི་བྱེད་སྒོ་དང་ཚོགས་པ་ཆུང་ངུའི་བྱེད་སྒོ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རུལ་སུངས་ཀྱི་སྣང་ཚུལ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། །(རྫོགས)

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།