ཀྲུང་གོ་བོད་ཀྱི་དྲ་བ།

ཆང་ཁང་གི་སྒྲིག་ཆས་ཀྱིས་མཛད་སྤྱོད་པར་རྨས་སྐྱོན་བཟོས་ན་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

2008ལོའི་ཟླ2པའི་ཚེས10ཉིན། ཕྱི་ཡུལ་དུ་སོང་ནས་ལོ་མང་འགོར་བའི་སྐུ་ཞབས་ཚེ་གྲུབ་ཕྱིར་རང་ཡུལ་དུ་ལོག་པ་དང་། ཁོའི་གྲོགས་མཆོག་དམ་པ་འགས་ཟ་ཁང་ཞིག་ནས་ཆེད་དུ་ཇ་ཆང་གི་མགྲོན་བསུ་དང་སྣེ་ལེན་བྱས། ཉིན་དེར་ཁོ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ཟས་ཆང་ལ་རོལ་པས་རིམ་པས་ཚེ་གྲུབ་བཟི་བར་གྱུར། སྐབས་དེར་ཚེ་གྲུབ་ནི་ནམ་རྒྱུན་དང་མི་འདྲ་བར་ཤ་ལྷོད་ཅིང་རྐང་བ་གཉིས་སྐྱིལ་ཀྲུང་གིས་རྐུབ་སྟེགས་ལ་བསྙེས་ཏེ་སྡོད་སྐབས། སྟབས་མ་ལེགས་པར་རྐུབ་སྟེགས་ཀྱི་རྒྱབ་ཕྱོགས་སུ་ལོག་པ་དང་མཉམ་དུ། ཁོས་ཀྱང་ལོབས་ཕྱོགས་ཀྱིས་ལག་གཡོན་པ་སར་བསྲིངས་ནས་ལུས་ཕུང་ཡར་བཀྱགས་པས། ཏག་ཏག་ལག་པ་ཆང་ཁང་གི་ཆ་སྒམ་གྱི་ཤེལ་སྒོ་ཕྱེད་ཀར་ཆག་སྐྱོན་བཟོས་ཡོད་པའི་སར་ཤོར་ནས་ལག་པའི་མཁྲིག་མ་དང་ལག་འཛུབ་ལ་རྨས་སྐྱོན་ཤོར།

དེ་ནས་སྨན་ཁང་དུ་སོང་སྟེ་བརྟག་དཔྱད་བྱས་པ་ན། མཁྲིག་མའི་དབང་རྩ་ལ་རྨས་སྐྱོན་བཏང་ཟིན་པ་ཤེས་པས། མྱུར་དུ་གཤག་བཅོས་བྱ་དགོས་བྱུང་བ་དང་། སྨན་ཡོན་དང་ནད་གཡོག གཤག་བཅོས་བཅས་ཀྱི་ཐད་ལ་བསྡོམས་པས་སྒོར4200ཡི་འགྲོ་གྲོན་བཏང་། ཕྱིས་སུ་ཚེ་གྲུབ་ཀྱིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་འགྲོ་སོང་བཏང་བའི་སྒོར4200དེ་ཆང་ཁང་གི་བདག་གཉེར་པས་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན།

ཕྲན་དཔྱད།

  «འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོབ་བཅའ་ཁྲིམས»ནང་དུ། བདེ་འཇགས་ཁག་ཐེག་གི་ཁེ་དབང་ནི་མཛད་སྤྱོད་པའི་ཁྲིམས་བཀོད་ཁེ་དབང་ཁྲོད་ཐོག་མར་བཀོད་ཡོད་ལ། དེས་ཁེ་དབང་འདིའི་གལ་ཆེན་རང་བཞིན་མངོན་པར་མཚོན་ཡོད་པ་རེད།

