ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཅུ་དགུ་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

91.སྐུ་ཞབས་ལི་ལགས་ལས་ཚོགས་གྲོལ་རྗེས་རིན་མི་དགོས་པར་གཞིས་ཁུལ་གཅིག་ཏུ་སྡོད་པའི་ལྕམ་མོ་ཝང་ལགས་ཀྱི་རླངས་འཁོར་དུ་ཞོར་འགྲུལ་བྱས་ཤིང་། མཇུག་མཐར་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་ལྕམ་མོ་ཝང་ལགས་ལ་རྨས་སྐྱོན་ཕོག་པས། སྐུ་ཞབས་ལི་ལགས་ཀྱིས་འགན་འཁུར་དགོས་སམ། 

འགན་འཁུར་དགོས། འོན་ཀྱང་སེམས་བཟང་བཅངས་ནས་དོན་རྐྱེན་བྱུང་བར། འཁོར་བདག་གི་འགན་འཁྲི་འོས་འཚམ་ངང་ཇེ་ཆུང་དུ་གཏོང་དགོས། 《དམངས་དོན་ཁྲིམས་གཞུང》ཁྲོད་གཏན་འབེབས་བྱས་པ་ལྟར་ན། སྐྱེལ་འདྲེན་རླངས་འཁོར་མ་ཡིན་པའི་རིགས་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་རིན་དོད་མེད་པར་རླངས་འཁོར་ལ་བསྡད་དེ་མིར་གནོད་སྐྱོན་བཟོས་ན། རླངས་འཁོར་བདག་པོ་ཕྱོགས་ཀྱི་འགན་འཁྲི་ཇེ་ཡང་དུ་གཏོང་དགོས། འོན་ཀྱང་རླངས་འཁོར་བེད་སྤྱོད་བྱེད་མཁན་གྱིས་ཤེས་བཞིན་དུ་བྱས་པའམ་ཡང་ན་ལས་འཛོལ་ཚབས་ཆེན་བྱུང་བ་ཕུད། ཁ་ལོ་བས་རླངས་འཁོར་ལ་འདུག་མཁན་གྱི་འགྲོ་གྲོན་བསྡུ་ལེན་མི་བྱེད་པའི་གནས་ཚུལ་འོག རླངས་འཁོར་ལ་སྡོད་དུ་འཇུག་པའི་བྱ་སྤྱོད་དེ་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ལྗང་མདོག་འགྲོ་སྐྱོད་ཀྱི་འདུ་ཤེས་དང་མཐུན་པས་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས། འདྲ་མཉམ་གྱི་རྩ་དོན་ལྟར། ཁ་ལོ་པའི་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་ཇེ་ཡང་དུ་གཏོང་དགོས།《དམངས་དོན་ཁྲིམས་གཞུང》ནང་དེ་ཕྱོགས་ནས་གསལ་པོར་བཏོན་ཡོད། རིན་མི་དགོས་པར་རླངས་འཁོར་ལ་འདུག་པའི་གནས་ཚུལ་ང་ཚོའི་ཉེ་འགྲམ་དུ་རྒྱུན་དུ་བྱུང་བཞིན་ཡོད། རོགས་རམ་བྱེད་དགོས་པའི་མི་དང་འཕྲད་ཚེ། མི་གཞན་དག་རང་ཉིད་ཀྱི་རླངས་འཁོར་ལ་སྡོད་དུ་བཅུག་ཆོག་མོད། འོན་ཀྱང་དོན་རྐྱེན་བྱུང་སྟེ་གུན་གསབ་ཀྱི་འགན་འཁྲི་འཁུར་དགོས་པར་སྐྲག་པའི་གནས་ཚུལ་ཡོད།《དམངས་དོན་ཁྲིམས་གཞུང》ཁྲོད“སེམས་བཟང་བཅངས་ནས་མཉམ་དུ་རླངས་འཁོར་ལ་འདུག་པའི”དོན་ཚན་ཁ་སྣོན་བྱས་ཏེ། མི་རྣམས་ཀྱིས་གཞན་ཕན་སྒྲུབ་པར་སྐུལ་ལྕག་གཏོང་བ་དང་། དེའང་སྤྱི་སྒྲིག་སྲོལ་བཟང་དང་དྲང་གཞག་གི་རྩ་དོན་དང་མཐུན་པ་ཡིན། 

92.རང་གིས་གསོས་པའི་ཁྱི་དོར་རྗེས་འཁྱམ་ནས་འགྲོ་སྐབས་མི་གཞན་ལ་རྨུགས་ན། འགན་འཁྲི་འཁུར་དགོས་སམ། 

འགན་འཁྲི་འཁུར་དགོས། དོར་བ་དང་བྲོས་བྱོལ་དུ་སོང་བའི་སྲོག་ཆགས་ཀྱིས་དོར་བ་དང་བྲོས་བྱོལ་སྐབས་སུ་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ཚེ། སྲོག་ཆགས་ཀྱི་ཐོག་མའི་གསོ་ཚགས་པའམ་ཡང་ན་དོ་དམ་པས་དབང་གནོད་འགན་འཁྲི་འཁུར་དགོས། 

