ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཅུ་དྲུག་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

76.གཉེན་བསྒྲིགས་རྗེས་ཆུང་མས་རྒན་པ་དང་བྱིས་པ་གསོ་སྐྱོང་གི་ཆེད་དུ་ལས་ཁུར་དགོངས་ཞུས་ཟིན་ན། གཉེན་ཐོར་སྐབས་ཁྱོ་གས་ཁ་གསབ་སྤྲོད་པར་རེ་བ་འདོན་པའི་དབང་ཆ་ཡོད་དམ།

ཡོད་དེ། ཕྱོགས་གཅིག་གིས་བུ་ཕྲུག་གསོ་སྐྱོང་དང་། ཕ་མར་ལྟ་སྐྱོང་། ཕྱོགས་གཞན་པའི་བྱ་བར་རོགས་སྐྱོར་བྱེད་པ་སོགས་ལ་འོས་འགན་ཅུང་མང་པོ་ཁུར་ཡོད་ན། གཉེན་ཐོར་སྐབས་ཕྱོགས་གཞན་པ་དེར་ཁ་གསབ་སྤྱོད་པར་རེ་བ་འདོན་པའི་དབང་ཆ་ཡོད་ཅིང་། ཕྱོགས་གཞན་པ་དེས་ཁ་གསེབ་སྟེར་འོས།

77.སྐྱེས་མར་མངལ་ཆགས་ཡོད་པའི་སྐབས་སུ་སྐྱེས་པས་གཉེན་ཐོར་བྱས་ན་ཆོག་གམ།

མི་ཆོག་སྟེ། སྐྱེས་མར་མངལ་ཆགས་པའི་སྐབས་དང་། ཕྲུ་གུ་བཙས་རྗེས་ཀྱི་ལོ་གཅིག་ནང་ངམ། མངལ་སྦྲུམ་རྗེས་ཀྱི་ཟླ་དྲུག་གི་ནང་། སྐྱེས་པས་གཉེན་ཐོར་གྱི་རེ་བ་བཏོན་མི་ཆོག འོན་ཀྱང་། སྐྱེས་མས་གཉེན་ཐོར་རེ་བ་བཏོན་པའམ། མི་དམངས་ཁྲིམས་ཁང་གིས་སྐྱེས་པས་གཉེན་ཐོར་རེ་བ་འདོན་དགོས་ངེས་ཀྱི་རིགས་དེར་མི་གཏོགས།

78.གཉེན་ཐོར་སྐབས། ཕྱོགས་གཅིག་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གསང་བ་དང་སྐོར་བ་བཅས་བྱས་ཡོད་ན། ཕྱོགས་གཞན་པས་ཇི་ལྟར་བྱེད་དགོས།

ཁྱོ་ཤུག་ཕྱོགས་གཅིག་གིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གསང་བ་དང་། སྐོར་བ། ཚོང་སྒྱུར། བརླག་པ། བག་མེད་ལོངས་སྤྱོད་བྱས་པའམ། ཁྱོ་ཤུག་ཐུན་མོང་བུ་ལོན་རྫུན་བཟོ་བྱས་ནས་ཕྱོགས་གཞན་པའི་རྒྱུ་ནོར་གཡོ་ལེན་བྱས་ན། གཉེན་ཐོར་ནས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བགོ་སྐབས། ཕྱོགས་དེར་ཉུང་བགོའམ་མ་བགོས་ཀྱང་ཆོག གཉེན་ཐོར་རྗེས། ཕྱོགས་གཅིག་གིས་ཕྱོགས་གཞན་པ་དེར་གོང་བརྗོད་བྱ་སྤྱོད་ཡོད་པ་ཤེས་ན། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡང་བསྐྱར་བགོ་དགོས་པའི་རེ་བ་བཏོན་ཆོག

79.ཞའོ་མིང་ད་ལོ་ལོ10སོན་ཡོད་པ་དང་། ཕ་མ་གཉེན་ཐོར་བྱེད་བཞིན་ཡོད་ན། ཞའོ་མིང་རང་ཉིད་ཀྱིས་སུའི་རྗེས་སུ་འབྲང་བར་འདེམ་ཆོག་གམ།

