ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(ཉེར་བདུན་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

131.ཉར་གསོའི་འབྲེལ་བ་མཚམས་བཞག་རྗེས།    གསོས་ཕྲུག་གིས་ཕ་གཡར་དང་མ་གཡར་ལ་ཞབས་ཏོག་ཞུ་བའི་འོས་འགན་ཡོད་དམ།   

  ཉར་གསོའི་འབྲེལ་བ་གྲོལ་རྗེས།    ཕ་གཡར་དང་མ་གཡར་ཀྱིས་གཉོར་སྐྱོང་བྱས་པའི་ལོ་ན་སོན་པའི་གསོས་ཕྲུག་གིས།  ངལ་རྩོལ་གྱི་བྱེད་ནུས་མེད་ལ་འཚོ་རྟེན་ཡོང་ཁུངས་ཀྱང་མེད་པའི་ཕ་མར་འཚོ་བའི་གྲོན་དངུལ་སྤྲོད་དགོས།    

132.ནད་པར་གཅིན་པ་མངར་འགྱུར་གྱི་ནད་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་དུ་སོང་པར་སྨན་ཁང་གིས་ཆ་འཕྲིན་ཕྱིར་བསྒྲགས་བྱས་པས། ཕྱི་ཉིན་སྨན་འཚོང་མཁན་ཞིག་ཁོའི་ཁྱིམ་དུ་ཡོང་ནས་རིན་གོང་དམའ་བའི་སྨན་བཙོང་རྒྱུ་ཡོད་པར་བཤད།     ནད་པས་ཇི་ལྟར་བྱ་དགོས། 

སྨན་ཁང་ལ་ཁེ་དབང་ལ་གནོད་པ་བཟོས་པའི་འགན་འཁུར་དགོས་པའི་བླང་བྱ་བཏོན་ཆོག  སྨན་བཅོས་ལས་ཁུངས་དང་སྨན་བཅོས་མི་སྣས་ནད་པའི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་གསང་དགོས།     ནད་པའི་གསང་དོན་དང་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་པའམ་ཡང་ན་ནད་པའི་མོས་མཐུན་མ་བྱུང་པར་ནད་ཐོའི་དཔྱད་ཡིག་ཕྱིར་བསྒྲགས་བྱས་ན།    ཁེ་དབང་ལ་གནོད་པ་བཟོས་པའི་འགན་འཁུར་དགོས།    

133.ཞའོ་ཝེས་སྡེ་ཁུལ་དུ་འཆམ་འཆམ་དུ་བསྐྱོད་སྐབས།  ཞའོ་ཝང་གིས་གསོས་པའི་ཐག་པའི་ཁྲིད་མེད་པའི་ཁྱི་ཆུང་གིས་རྨུགས་པས།    ཞའོ་ཝེས་ཡིས་ཇི་ལྟར་བྱས་ནས་ཁེ་དབང་སྲུང་སྐྱོང་བྱེད་དགོས།   

ཞའོ་ཝང་གིས་ཁེ་དབང་ལ་གནོད་པ་བཟོས་པའི་འགན་འཁུར་དགོས་པའི་བླང་བྱ་བཏོན་ཆོག དོ་དམ་གྱི་གཏན་འབེབས་དང་འགལ་ཏེ།    གཅན་གཟན་སྲོག་ཆགས་ལ་བདེ་འཇགས་ཀྱི་བྱེད་ཐབས་མ་སྤྱད་པར་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན།    སྲོག་ཆགས་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་ཁེ་དབང་ལ་གནོད་པའི་འགན་འཁུར་དགོས།     འོན་ཀྱང་གནོད་སྐྱོན་ནི་གནོད་འཚེ་ཕོག་མཁན་རང་གིས་བསམ་བཙུགས་ནས་བཟོས་པ་ཡིན་ལུགས་ར་སྤྲོད་བྱེད་ཐུབ་ན་ཁྱི་བདག་གི་འགན་ཇེ་ཡང་དུ་བཏང་ཆོག

134.ཀ་བའི་མིག་ལ་རྨས་ཕོག་ཏེ་མྱུར་དུ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་སྐབས།    སྨན་པས་འགོར་འགྱངས་བྱས་ཏེ་མཐར་ཀ་བའི་མིག་གཡས་པ་དེ་ཡི་མཐོང་ནུས་ཉམས་པར་གྱུར།    སྨན་ཁང་གིས་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་སམ།    

སྐྱིན་ཚབ་འཇལ་འགན་འཁུར་དགོས་པ་རེད།     སྨན་བཅོས་མི་སྣས་ནད་བརྟག་སྨན་བཅོས་བྱེད་སྐབས་དེའི་སྨན་བཅོས་ཆུ་ཚད་དང་མཚུངས་པའི་ནད་བརྟག་སྨན་བཅོས་ཀྱི་འོས་འགན་མ་བསྒྲུབས་པར་ནད་པར་གནོད་སྐྱོན་བཟོས་པ་ཡིན་ན།    སྨན་བཅོས་ལས་ཁུངས་ཀྱིས་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།    

135.ཞའོ་ཝང་ལ་ཆམ་པ་ཕོག་ནས་སྨན་ཁང་དུ་སྨན་ལེན་སྐབས་ཅི་ཡིན་འདི་ཡིན་མེད་པར་གཟུགས་པོར་བརྟག་དཔྱད་བྱས་པས།    སྨན་བཅོས་མི་སྣ་དེའི་བྱ་སྤྱོད་ཁྲིམས་འགལ་ཡིན་ནམ།    

ཁྲིམས་འགལ་ཡིན།   སྨན་བཅོས་ལས་ཁུངས་དང་སྨན་བཅོས་མི་སྣས་སྨན་བཅོས་ཚད་གཞི་དང་འགལ་ནས་དགོས་ངེས་མ་ཡིན་པའི་ཞིབ་བཤེར་བྱས་མི་ཆོག །(མུ་འགོད)

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།