ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(གསུམ་པ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་བསྟར། ཁྲིམས་ལྟར་སྲིད་འཛིན་བཅས་གཅིག་གྱུར་ངང་སྐུལ་འདེད་བྱེད་པ་ཇི་ལྟར་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཇི་ལྟར་གཅིག་བསྡུས་ངང་འཛུགས་སྐྱོང་བྱེད་དགོས། 

ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་མ་ལག་ལྡན་པའི་ལས་གཞི་ཞིག་ཡིན་པས། སྤྱི་ཡོངས་ལ་ཇུས་འགོད་བྱེད་པ་དང་། མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དོ་སྣང་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ནི་གཙོ་གནད་ལས་འགན་དང་བཟོ་འགོད་གཙོ་བོ་ཡིན་པས། སྔོན་ལ་ཐོལ་བརྒལ་བྱུང་དགོས་ལ།  ཁྲིམས་སྐྱོང་གིས་སྤྲད་པའི་དབང་ཆ་སྤྱད་ནས་སྒྲིག་ལམ་བཟོ་བ་དང་དབྱེ་མཚམས་ཕྱེས་ཏེ། སྲིད་འཛིན་གྱི་ཐག་གཅོད་གོ་རིམ་ཚད་ལྡན་དུ་བཏང་ནས། སྲིད་གཞུང་གི་འགན་ནུས་རིམ་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། གཟབ་ནན་སྒོས་དྲང་གཞག་ཡ་རབས་ཀྱི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་ནས། ཁྲིམས་འཛིན་གྱི་སྤྱི་བའི་ཡིད་ཆེས་བྱེད་ཚད་ཇེ་མཐོར་གཏོང་དགོས། ཁྲིམས་ལུགས་ཁྱབ་གདལ་བྱ་བའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཐད་ཤུགས་རྒྱག་དགོས་པ་དང་། ལྷག་པར་དུ། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་བརྒྱབ་ནས། རྒྱུན་ཆད་མེད་པར་སྤྱི་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་གཏིང་ཟབ་དང་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་གཏོང་དགོས། སྔོན་འགོག་རང་བཞིན་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས། 

12.ཁྱོན་ཡོངས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། གཟབ་ནན་སྒོས་ཁྲིམས་བསྟར། དྲང་གཞག་སྒོས་ཁྲིམས་འཛིན།  དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་ཇི་ལྟར་སྐུལ་འདེད་གཏོང་དགོས། 

མུ་མཐུད་དུ་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ཁྱབ་ཁོངས་སུ་འབུར་དུ་ཐོན་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་དགོས། འདྲ་མཉམ་དྲང་བཞག་ནི་ཁྲིམས་འཛིན་གྱི་བླ་སྲོག་དང་ཚེ་སྲོག་ཡིན། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་སྡེབ་བཅོས་བསྒྱུར་གཏིང་ཟབ་ངང་སྤེལ་ནས། ཁྲིམས་འཛིན་གྱི་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བཞག་གི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་འདྲ་མཉམ་དྲང་བཞག་ཚོར་ཐུབ་པ་བྱེད་དགོས། གང་མགྱོགས་སྒོས་ཚད་ལྡན་ནུས་ཆེའི་ཚོད་འཛིན་ལྟ་སྐུལ་མ་ལག་བཙུགས་ཏེ། རྒྱུན་རྣམ་ཅན་གྱི་ནག་སེལ་ངན་འཇོམས་ལ་སྐུལ་འདེད་བཏང་ནས། ནག་གཤེད་སྟོབས་ཤུགས་ཀྱི“སྲུང་གདུགས”ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང་སྟེ། ཤང་གྲོང་སྔར་བས་བདེ་འཇགས་དང་མང་ཚོགས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས། 

13.རྒྱལ་ནང་ཁྲིམས་སྐྱོང་དང་ཕྱི་འབྲེལ་ཁྲིམས་སྐྱོང་ལ་ཇི་ལྟར་གཅིག་གྱུར་ངང་སྐུལ་འདེད་གཏོང་དགོས།

ཕྱི་འབྲེལ་ཁྲིམས་སྐྱོང་བྱ་བའི་འཐབ་ཇུས་བཀོད་སྒྲིག་ཇེ་མགྱོགས་སུ་བཏང་ནས། རྒྱལ་ནང་བཅོས་སྐྱོང་དང་རྒྱལ་སྤྱིའི་བཅོས་སྐྱོང་གི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཁྲིམས་སྐྱོང་བསམ་གཞིགས་ལ་ཤུགས་སྣོན་དང་ཁྲིམས་སྐྱོང་བྱེད་ཐབས་བེད་སྤྱོད་དེ། འགྲན་སློང་ལ་ཁ་གཏད་དང་ཉེན་ཁར་སྔོན་འགོག་ནུས་ལྡན་བྱེད་དགོས་ལ། ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བཏང་ནས་འཐབ་རྩོད་བྱེད་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱ། རྩ་བའི་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འཕོ་འགྱུར་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་དགོས། 

14.སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཇི་ལྟར་འཛུགས་སྐྱོང་བྱེད་དགོས།

ཕུགས་བསམ་དང་ཡིད་ཆེས་ཀྱི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་ངང་སྤེལ་བ་དང་།  ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་གི་གསར་བརྗེ་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་ལ་སྐུལ་འདེད་བཏང་ནས། ཏང་ལ་བློ་དཀར་བ་དང་རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བ་བཅས་བྱེད་པར་ཁག་ཐེག་བྱེད་དགོས། ཁྲིམས་ལུགས་ཞབས་ཞུའི་ལས་གཉེར་བས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ཡིད་རྟོན་ལྡན་པའི་ངང་ལས་རིགས་གཉེར་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་དངོས་འཁུར་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།  །

15.མགོ་ཁྲིད་ལས་བྱེད་པ་སྟེ“འགག་རྩའི་ཉུང་ཤོས”ལ་ཇི་ལྟར་ནན་འཛིན་བྱེད་དགོས།

རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྣེ་ཁྲིད་དེ་ཁྲིམས་སྐྱོང་གོང་དུ་བཀུར་བ་དང་བཅའ་ཁྲིམས་ལ་བཀུར་ཞིང་སྐྲག་པ། བཅའ་ཁྲིམས་ཤེས་ཤིང་རྟོགས་པ་དང་བཅའ་ཁྲིམས་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ཀྱིས་བཅོས་སྒྱུར་ཟབ་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད། འགལ་བ་འདུམ་སེལ། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས། ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་བསྐྲུན་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཕྱོགས་ཡོངས་ནས་གཏན་འགོག་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།  །

16.ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཇི་ལྟར་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་གི་གཏིང་ཟབ་པའི་བསྒྱུར་བཅོས་ཤིག་ཡིན་པས། ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་སྟོན་དང་། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་ལ་ཤུགས་བསྣན་ཏེ། རྒྱུན་ཆད་མེད་པར་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐད་གྲུབ་འབྲས་གསར་པ་ལེན་པ་དང་། དུས་རབས་གསར་པའི་ཁྲིམས་སྐྱོང་འཛུགས་སྐྲུན་སྐོར་གྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱས་ནས། སྔར་ལས་ལེགས་པའི་སྒོ་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བར་མཛུབ་ཁྲིད་བྱེད་དགོས།(མུ་འགོད།)

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།