ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(ཉེར་དགུ་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་འཕེལ་ནོར་བུས་བསྒྱུར།   སྤེལ་དུས། : 2023-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

141.རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་རྒྱུན་ལྡན་དུ་དོན་དག་གང་དག་ལ་མཉམ་འཇོག་བྱ་དགོས་སམ།

(1)ལས་ཁུངས་ཀྱི་གློག་ཀླད་ལ་ཕྱི་ནང་གི་དྲ་བ་གང་བྱུང་དུ་མི་སྤྱོད་པ།

(2)ནང་ཁུལ་གྱི་དྲ་བའི་ཆེད་སྤྱོད་གློག་ཀླད་སྟེང་སྐུད་མེད་དྲ་བ་དང་སྐུད་མེད་ཙིག་རྟགས། སྐུད་མེད་ཕབ་གཞོང་སོགས་སྐུད་མེད་སྒྲིག་ཆས་དང་གཞན་པའི་ལས་ཁུངས་ཀྱི་གསོག་ཉར་སྨྱན་རྫས་མི་བཀོལ་བ།

(3)དུས་ལྟར་དུག་སེལ་མཉེན་ཆས་གསར་སྒྱུར་བྱེད་པ་དང་ནད་དུག་འགོག་སྲུང་ལ་ཤུགས་སྣོན་པ། གསང་དོན་དང་འབྲེལ་བའི་ཆ་འཕྲིན་ཅི་དགར་དྲ་བའི་སྟེང་མི་འཇོག་པ།

(4)སྐད་འཕྲིན་གྲོགས་ཚོམས་སྟེང་པར་རིས་སྤེལ་བ་ལ། པར་རིས་ཀྱི་རྒྱབ་ལྗོངས་ལ་མཉམ་འཇོག་བྱས་ཏེ། དམག་དོན་རྟེན་གཞི་དང་དམག་སྤྱོད་གྲུ་ཁ་སོགས་པར་ལེན་ཆོག་མཆན་ཐོབ་མེད་པའི་ས་ཁུལ་སྤེལ་མི་ཆོག

(5) རྗེས་དཔག་གི་སྒོ་ནས་རྒྱལ་གཅེས་ཀྱི་བྱ་སྤྱོད་མཚོན་པར་བྱས་ནས། སྤྱི་ཚོགས་འབྲེལ་འདྲེས་སྟེགས་བུའི་སྟེང་འོས་མཐུན་མིན་པའི་གཏམ་བཤད་དང་པར་རིས་མི་སྤེལ་བ།

142.ཝང་ཆེ་གེ་མོ་ནི་དམག་བཟོའི་ཚན་ཞིབ་གླིང་ག་གེ་མོའི་མཐོ་རིམ་ཚན་ཞིབ་མི་སྣ་ཤིག་ཡིན་ལ། ཁོས་དཔལ་འབྱོར་ཁེ་སྤོགས་ཀྱི་ཆེད་དུ་ཐེངས་མང་པོར་ཕྱི་རྒྱལ་གྱི་གསང་མྱུལ་མི་སྣར་རང་རྒྱལ་དམག་བཟོའི་གནས་ཚུལ་མཁོ་སྤྲོད་བྱས། ཝང་ཆེ་གེ་མོས་ཉེས་པ་ཅི་བསགས་པ་ཡིན་ནམ།

གསང་མྱུལ་ཉེས་པ་བསགས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་སོ་བརྒྱད་པའི་གཏན་ཁེལ་ལྟར་ན། གཤམ་གྱི་བྱ་སྤྱོད་དག་ནི་གསང་མྱུལ་བྱ་སྤྱོད་ལ་གཏོགས་པ་སྟེ།

(1)གསང་མྱུལ་རྩ་འཛུགས་དང་དེའི་འཐུས་ཚབ་པས་ལག་བསྟར་དང་ངན་སྐུལ། མི་གཞན་གྱིས་ལག་བསྟར་ལ་རྒྱབ་སྐྱོར་བྱེད་པའམ། ཡང་ན་མངའ་ཁོངས་ནང་ཁུལ་གྱི་ཕྱིའི་ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས་དང་ངན་འབྲེལ་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་བྱ་འགུལ།

(2)གསང་མྱུལ་རྩ་འཛུགས་ལ་ཞུགས་པའམ་གསང་མྱུང་རྩ་འཛུགས་དང་དེའི་འཐུས་ཚབ་པས་སྤྲད་པའི་ལས་འགན་ནང་ཞུགས་པ།