93.སྡོད་དམངས་ཀྱི་གཞིས་ཁུལ་ནང་གི་རླངས་འཁོར་འཇོག་སའི་ཁོངས་གཏོགས་དང་བེད་སྤྱོད་ཐད་ནས་ཇི་ལྟར་གཏན་འབེབས་བྱས་ཡོད། 

《དམངས་དོན་ཁྲིམས་གཞུང》གྱི་དོན་ཚན་ཉིས་བརྒྱ་དང་དོན་ལྔ་པའི་ཁྲོད། རླངས་འཁོར་འཇོག་སའི་གནས་དང་རླངས་འཁོར་འཇོག་སའི་ཁོངས་གཏོགས་འཆར་འགོད་བྱེད་སྐབས། དོ་བདག་གིས་བཙོངས་པ་དང་ཡང་ན་ཞོར་སྦྱིན་ནམ་བོགས་མར་གཏོང་བ་སོགས་ཀྱི་ཁ་ཆད་བྱས་ཡོད་པ་ལ། ཁང་བདག་ཐུན་མོང་ལ་དབང་བའི་འགྲོ་ལམ་མམ་ཡང་ན་ར་སྐོར་གཞན་དག་རླངས་འཁོར་འཇོག་སའི་གནས་སུ་སྤྱད་ཆོག་པ་དེ་ཁང་བདག་ཐུན་མོང་ལ་དབང་བ་ཡིན། 

དོན་ཚན་ཉིས་བརྒྱ་དོན་དྲུག་པའི་ཁྲོད། བཟོ་སྐྲུན་ས་ཁོངས་ཀྱི་རླངས་འཁོར་འཇོག་ས་དང་རླངས་འཁོར་འཇོག་ཁང་ཇུས་འགོད་བྱེད་སྐབས། ཐོག་མར་ཁང་བདག་གི་དགོས་མཁོ་སྐོང་དགོས། 

94.སྡོད་དམངས་ཀྱི་གཞིས་ཁུལ་གྱི་གློག་སྐས་ལ་ཆག་སྐྱོན་ཤོར་བ་དང་ཁང་ཀླད་དུ་ཆུ་འཛིར་ན་ཇི་ལྟར་ཞིག་གསོ་བྱེད་དགོས་སམ། 

《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཉིས་བརྒྱ་དང་གྱ་གཅིག་པའི་ཁྲོད། བཟོ་བཀོད་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཞིག་གསོའི་མ་དངུལ་ནི་ཁང་བདག་ཐུན་མོང་ལ་དབང་བ་ཡིན། ཁང་བདག་གིས་ཐུན་མོང་དུ་ཐག་གཅོད་བྱས་པ་བརྒྱུད། གློག་སྐས་དང་ཁང་ཀླད། ཕྱི་གྱང་། གེགས་མེད་སྒྲིག་ཆས་སོགས་ཐུན་མོང་ལ་དབང་བའི་སྐོར་གྱི་ཉམས་གསོ་དང་གསར་བསྒྱུར། བསྒྱུར་བཀོད་བཅས་བྱེད་པར་སྤྱད་ཆོག བཟོ་བཀོད་དང་དེའི་ཟུར་གཏོགས་སྒྲིག་ཆས་ཉམས་གསོའི་མ་དངུལ་གྲབས་གསོག་དང་བེད་སྤྱོད་བྱས་ཚུལ་དུས་བཀག་ལྟར་སྤྱི་བསྒྲགས་བྱེད་དགོས། 

ཛ་དྲག་ཆེ་བའི་གནས་ཚུལ་འོག་བཟོ་བཀོད་དང་དེའི་ཟུར་གཏོགས་སྒྲིག་ཆས་ཉམས་གསོ་བྱེད་དགོས་པའི་རིགས་ལ། ཁང་བདག་ཚོགས་ཆེན་ནམ་ཁང་བདག་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་བཟོ་བཀོད་དང་དེའི་ཟུར་གཏོགས་སྒྲིག་ཆས་བེད་སྤྱོད་བྱེད་པའི་ཉམས་གསོའི་མ་དངུལ་རེ་ཞུ་བྱས་ཆོག 

95.གཞིས་ཁུལ་གློག་སྐས་ཀྱི་བརྡ་ཁྱབ་ཡོང་སྒོ་སུ་ལ་དབང་བ་ཡིན།

འཛུགས་སྐྲུན་ལས་ཁུངས་དང་གཞིས་ཀའི་ཞབས་ཞུའི་ཁེ་ལས་སམ་དོ་དམ་མི་སྣ་གཞན་དག་སོགས་ཀྱིས་ཁང་བདག་གི་ཐུན་མོང་ལ་དབང་བའི་ཆ་ཤས་ལ་བརྟེན་ནས་བྱུང་བའི་ཡོང་སྒོ་དེ། ལུགས་མཐུན་གྱི་མ་གནས་འཐེན་རྗེས་ཁང་བདག་ཐུན་མོང་ལ་དབང་བ་ཡིན།(མུ་འགོད།)

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།