ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བདུན་པ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

31.རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་གཞི་རྩའི་འོས་འགན་གང་དག་ཡོད།

སྤྱི་དམངས་ཀྱི་གཞི་རྩའི་འོས་འགན་ནི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱིས་ངེས་པར་དུ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པ་དང་།  དེས་རྒྱལ་ཁབ་ཀྱི་འཚོ་བའི་ནང་སྤྱི་དམངས་ཀྱི་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་གནས་བབ་གཏན་འཁེལ་བྱེད་ཀྱིན་ཡོད། རྩ་ཁྲིམས་ཀྱི་དོན་ཚན52ནས56བར་གྱི་གཏན་འབེབས་གཞིར་བཟུང་ན། སྤྱི་དམངས་ལ་གཤམ་གྱི་གཞི་རྩའི་འོས་འགན་ཡོད་དེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་འོས་འགན་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་འོས་འགན། མེས་རྒྱལ་སྲུང་སྐྱོབ་དང་བཅའ་ཁྲིམས་ལྟར་དམག་སྐུལ་དང་ལེན་བྱེད་པའི་འོས་འགན། ཁྲིམས་ལྟར་ཁྲལ་འཇལ་རྒྱུའི་འོས་འགན་སོགས་ཡོད།

32.སྒོ་རྩིས་ཚོང་ཁང་ནས་ཅ་ལག་ཉོ་སྐབས་བཙན་ཤེད་ཀྱིས་ལུས་བཤེར་བྱས་ན་སྒོ་རྩིས་ཚོང་ཁང་ཁྲིམས་འགལ་ཡིན་ནམ་།

【གྱོད་དཔེ】ཞའོ་ཝང་སྒོ་རྩིས་ཚོང་ཁང་དུ་ཅ་ལག་ཉོ་རུ་སོང་བ་དང་། བདེ་འཇགས་ཞིབ་བཤེར་བྱེད་སྐབས་ཉེན་བརྡ་བཏང་བས་ལས་དོན་མི་སྣས་ཞའོ་ཝང་གིས་ལྐོག་ཏུ་ཚོང་རྫས་ཁྱེར་ཡོད་པར་དོགས་པ་སྐྱེས་ནས་བཙན་ཤེད་ཀྱིས་དེར་ལུས་བཤེར་བྱས་པ་རེད། རྗེས་སུ་རྩད་ཆོད་བྱུང་བ་ནི་ཉེན་བརྡ་གཏོང་ཆས་ལ་སྐྱོན་བྱུང་བ་རེད། ཡིན་ནའང་སྒོ་རྩིས་ཚོང་ཁང་གིས་ལུས་བཤེར་བྱས་པའི་དོན་དག་དེ་ལ་ལན་བཏབ་མེད།