(3)གསང་མྱུལ་རྩ་འཛུགས་དང་དེའི་འཐུས་ཚབ་པ་ལས་གཞན་པའི་ཕྱི་རྒྱལ་གྱི་ལས་ཁུངས་དང་རྩ་འཛུགས། མི་སྒེར་གྱིས་ལག་བསྟར་དང་ངན་སྐུལ། མི་གཞན་གྱིས་ལག་བསྟར་ལ་རྒྱབ་སྐྱོར་བྱེད་པའམ། རྒྱལ་ནང་གི་ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས་དང་ངན་འབྲེལ་བྱས་ཏེ་བརྐུ་བ་དང་མྱུལ་ཞིབ། ཉོ་བའམ་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གསང་བའམ་གནས་ཚུལ་འདོན་སྤྲོད་བྱེད་པ་དང་། ཡང་ན་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ངོ་ལོག་གི་བྱ་སྤྱོད་སྤེལ་བར་ཇུས་འདོན་དང་སླུ་བྲིད། རྔན་སླུ་བྱེད་པ།

(4)དགྲ་བོར་འཇབ་རྒོལ་བྱེད་སའི་དམིགས་འབེན་སྟོན་པ།

 (5) གཞན་པའི་གསང་མྱུལ་བྱ་འགུལ་སྤེལ་བ།

143.ཕྱི་རྒྱལ་དུ་བཙན་ཤེད་དང་ངན་སྐུལ་ཐེབས་ནས་གསང་མྱུལ་བྱ་སྤྱོད་སྤེལ་ན་ཅི་ལྟར་བྱེད་དགོས་སམ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བརྒྱད་པའི་གཏན་ཁེལ་ལྟར་ན། ཕྱི་རྒྱལ་དུ་བཙན་ཤེད་དང་ངན་སྐུལ་ཐེབས་ནས་དགྲ་བོའི་རྩ་འཛུགས་དང་གསང་མྱུལ་རྩ་འཛུགས་ལ་ཞུགས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་བྱ་འགུལ་སྤེལ་ཚེ། དུས་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྡོད་ལས་ཁུངས་ལ་དོན་དངོས་ལྟར་གནས་ཚུལ་གསལ་བོ་བཤད་དགོས་པ་དང་། ཡང་ན་རྒྱལ་ནང་དུ་ལོག་རྗེས་ཐད་ཀར་དང་སྡོད་སའི་ལས་ཁུངས་བརྒྱུད་དེ་དུས་ལྟར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས་ལ་གནས་ཚུལ་ངོ་མ་གསལ་བཤད་བྱེད་དགོས་པ་མ་ཟད། འགྱོད་བཤགས་ཀྱི་སྣང་ཚུལ་ཡོད་མཁན་ལ་ནོར་འཁྲུལ་བདའ་འདེད་མ་བྱས་ཀྱང་ཆོག

144.འཇིགས་སྐུལ་གྱི་བརྙན་ལམ་ཕབ་ལེན་དང་ཁྱབ་སྤེལ་བྱས་ན་ནག་ཉེས་གང་ཞིག་བཟོས་ཡོད་དམ།

[གྱོད་དཔེ] ལི་ཆེ་གེ་མོས་ཕྱི་རྒྱལ་གྱི་དྲ་ཚིགས་ནས་འཇིགས་སྐུལ་རྩ་འཛུགས་དང་ཆོས་ལུགས་ཐལ་སྐྱོད་རྩ་འཛུགས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་བརྙན་ལམ་མང་པོ་ཞིག་ཕབ་འཇུག་བྱས་པ་མ་ཟད། སྐད་འཕྲིན་ཚོགས་པའི་ནང་བརྒྱུད་བསྐུར་བྱས་པས་སྐད་འཕྲིན་ཚོགས་པའི་ཁོངས་མི་མང་པོ་ཞིག་གི་སེམས་ཁམས་མི་བདེ་བར་གྱུར་ནས་ཕྱིས་སུ་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་རེད། ལི་ཆེ་གེ་མོའི་བྱ་སྤྱོད་དེ་བཅའ་ཁྲིམས་ཅི་ཞིག་ལ་འགལ་ཡོད་དམ། 