འཛད་སྤྱོད་པས་བདེ་འཇགས་ཁག་ཐེག་གི་ཁེ་དབང་ནང་དུ་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཕྱོགས་གཉིས་འདུས་ཡོད། མི་ལུས་བདེ་འཇགས་ཀྱི་ཁེ་དབང་ནང་དུ་མཛད་སྤྱོད་པས་འཛད་སྤྱོད་བྱེད་པའི་གོ་རིམ་ཁྲོད་དུ་རང་ཉིད་ཀྱི་ཚེ་སྲོག་གི་བདག་དབང་ལ་བཙན་གནོད་མི་ཐེབས་པ་དང་། ལུས་ཕུང་བདེ་ཐང་གི་བདག་དབང་ལ་གནོད་སྐྱོན་མི་ཐེབས་པའི་ཁེ་དབང་གཉིས་འདུས་ཡོད་ལ། ཚོང་གཉེར་བྱེད་མཁན་གྱིས་འདོན་སྤྲོད་བྱས་པའི་ཚོང་ཟོག་དང་ཞབས་ཞུའི་བྱ་བ་དེ་ཉིད་མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་མི་ཕོག་པར་འགན་སྲུང་བྱེད་པའི་རེ་འདུན་དང་མཐུན་པར་ཁག་ཐེག་བྱ་དགོས། གལ་ཏེ་མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་ཐེབས་སྲིད་པའི་ཚོང་ཟོག་གམ་ཞབས་ཞུའི་བྱ་བ་ཡིན་ན་མཛད་སྤྱོད་པར་གནས་ཚུལ་དངོས་གསལ་བཤད་དང་ཉེན་ཟོན་གདམས་ཚིག་གསལ་བོར་སྟོན་དགོས་པ་དང་སྦྲགས། ཚོང་ཟོག་བཀོལ་སྤྱོད་དམ་ཞབས་ཞུ་དང་ལེན་འཁྲུལ་མེད་ཡང་དག་པའི་བྱེད་ཐབས་དང་གནོད་སྐྱོན་སྔོན་འགོག་བྱེད་ཐབས་སོགས་གསལ་བཤད་བྱ་དགོས། གལ་ཏེ་ཚོང་གཉེར་པས་འདོན་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུས་འཛད་སྤྱོད་པར་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་ཚོང་གཉེར་པའི་ཁས་ལེན་གཞིར་བཟུང་ནས། ཚོང་གཉེར་པའི་ཕྱོགས་ལ་ཉམས་གསོ་དང་བསྐྱར་བཟོ། བརྗེ་གསོར། ཕྱིར་སློག་ཚོང་ཟོག་གི་གྲངས་ཚད་ཁ་གསབ། སྐྱིན་ཚབ་འཇལ་སྤྲོད་བཅས་བྱ་དགོས་པའི་རེ་བ་འདོན་པའི་དབང་ཆ་ཡོད།

གྱོད་དཔེ་ནང་དུ། ཚེ་གྲུབ་ཀྱིས་ཟ་ཁང་ནས་ཟ་མ་འཛད་སྤྱོད་བྱེད་སྐབས་སམ་ཞབས་ཞུ་དང་ལེན་བྱེད་པའི་གོ་རིམ་ཁྲོད་དུ། བདག་གཉེར་པས་དགོས་ངེས་ཀྱི་ཞབས་ཞུ་ལེགས་སྒྲུབ་མ་བྱས་པའམ་ཡང་ན་ཆང་ཁང་གི་ཆ་སྒམ་གྱི་ཤེལ་སྒོ་ལ་ཆག་སྐྱོན་ཤོར་ཡོད་པ་ཤེས་བཞིན་དུ། ཉེན་ཁ་ཡོད་ཚད་ཀྱི་གསལ་བཤད་ཅི་ཡང་བསྒྲུབས་མེད་ལ། འདི་ནི་ཚེ་གྲུབ་ལ་རྨས་སྐྱོན་ཕོག་པའི་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་ཡིན། ཆང་ཁང་དེར་ཚེས་གྲུབ་ཀྱི་སྨན་བཅོས་གྲོན་དངུལ་དང་གསོ་བཅོས་སྐབས་ཀྱི་ནད་གཡོག་འགྲོ་གྲོན། ལས་ཀར་ཆག་པའི་འགྲོ་གྲོན་བཅས་འབྲེལ་ཡོད་ཀྱི་གྲོན་དངུལ་ལ་སྐྱིན་ཚབ་འཇལ་བའི་འགན་འཁྲི་ཡོད། ཡིན་ན་ཡང་། ཚེ་གྲུབ་ཀྱིས་ཚུལ་མིན་གྱི་འདུག་སྟངས་དང་དོན་རྐྱེན་གྱི་མཇུག་འབྲས་བར་འབྲེལ་བ་ངེས་ཅན་ཞིག་ཡོད་པས། དེ་ལའང་དེ་འཚམ་ཀྱི་འགན་འཁྲི་ཡོད། དེ་བས། ཁྲིམས་ཁང་གིས་འདུམ་སྒྲིག་བྱས་པ་བརྒྱུད་ཆང་ཁང་གིས་སྐུ་ཞབས་ཚེ་གྲུབ་ལ་སྟེར་ཐེངས་གཅིག་གིས་སྒོར2100ཡི་སྐྱིན་ཚབ་འཇལ་སྤྲོད་བྱས། །  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།