【དབྱེ་ཞིབ】རྩ་ཁྲིམས་ཀྱི་དོན་ཚན་སོ་བདུན་པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་རང་ལུས་རང་དབང་ལ་བཙན་གནོད་བྱས་མི་ཆོག་ཅེས་གཏན་འཁེལ་བྱས་འདུག  སྤྱི་དམངས་སུ་ཞིག་ཡིན་རུང་མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་ནམ་ཆོད་དོན་རམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་མ་བརྒྱུད་པར། སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱ་དགོས་པ་ལས་འཛིན་བཟུང་བྱས་མི་ཆོག   ཁྲིམས་འགལ་གྱིས་བཀག་བསྐྱིལ་དང་བྱེད་ཐབས་གཞན་ལ་བརྟེན་ནས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་རང་ལུས་རང་དབང་བཙན་འཕྲོག་གམ་ཚོད་འཛིན་བྱེད་པའི་རིགས་གཏན་འགོག་དང་།  ཁྲིམས་འགལ་གྱིས་སྤྱི་དམངས་ལ་ལུས་བཤེར་བྱེད་པའི་རིགས་གཏན་འགོག་བྱེད་དགོས།   རྩ་ཁྲིམས་ཀྱི་རྩ་དོན་འདི་དོན་འཁྱོལ་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》(གཤམ་དུ་བསྡུས་མིང་ལ《ཉེས་ཁྲིམས》)ཅེས་པའི་དོན་ཚན245ནང་ཁྲིམས་འགལ་གྱིས་ནག་ཉེས་འཚོལ་བཤེར་དང་ཁྲིམས་འགལ་གྱིས་མི་གཞན་གྱི་ལུས་པོ་དང་སྡོད་ཁང་ལ་སྔོག་བཤེར་བྱས་པའམ་ཡང་ན།   ཁྲིམས་འགལ་གྱིས་མི་གཞན་གྱི་སྡོད་ཁང་དུ་བཙན་འཛུལ་བྱེད་པའི་རིགས་ལ་དུས་བཙོན་ལོ་གསུམ་མན་བཙོན་ཉར་ལས་བསྐུལ་གྱི་ཉེས་ཆད་བཅད་ཆོག   ཁྲིམས་དང་མི་མཐུན་པར་སྔོག་བཤེར་བྱས་པ་ནི་སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་དམངས་གཙོའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ནག་ཉེས་སུ་གཏོགས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》(གཤམ་དུ་བསྡུས་མིང་ལ《དམངས་ཁྲིམས》)གི་གཏན་འབེབས་ལྟར་རང་བྱུང་མིར་རང་ལུས་དབང་ཆ་ཡོད་པ་དང་།  དོན་ཚན1011པའི་ནང་། ཁྲིམས་དང་མི་མཐུན་པར་བཀག་སྐྱིལ་བྱེད་པ་སོགས་ཀྱི་རྣམ་པས་མི་གཞན་པའི་བྱ་སྤྱོད་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའམ་ཡང་ན།  མི་གཞན་པའི་ལུས་པོར་ཁྲིམས་འགལ་གྱིས་སྔོག་བཤེར་བྱེད་པའི་གནོད་འཚེ་ཕོག་མཁན་ལ་ཁྲིམས་ལྟར་བྱ་སྤྱོད་རེ་ཞུ་བྱས་ཏེ་དམངས་དོན་འགན་འཁྲི་འཁུར་དབང་ཡོད།

33.རྔན་བསླུས་འདེམ་བསྐོའི་སྤ་སེ་ཉོ་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ནམ།

【གྱོད་དཔེ】ཝང་ཆེ་གེ་མོས་གྲོང་མི་ཨུ་ལྷན་གྱི་སྐབས་བརྗེའི་འདེམས་བསྐོ་ནང་ཞུགས་ཆེད། ཟ་ཁང་དུ་གྲོང་མི་ཨུ་ལྷན་གྱི་ལས་བྱེད་པ་དང་གྲོང་མི་སྐོར་ཞིག་ལ་གསོལ་སྟོན་བཤམ་ནས་སྤ་སེ་ཉོ་བ་དང་སྤ་སེ་རེར་སྒོར200བྱིན་ནས“ལས་ཐེབས་ཆག་པའི་རིན་པ་སྤྲད་དེ་སྤ་སེ་ཉོས།

【དབྱེ་ཞིབ】འདེམས་བསྐོའི་དབང་ཆ་ནི་སྤྱི་དམངས་ཀྱི་གཞི་རྩའི་ཆབ་སྲིད་ཁེ་དབང་གི་གྲས་ཤིག་ཡིན། རྩ་ཁྲིམས་ཀྱི་དོན་ཚན34པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཡིན་ཕྱིན། མི་རིགས་དང་རིགས་རྒྱུད། ཕོ་མོ། ལས་རིགས། སྐྱེ་ཁུངས། ཆོས་དད་བྱེད་མིན། སློབ་གསོ་ཐོབ་ཚད། རྒྱུ་ནོར་མང་ཉུང་། སྡོད་ཡུན་རིང་ཐུང་བཅས་གང་ཡིན་ལ་མ་བལྟོས་པར། ཚང་མར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད། འོན་ཀྱང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་མི་རྣམས་དེའི་ཁོངས་སུ་མི་གཏོགས།”  ཝང་ཆེ་གེ་མོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡོད་པ་དང་ལོ18ལོན་པ་མ་ཟད། ཁྲིམས་ལྟར་ཆབ་སྲིད་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པས་འདེམས་བསྐོའི་ནང་ཞུགས་རྒྱུའི་དབང་ཆ་ཡོད། འོན་ཀྱང་ཁོང་གིས་འདེམས་བསྐོ་བྱེད་རིང་གསོལ་སྟོན་བཤམ་པ་དང་། “ལས་ཐེབས་ཆག་པའི་རིན་པ་སྤྲོད་པ་སོགས་ཀྱི་རྣམ་པས་འདེམས་དམངས་ལ་ལྐོག་རྔན་སྤྲད་པའི་བྱ་སྤྱོད་དེ་འདེམས་བསྐོའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཁོངས་སུ་གཏོགས་པ་རེད།