[དབྱེ་ཞིབ]《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པའི་གཏན་འབེབས་ལྟར་ན། གཤམ་གྱི་བྱ་སྤྱོད་དག་ནི་འཇིགས་སྐུལ་རིང་ལུགས་ཀྱི་ངོ་བོ་ལྡན་པའི་བྱ་སྤྱོད་ཡིན་ཏེ། (གཅིག)རྩ་འཛུགས་དང་ཇུས་འགོད། གྲ་སྒྲིག་བྱས་ནས་ལག་བསྟར་བྱེད་པ། མི་སྣ་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོ་བ། སྤྱི་པའི་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་བ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་དུ་འགྱུར་བ་སོགས་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའམ་བཟོ་རྩིས་ཡོད་པའི་རིགས། (གཉིས)འཇིགས་སྐུལ་རིང་ལུགས་སྒྲོག་སྤེལ་དང་། འཇིགས་སྐུལ་བྱ་སྤྱོད་སྤེལ་བར་ངན་སྐུལ་བྱས་པའམ་དྲིལ་བསྒྲགས་བྱ་ཡུལ་འཇིགས་སྐུལ་རིང་ལུགས་ཀྱི་དངོས་རྫས་ཁྲིམས་འགལ་གྱིས་བཟུང་སྟེ་མི་མང་འདུ་འཛོམ་བྱེད་སར་མི་གཞན་ལ་འཇིགས་སྐུལ་རིང་ལུགས་སྒྲོག་སྦྱངས་བྱེད་པའི་རྒྱན་གོས་དང་མཚོན་རྟགས་བཙན་ཤེད་བྱས་རིགས།(གསུམ)འཇིགས་སྐུལ་བྱེད་སྒོ་སྤེལ་མཁན་རྩ་འཛུགས་སྒྲིག་འཛུགས་དང་། དེར་མགོ་ཁྲིད་བྱེད་པ་དང་དེའི་ཁྲོད་ཞུགས་སུ་བཅུག་པ། (བཞི)འཇིགས་སྐུལ་རྩ་འཛུགས་དང་། འཇིགས་སྐུལ་བྱ་སྤྱོད་སྤེལ་མཁན། འཇིགས་སྐུལ་བྱ་སྤྱོད་སྤེལ་བའམ་ཡང་ན་འཇིགས་སྐུལ་བྱ་སྤྱོད་གསོ་སྦྱོང་བྱེད་པར་ཆ་འཕྲིན་དང་མ་དངུལ། དངོས་ཟོག ངལ་ལས། ལག་རྩལ། ལས་ཡུལ་སོགས་ཀྱི་རྒྱབ་སྐྱོར་དང་། རམ་འདེགས། སྟབས་བདེ་བཅས་མཁོ་འདོན་བྱེད་པ། (ལྔ)འཇིགས་སྐུལ་བྱ་སྤྱོད་གཞན་དག་བཅས་ཡིན། 

《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉི་ཤུ་པའི་ནང་གསེས་དོན་ཚན་གསུམ་པའི“འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས། འཇིགས་སྐུལ་བྱ་སྤྱོད་ལག་བསྟར་བྱེད་པར་ངན་སྐུལ་བཅས་ཀྱི་ཉེས་པ”ཞེས་པ་ནི་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་འུད་སྒྲོག་བྱེད་པའི་དཔེ་དེབ་དང་། སྒྲ་ཟློས་བརྙན་ལམ་དཔྱད་ཡིག་གམ་དངོས་རྫས་གཞན་དག་བཟོ་བ་དང་འགྲེམས་སྤེལ་བྱས་པའམ་ཡང་ན་སློབ་ཁྲིད་དང་ཆ་འཕྲིན་ཁྱབ་བསྒྲགས་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱས་པའམ་ཡང་ན་འཇིགས་སྐུལ་བྱ་སྤྱོད་སྤེལ་བར་ངན་སྐུལ་བྱས་རིགས་ལ་དུས་བཙོན་ལོ་ལྔ་མན་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དུས་བཙོན་ལོ་ལྔ་ཡན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ”ཞེས་བསྟན་ཡོད། ལི་ག་གེ་མོས་སྐད་འཕྲིན་ཚོགས་པའི་ནང་དྲག་ཤུགས་འཇིགས་སྐུལ་གྱི་བརྙན་ལམ་འབོར་ཆེན་བརྒྱུད་བསྐུར་བྱས་ནས་འཇིགས་སྐུལ་རིང་ལུགས་ཁྱབ་བསྒྲགས་བྱས་པས་དེའི་བྱ་སྤྱོད་ནི་འཇིགས་སྐུལ་རིང་ལུགས་ཁྱབ་བསྒྲགས་བྱེད་པའི་ནག་ཉེས་བསགས་ཡོད། 