ཆོག་སྟེ། དམངས་དོན་ཁྲིམས་གཞུང་གི་དོན་ཚན་སྟོང་གཅིག་གྱ་བཞི་ལས་གཏན་འབེབས་བྱས་དོན། ཕ་མ་དང་བུ་ཕྲུག་བར་འབྲེལ་བ་ནི། ཕ་མ་གཉེན་ཐོར་བྱས་པ་དང་བསྟུན་ནས་མེད་པར་མི་འགྲོ། གཉེན་ཐོར་རྗེས། བུ་ཕྲུག་ཕ་ཕྱོགས་དང་མ་ཕྱོགས་གང་གིས་སྐྱོང་ན་ཡང་། ཕ་མ་གཉིས་ཀྱི་བུ་ཕྲུག་ཡིན། གཉེན་ཐོར་རྗེས། ཕ་མ་ལ་སྔར་བཞིན་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོང་བཅས་བྱེད་པའི་དབང་ཆ་དང་འོས་འགན་ཡོད། གཉེན་ཐོར་རྗེས། ལོ་གཉིས་མ་ལོན་པའི་བུ་ཕྲུག་ཨ་མས་ཐད་ཀར་གསོ་སྐྱོང་བྱེད་པའི་རྩ་དོན་ལྟར་འགྲོ་བ་དང་། ལོ་གཉིས་ལོན་ཟིན་པའི་བུ་ཕྲུག་ཡིན་ཚེ། ཕ་མ་ཕྱོགས་གཉིས་གསོ་སྐྱོང་གནད་དོན་གྲོས་འཆམ་མ་བྱུང་ན། མི་དམངས་སྲིད་གཞུང་གིས་ཕ་མ་ཕྱོགས་གཉིས་ཀྱི་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་ནས། ནར་མ་སོན་པའི་བུ་ཕྲུག་ལ་ཆེས་ཕན་པའི་རྩ་དོན་ལྟར་ཁྲིམས་གཅོད་བྱེད་དགོས། བུ་ཕྲུག་ལོ་ཧྲིལ་པོ་བརྒྱད་ལོན་ཟིན་ན། བུ་ཕྲུག་གི་འདོད་བློ་དངོས་ལ་བརྩི་བཀུར་བྱེད་དགོས།

80 .ཀ་པས་སྤོ་བོ་འདས་ཁའི་ཁ་ཆེམས་ཁ་པར་དུ་བརྙན་བླངས་ཡོད་ཀྱང་། ཁང་པའི་ནང་དུ་ཁོ་གཉིས་ལས་མེད་ན། ཁ་ཆེམས་ལ་ཕན་ནུས་ཡོད་དམ།

ཕན་ནུས་མེད་དེ། དམངས་དོན་ཁྲིམས་གཞུང་གི་དོན་ཚན་སྟོང་གཅིག་བརྒྱ་སོ་བདུན་ལས་གཏན་འབེབས་བྱས་དོན། བརྙན་ལམ་རྣམ་པའི་ཁ་ཆེམས་བཞག་པ་ཡིན་ན། དཔང་མི་གཉིས་ཡན་གྱིས་ཡུལ་དངོས་སུ་བདེན་དཔང་བྱེད་དགོས། ཁ་ཆེམས་འཇོག་མཁན་དང་དཔང་མི་གཉིས་ཀྱིས་སྒྲ་ཕབ་བརྙན་ལམ་དུ་རང་གི་མིང་ངམ་གཟུགས་རིས་དང་ལོ་ཟླ་ཚེས་གྲངས་འཇོག་འོས། དོན་ཚན་སྟོང་གཅིག་བརྒྱ་སོ་བརྒྱད་པ་ལས་གཏན་འབེབས་བྱས་དོན། ཁ་ཆེམས་འཇོག་མཁན་ཉེན་ཁའི་སྐབས་སུ། ཁ་ཐོག་གི་ཁ་ཆེམས་བཞག་ཆོག ཁ་ཐོག་གི་ཁ་ཆེམས་འཇོག་དུས་དཔང་མི་གཉིས་ཡན་གྱིས་ཡུལ་དངོས་ནས་བདེན་དཔང་བྱེད་འོས། ཉེན་ཁའི་གནས་ཚུལ་མེད་པར་གྱུར་རྗེས། ཁ་ཆེམས་འཇོག་མཁན་གྱིས་ཡིག་ཐོག་གམ་སྒྲ་ཕབ་བརྙན་ལམ་རྣམ་པས་ཁ་ཆེམས་བཞག་ན། ཁ་ཐོག་གི་ཁ་ཆེམས་ལ་ཕན་ནུས་མི་ལྡན། སྒྲ་ཕབ་དང་བརྙན་ལམ་རྣམ་པས་ཁ་ཆེམས་བཞག་ན། དཔང་མི་གཉིས་ཡན་གྱིས་ཡུལ་དངོས་ནས་བདེན་དཔང་བྱེད་འོས།

དུས་མཚུངས་སུ། དོན་ཚན་སྟོང་གཅིག་བརྒྱ་བཞི་བཅུ་ལས་གཏན་འབེབས་བྱས་དོན། གཤམ་གྱི་མི་དག་ཁ་ཆེམས་ཀྱི་དཔང་མི་བྱས་མི་ཆོག

གཅིག དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པ་དང་། དམངས་དོན་བྱ་སྤྱོད་ལ་བཀག་སྡོམ་བྱས་ཡོད་པ། གཞན་པའི་བདེན་དཔང་ནུས་པ་མེད་པའི་མི།

གཉིས། རྒྱུད་འཛིན་པ་དང་ཁ་ཆེམས་ཀྱི་ཕན་ཁེ་ཐོབ་མཁན།

གསུམ། རྒྱུད་འཛིན་པ་དང་ཁ་ཆེམས་ཀྱི་ཕན་ཁེ་ཐོབ་མཁན་ལ་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི།(མུ་འགོད།)

རྩོམ་སྒྲིག་པ། : གསང་བདག་རྒྱལ།