རང་རྒྱལ་དུ“འདེམས་བསྐོ”གཅིག་གྱུར་བྱུང་མེད་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན། ས་གནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རིམ་པ་སོ་སོའི་འདེམས་བསྐོ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དཔྱད་གཞིར་བཟུང་ཆོག   གྱོད་གཞི་དེར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མི་ཨུ་ལྷན་གྱི་རྩ་འཛུགས་བཅའ་ཁྲིམས》ཀྱི་དོན་ཚན17པའི་གཏན་འབེབས་གཞིར་བཟུང་ནས།  “གཏུམ་སྤྱོད་དང་འཇིགས་སྐུལ། མགོ་སྐོར། ལྐོག་རྔན་སྤྲོད་པ། འདེམས་ཤོག་རྫུན་བཟོ། འདེམས་ཤོག་ཐོབ་གྲངས་རྫུན་ཞུ་སོགས་ཚུལ་མིན་གྱི་བྱ་ཐབས་ཐོག་ནས་གྲོང་མིའི་ཨུ་ལྷན་གྱི་ཁོངས་མིར་བདམས་ཐོན་བྱུང་བས་དེར་གོ་མི་ཆོད། དྲག་ཤུགས་དང་འཇིགས་སྐུལ། མགོ་སྐོར་གཏོང་བ། ལྐོག་རྔན་སྤྲོད་པ། འདེམས་ཤོག་རྫུན་བཟོ། འདེམས་ཤོག་ཐོབ་གྲངས་རྫུན་ཞུ་སོགས་ཚུལ་མིན་གྱི་བྱ་ཐབས་སྤྱོད་པ་དང་། གྲོང་མིའི་འདེམས་བསྐོ་བྱེད་དབང་དང་གདམ་བྱའི་དབང་ཆ་སྤྱོད་པར་གནོད་སྐྱེལ་བ། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོར་གཏོར་བཤིག་གཏོང་བ་བཅས་ཀྱི་བྱ་སྤྱོད་སྤེལ་པའི་རིགས་ལ།  གྲོང་མིས་ཤང་དང་མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་གཙོ་སྐྱོང་ལས་ཁུངས་ལ་ཐེར་འདོན་བྱེད་དབང་ཡོད།  ཤང་རིམ་པའམ་ཡང་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བརྟག་དཔྱད་བྱེད་པའི་འགན་འཁུར་རྒྱུ་དང་བཅའ་ཁྲིམས་ལྟར་ཐག་གཅོད་དགོས། 

འབྲེལ་ཡོད་ཀྱི་བྱ་སྤྱོད་དེ་ནག་ཉེས་སུ་གྲུབ་པས།《ཉེས་ཁྲིམས》ཀྱི་དོན་ཚན256པའི་གཏན་འབེབས་ལྟར་ཉེས་ཆད་བཅད་ཆོག་སྟེ།  “རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣ་འདེམས་བསྐོ་བྱེད་སྐབས། དྲག་ཤུགས་དང་འཇིགས་སྐུལ། མགོ་སྐོར། ལྐོག་རྔན་སོགས་ལ་བརྟེན་ནས་ཡིག་ཆ་རྫུན་བཟོ་དང་འདེམས་ཤོག་ཐོབ་གྲངས་རྫུན་ཞུ་སོགས་ཀྱི་བྱ་ཐབས་སྤྱད་ནས་འདེམས་བསྐོར་གཏོར་བཤིག་གཏོང་བའམ།  ཡང་ན་འདེམས་དམངས་དང་འཐུས་མིས་རང་མོས་ཀྱི་སྒོ་ནས་འདེམས་པའི་དབང་ཆ་དང་གདམ་བྱའི་དབང་ཆ་སྤྱོད་རྒྱུར་གནོད་འཚེ་བཏང་བའི་ཉེས་པ་ཚབས་ཆེ་རིགས་ལ། དུས་བཙོན་ལོ3མན་དང་བཙན་ཉར་ལས་བསྐུལ་ལམ་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱས་ཆོག”།