145.ཆོས་ལོག་སྒྲོག་སྤེལ་གྱི་དྲིལ་བསྒྲགས་བརྩམས་ཆོས་བཟོས་ནས་ཆོས་ལོག་སྒྲོག་སྤེལ་བྱས་པ་དེ་ནག་ཉེས་གང་འདྲ་ཞིག་ཡིན་ནམ།

[གྱོད་དཔེ] ཀྲང་ཆེ་གེ་མོས་ཁྱོ་གའི་འཐབ་གྲོགས་འདུ་འཛོམས་ལ་ཞུགས་པའི་གོ་སྐབས་དང་བསྟུན་ནས་འདུ་ཚོགས་ལ་ཞུགས་མཁན་མི20ལྷག་ལ་ལོག་ཆོས་ཀྱི་དཔེ་དེབ་དང་བསྒྲགས་ཡིག་སོགས་འགྲེམ་སྤེལ་བྱས་པ་དང་། རྗེས་སུ་མང་ཚོགས་ཀྱིས་ཐེར་འདོན་བྱས། མི་དམངས་ཉེན་རྟོག་པས་ཀྲང་ཆེ་གེ་མོའི་ཁྱིམ་དུ་སྔོག་བཤེར་བྱེད་སྐབས་ཡང་བསྐྱར་ལོག་ཆོས་ཀྱི་དཔེ་དེབ་དང་བསྒྲགས་ཡིག་འབོར་ཆེན་ལག་སོན་བྱུང་བ་དང་། དེ་བཞིན་ལོག་ཆོས་ཀྱི་དྲིལ་བསྒྲགས་ཡིག་རིགས་པར་སྐྲུན་བྱེད་པའི་གློག་ཀླད་དང་། པར་འདེབས་འཕྲུལ་ཆས། ཤོག་གྲི་སོགས་ཀྱི་ལག་ཆའང་ཐོབ། 

[དབྱེ་ཞིབ]《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་པ་ལྟར་ན། “རྨོངས་དད་ཚོགས་པ་དང་། ལོག་ཆོས་རྩ་འཛུགས་སྒྲིག་འཛུགས་དང་བཀོལ་སྤྱོད་བྱས་པ། རྨོངས་དད་ལ་བརྟེན་ནས་བཅའ་ཁྲིམས་ལག་ལེན་བསྟར་བར་གཏོར་བཤིག་གཏོང་བའི་བྱས་ཉེས”རྨོངས་དད་ཚོགས་པ་དང་། ལོག་ཆོས་རྩ་འཛུགས་སྒྲིག་འཛུགས་དང་བཀོལ་སྤྱོད་བྱས་པའམ་རྨོངས་དད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལག་ལེན་བསྟར་བར་གཏོར་བཤིག་གཏོང་མཁན་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཤིན་ཏུ་ཆེ་རིགས་ལ་དུས་བཙོན་ལོ་བདུན་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཅུང་ཆུང་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་དང་། བཙན་ཉར་ལས་བསྐུལ། རྩིས་སྤྲོད་དོ་དམ་བཅས་སམ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་ཉེས་ཆད་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་ཡང་ན་དངུལ་ཆད་གཅིག་པུ་གཅོད་རྒྱུ། ཆོས་ལོག་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་ལ་གནོད་འཚེ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་ལྷིང་ལ་གནོད་འཚེ་གཏོང་བ། སྤྱི་ཚོགས་ཀྱི་བསམ་བློ་བརྟན་ལྷིང་ལ་གནོད་འཚེ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཚེ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལོག་རྩ་འཛུགས་ལ་རྡུང་རྡེག་གཏོང་བ་དང་མེད་པར་བཟོ་བ་བཅས་བྱེད་དགོས། ཀྲང་ཆེ་གེ་མོས་ལོག་ཆོས་ལ་ཞེན་ཆགས་དང་། ལོག་ཆོས་ཀྱི་དྲིལ་བསྒྲགས་བརྩམས་ཆོས་བཟོས་ནས་ལོག་ཆོས་སྒྲོག་སྤེལ་བྱས་ཤིང་། དེའི་བྱ་སྤྱོད་ནི་ལོག་ཆོས་རྩ་འཛུགས་ལ་བརྟེན་ནས་བཅའ་ཁྲིམས་ལག་བསྟར་བྱེད་པར་གཏོར་བཤིག་གཏོང་བའི་བྱས་ཉེས་གྲུབ་ཡོད།  (མུ་འགོད།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།