ཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་བུ་བུ་མོ་ཁྱིམ་ཚང་དང་བྲལ་ཏེ་ཡུལ་གྱར་བྱས་ཚེ་ཕ་མས་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

བུ་མོ་ཚེ་རིང་མཚོ་ནི་ད་ལོར་ལོ་བཅོ་ལྔ་སོན་ཞིང་། མི་འགྱངས་པར་འབྲིང་རྒྱུགས་ལ་ཞུགས་དགོས་པས། མོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལེགས་པོ་ཞིག་བྱས་ནའང་། མཇུག་མཐར་འབྲིང་རྒྱུགས་ལས་ཕམ་ཁའི་ཁུར་བོ་ལྕི་མོ་ཞིག་འཁུར་དགོས་པའི་ཁར། ཨ་མས་ཀྱང་མོའི་གདོང་ལ་མཛུབ་མོ་བཙུགས་ཏེ་གཤེ་གཤེ་དང་ལེ་བདའ་མཚམས་མེད་དུ་བཏང་བས། མོ་རང་ཁྱིམ་དེ་ནས་འདུག་མ་བཟོད་པར་ཡུལ་གྱར་བྱས་པ་རེད། ཡིན་ཡང་ཨ་མས་ཡུན་རིང་ཞིག་ལ་དོན་དེར་ཁ་ཡ་མ་བྱས་པར་བསྡད། བྱིས་པ་འདི་ལྟར་ཡུལ་གྱར་བྱས་ཚེ་ཕ་མས་ཇི་ལྟར་བྱ་དགོས།

ཕྲན་དཔྱད།    

གྱོད་དོན་འདི་ནི་ནར་མ་སོན་པའི་སྐྱེ་བོ་དག་ཡུལ་གྱར་བྱས་ཚེ་དེའི་ལྟ་སྐྱོང་བྱེད་མཁན་གྱིས་ཇི་ལྟར་བྱ་དགོས་པའི་སྐོར་གྱི་བཅའ་ཁྲིམས་དང་འབྲེལ་བ་ཡོད། བུ་མོ་རང་ཁྱིམ་དང་བྲལ་ཏེ་ཕྱི་ལ་འཁྱམས་ནའང་ཕ་མས་ཡུན་རིང་ཞིག་ལ་དོན་དེར་ཁ་ཡ་མི་བྱེད་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ཏེ། བུ་ཕྲུག་ཡུལ་གྱར་བྱས་པ་ཤེས་འཕྲལ་ཕ་མས་ངེས་པར་དུས་ཐོག་ཏུ་བཙལ་དགོས་པ་དང་ཡང་ན་ཉེན་རྟོག་ཕྱོགས་ལ་ཡར་ཞུ་བྱས་ཏེ་བྱིས་པ་བཙལ་རོགས་བྱེད་དུ་འཇུག་དགོས།

«ནར་མ་སོན་པའི་སྐྱེ་བོས་ཉེས་གསོག་སྔོན་འགོག་བཅའ་ཁྲིམས»ཀྱི་དོན་ཚན20པའི་གཏན་ཁེལ་ལྟར་ན། ནར་མ་སོན་པའི་སྐྱེས་བོའི་ཕ་མའམ་ཡང་ན་དེར་ལྟ་སྐྱོང་བྱེད་མཁན་གཞན་གང་ཡིན་ཡང་ནར་མ་སོན་པའི་སྐྱེ་བོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་པ་ལས་གང་འདོད་བྱེད་དུ་འཇུག་མི་རུང་ལ། ནར་མ་སོན་པའི་སྐྱེ་བོ་དེ་ཁྱིམ་ནས་ཕྱིར་བདའ་ཞིང་དེའི་ལྟ་སྐྱོང་གི་འགན་འཁྲི་དེ་གང་འདོད་དུ་འདོར་མི་རུང་བས། ནར་མ་སོན་པའི་སྐྱེ་བོ་ཡུལ་དང་བྲལ་ཏེ་འཁྱམས་པ་ལ་སྣང་ཆུང་མི་བྱེད་པར་དུས་ཐོག་ཏུ་ཕྱིར་བཙལ་དགོས་ལ། རང་གིས་མ་རྙེད་ཚེ་ཉེན་རྟོག་སྡེ་ཁག་ལ་བཙལ་རོགས་བྱ་དགོས་པའི་རེ་བ་འདོན་དགོས།

 གལ་ཏེ་ཕ་མའམ་ལྟ་སྐྱོང་བྱེད་མི་གང་ཞིག་གིས་ནར་མ་སོན་པའི་བྱིས་པ་དེ་བཙན་གྱིས་ཁྱིམ་ནས་ཕྱིར་བདའ་བ་ཡིན་ན། བྱིས་པ་དེར་ལྟ་སྐྱོང་བྱེད་པར་ཐོབ་ཐང་ཡོད་པའི་ཉེ་མི་གཞན་དག་གིས་ཁྲིམས་ལུགས་བརྒྱུད་ནས་བྱིས་པ་བཙན་གྱིས་ཕྱིར་བདའ་མཁན་གྱི་མི་དེའི་ལྟ་སྐྱོང་བྱེད་པའི་དབང་ཆ་ཡོངས་སུ་བླངས་ཆོག་པ་མ་ཟད། ད་དུང་དེ་ལ་ཁྲིམས་ཆད་ཀྱང་ངེས་ཅན་ཞིག་བཅད་ཆོག་པ་ཡིན།

  མདོར་ན་གྱོད་གཞི་འདི་ལྟ་བུར་མཚོན་ན། ཕ་མས་ངེས་པར་བྱིས་པ་ཡུལ་དང་བྲལ་བ་ཤེས་འཕྲལ་གང་སར་བཙལ་དགོས་པར་མ་ཟད། ཉེན་རྟོག་བདེ་ཁག་ལའང་བཙལ་རོགས་བྱ་དགོས་པའི་རེ་བ་འདོན་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།