ལྐོག་རྔན་བྱིན་ནས་འདེམ་བསྐོ་བྱེད་པའི་བྱ་སྤྱོད་དེ་ནག་ཉེས་སུ་གྲུབ་མེད་མོད། འོན་ཀྱང་བདེ་འཇགས་དོ་དམ་གྱི་ཆད་པ་དང་འགལ་ཡོད་ལ། ཁྲིམས་ལྟར་བདེ་འཇགས་ཀྱི་ཆད་པ་གཅོད་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན3པའི་ཚན་པ5པའི་ནང་གཏན་འབེབས་ལྟར་ན། བཅའ་ཁྲིམས་ལྟར་སྤེལ་བའི་འདེམས་བསྐོའི་གོ་རིམ་ལ་གཏོར་བརླག་བཏང་བའི་རིགས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། གནས་ཚུལ་ཅུང་ཚབས་ཆེ་བའི་རིགས་ལ།  ཉིན5ཡན་ནས་ཉིན10མན་གྱི་བཀག་སྐྱིལ་བྱ་རྒྱུ་དང་སྒོར500མན་གྱི་དངུལ་ཆད་བཅད་ཆོག

ལྐོག་རྔན་བྱིན་ནས་འདེམས་བསྐོ་བྱེད་དུ་བཅུག་པའི་མི་དེ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཡིན་ན། ཁྲིམས་འགལ་གྱི་དུས་མཚུངས་སུ་ངེས་པར་དུ་སྒྲིག་འགལ་གྱི་དོན་དངོས་ལྟར་ཁྲིམས་ལུགས་ཀྱི་འགན་འཁྲི་བདའ་འདེད་བྱེད་པ་དང་མཉམ་དུ།  ད་དུང་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས།

34.གཞུང་ཞབས་པའི་རྒྱུགས་སྤྲོད་སྐབས“མཆིན་ནད་ལྡེམ་བུ་ལ་མཐོང་ཆུང”བྱས་ན་རྒྱུགས་ལེན་ལས་ཁུངས་ལ་དབང་ཆར་གནོད་འཚེ་གང་འདྲ་ཞིག་ཕོག་ཡོད་པའི་དོགས་གཞི་ཡོད།

【གྱོད་དཔེ】ཨན་ཧུའེ་ཡི་སློབ་ཆེན་ཞིག་གི་སློབ་ཐོན་སློབ་མར་གཞུང་ཞབས་པའི་ཡིག་རྒྱུགས་ཁྲོད་ནས་ཨང་དང་པོ་ཐོབ་མོད། འོན་ཏེ་དེ་རྗེས་ཀྱི་ལུས་པོར་བརྟག་དཔྱད་བྱེད་སྐབས་ཁོང་ལ་མཆིན་ནད་ལྡེམ་བུའི་ནད་ཕོག་ཡོད་པ་ཤེས་ནས་བསྡུ་ལེན་མ་བྱས། 

【དབྱེ་ཞིབ】རྩ་ཁྲིམས་ཀྱི་དོན་ཚན38པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་ལ་རྒྱར་གནོད་འཚེ་གཏོང་མི་ཆོག”ཞེས་གཏན་འབེབས་བྱས་ཡོད།《དམངས་དོན་ཁྲིམས་གཞུང》གི་དོན་ཚན990པའི་ནང་གཏན་འབེབས་བྱས་དོན།  མིའི་ཐོབ་ཐང་ནི་དམངས་དོན་བྱེད་པོར་དབང་བའི་ཚེ་སྲོག་གི་བདག་དབང་དང་ལུས་ཁམས་ཀྱི་བདག་དབང་། བདེ་ཐང་དབང་ཆ། རུས་མིང་གི་བདག་དབང་། མིང་གི་བདག་དབང་། འདྲ་པར་གྱི་བདག་དབང་། མཚན་སྙན་གྱི་བདག་དབང་། སྒེར་གྱི་གསང་དོན་དབང་ཆ་སོགས་ཡིན། མིའི་ཐོབ་ཐང་ནང་དུ་སྒེར་གྱི་གསང་བའང་འདུས།  ལུས་པོའི་བདེ་ཐང་གནས་ཚུལ་ནི་མི་ཞིག་གི་གསང་བ་ཡིན།  མཆིན་ནད་ལྡེམ་བུའི་ནད་དུག་ཡོད་མཁན་ནི་མཆིན་ནད་ལྡེམ་བུའི་ནད་པ་མིན།  ཞིབ་དུ་བཤད་ན་ཁོ་ཚོ་ནི་ནད་པ་མིན་ལ། དེའི་འགོས་ཤུགས་ནི་ཧ་ཅང་ཞན། སྤྱི་དམངས་སུ་ཞིག་སློབ་ཞུགས་དང་ལས་ཞུགས། རྒྱུགས་སྤྲོད་བཅས་བྱེད་སྐབས་བཙན་སྐུལ་རང་བཞིན་གྱིས“ཕྱེད་ཆ་གཉིས”ཀྱི་ལུས་པོར་བརྟག་དཔྱད་བྱས་པ་དེ་ནི། སྤྱི་དམངས་ཚང་མའི་ཐོབ་ཐང་དང་གསང་བའི་དབང་ཆར་གནོད་འཚེ་བཏང་བ་རེད། དུས་མཚུངས་སུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས》ཀྱི་དོན་ཚན23པའི་ནང་གཏན་འབེབས་བྱས་པ་ལྟར་ན། རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་བཞིན་འགན་རིམ་གཅིག་མཚུངས་ཡིན་པའི་གཞུང་ཞབས་པའི་འགན་འཁུར་སྐབས། ཡོངས་བསྒྲགས་རྒྱུགས་ལེན་དང་རྟོག་ཞིབ་ནན་མོ། འདྲ་མཉམ་འགྲན་རྩོད། བཟང་བདམས་བསྡུ་ལེན་བཅས་ཀྱི་བྱེད་ཐབས་སྤྱོད་དགོས། དེར་བརྟེན་གྱོད་གཞི་དེའི་ནང་གཞུང་ཞབས་པ་རྒྱུགས་ལེན་འབྲེལ་ཡོད་ལས་ཁུངས་ཀྱིས“འདྲ་མཉམ་འགྲན་རྩོད་དང་བཟང་བདམས་བསྡུ་ལེན”གྱི་རྩ་དོན་དང་མཐུན་པའི་མི་སྣ་བསྡུ་བའི་ལག་བསྟར་བྱ་ཐབས་བཟོ་དགོས་པའི་འགན་འཁྲི་ཡོད།

35.མཐོ་སློབ་ཀྱི་གཏོང་ལེན་མི་སྣས་མི་གཞན་གྱི་འཕྲིན་ཡིག་ལྐོག་བཤིག་དང་སྦས་སྐུང་བྱས་ན་ཁྲིམས་འགལ་གྱི་དོགས་གཞི་ཡོད་དམ།

【གྱོད་དཔེ】ལི་ཆེ་གེ་མོས་མཐོ་སློབ་ཏུ་གཏོང་ལེན་གྱི་ལས་ཀའི་སྟབས་བདེ་སྤྱད་དེ་མི་གཞན་གྱི་འཕྲིན་ཡིག་བརྒྱ་གྲངས་ལྷག་སྦས་གསང་དང་ལྐོག་བཤིག་བྱས་པས། མི་མང་པོ་དང་སློབ་གྲྭའི་བར་འབྲེལ་བ་ཆད་པ་རེད།  ཁོས་ད་དུང་འཕྲིན་ཡིག་ནང་གི་གསང་བའི་ནང་དོན་ཁྱབ་སྤེལ་བྱས་ནས་མཇུག་འབྲས་མི་ལེགས་པ་བཟོས།

【དབྱེ་ཞིབ】རྩ་ཁྲིམས་ཀྱི་དོན་ཚན40པའི་ནང་གཏན་འབེབས་བྱས་པ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་ཡིག་གི་གསང་དོན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ།  རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཡང་ན་ཉེས་དོན་གྱི་བྱས་ཉེས་བསགས་པར་ཞིབ་བཤེར་བྱས་པ་ཕུད། སྤྱི་བདེ་ལས་ཁུངས་སམ་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་གོ་རིམ་ལྟར་འཕྲིན་ཡིག་གཏོང་རིགས་ལ་ཞིབ་བཤེར་བྱ་རྒྱུ་དང་།  རྩ་འཛུགས་གང་དང་མི་སུ་ཞིག་གིས་ཀྱང་རྒྱུ་མཚན་གང་རུང་ལ་ཁག་བཞག་ནས་སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གསང་དོན་ལ་གནོད་འཚེ་གཏོང་མི་ཆོག   ལི་ཆེ་གེ་མོས་མི་གཞན་གྱི་འཕྲིན་ཡིག་ལྐོག་བཤིག་བྱས་ནས་སྦས་སྐུང་བྱས་པ་མ་ཟད། དེའི་ནང་གི་སྒེར་གྱི་གསང་དོན་གྱི་ནང་དོན་ཁྱབ་སྤེལ་བཏང་ནས་སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གསང་བའི་དབང་ཆར་གནོད་འཚེ་བཏང་བ་རེད།

གྱོད་གཞི་འདི་ནི་མི་གཞན་པའི་གསང་བའི་ཆ་འཕྲིན་ལ་གནོད་འཚེ་བཏང་བ་ཞིག་རེད།《དམངས་དོན་ཁྲིམས་གཞུང》གི་ལེའུ་དྲུག་པར་སྒེར་གྱི་གསང་དོན་དབང་ཆ་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད།  དོན་ཚན1032པའི་ནང་རང་བྱུང་མི་ལ་སྒེར་གྱི་གསང་དོན་དབང་ཆ་ཡོད། རྩ་འཛུགས་གང་དང་མི་སུ་ཞིག་གིས་ཀྱང་མི་གཞན་གྱི་གསང་དོན་རང་དབང་ལ་མྱུལ་ཞིབ་དང་བཙན་འཛུལ། གསང་དོན་ཕྱིར་གྱར། ཡོངས་བསྒྲགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་གནོད་འཚེ་བཏང་མི་ཆོག    གསང་བ་ནི་སྤྱི་དམངས་ཀྱི་མི་སྒེར་གྱི་འཚོ་བའི་བདེ་འཇགས་དང་མི་གཞན་ལ་ཤེས་འདོད་མེད་པའི་མི་སྒེར་གྱི་གསང་བའི་བར་སྟོང་དང་སྒེར་གྱི་གསང་བའི་བྱེད་སྒོ།  སྒེར་གྱི་གསང་བའི་ཆ་འཕྲིན་བཅས་རེད།   དོན་ཚན1033པའི་ནང་གཏན་འབེབས་བྱས་པ་ལྟར་ན། ཁྲིམས་ལུགས་ཀྱིས་གཏན་འབེབས་གཞན་བྱས་པའམ་ཡང་ན་ཁེ་དབང་ཅན་གྱིས་མོས་མཐུན་བྱས་པ་ཕུད།  རྩ་འཛུགས་དང་མི་སྒེར་གང་རུང་གིས་མི་གཞན་པའི་སྒེར་གྱི་གསང་བའི་ཆ་འཕྲིན་ཐག་གཅོད་བྱས་མི་ཆོག

《ཉེས་ཁྲིམས》ཀྱི་དོན་ཚན252པའི་ནང【འཕྲིན་གཏོང་རང་དབང་ལ་གནོད་འཚེ་གཏོང་བའི་བྱས་ཉེས】མི་གཞན་གྱི་འཕྲིན་ཡིག་སྦས་སྐུང་དང་མེད་བརླག་དུ་གཏོང་བའམ་ཁྲིམས་འགལ་གྱིས་ཁ་ཕྱེས་ནས། སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་ལ་གནོད་འཚེ་བཏང་བའི་བྱས་ཉེས་ཚབས་ཆེན་གྱི་རིགས་ལ།  དུས་བཙོན་ལོ་གཅིག་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ།  དོན་ཚན19པས་གཏན་འབེབས་བྱས་དོན།  མི་གཞན་གྱི་འཕྲིན་ཡིག་སྦས་སྐུང་དང་མེད་བརླག་དུ་གཏོང་བའམ་ཡང་ན་ཁྲིམས་འགལ་གྱིས་ཁ་ཕྱེས་ནས་སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཚབས་ཆེན་གྱི་རིགས་ལ་དུས་བཙོན་ལོ་གཅིག་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་བྱ་རྒྱུ།  དོན་ཚན191ནང་ཡིག་ཟམ་གློག་འཕྲིན་གྱི་ལས་དོན་མི་སྣས་བསྐུར་དངོས་རང་དགར་ཁ་ཕྱེས་པ་དང་སྦས་སྐུང་། མེད་བརླག་དུ་གཏོང་བའི་རིགས་ལ་དུས་བཙོན་ལོ་གཉིས་མན་ནམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་ཞེས་གཏན་འཁེལ་བྱས་ཡོད།  །(མུ་འགོད།)

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།