ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པས་པ་སེ་ལྐོག་འཚོང་བྱས་པ་དེ་ཁྲིམས་འགལ་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཞིང་གྲོང་ག་གེ་མོ་ཡི་ཞིང་པ་མགོན་པོ་ཀོང་ཀྲོའུ་ས་ཆར་ཞོར་ལས་བྱེད་དུ་སོང་། ཉིན་འགའི་སྔོན་ལ། ཁོའི་ཡུལ་མི་ཞིག་གིས་བཤད་རྒྱུར། ལོ་རེའི་ལོ་སར་སྔོན་ལ་ཀོང་ཀྲོའུ་ནས་ཁྲིན་ཏུའུ་ལ་བགྲོད་པའི་མེ་འཁོར་གྱི་པ་སེ་ཧ་ཅང་དཀོན་པས། རྒྱུན་དུ་པ་སེ་རྫུན་མ་ལྡབ་འགྱུར་གྱིས་བཙོང་ཐུབ་ཟེར། དེ་བས་ཁོས་ཡུལ་མི་འགའ་དང་མཉམ་དུ་འབྲེལ་ལམ་སྣ་ཚོགས་བརྒྱུད་ནས་མེ་འཁོར་པ་སེ་ལྐོག་འཚོང་བྱ་རྒྱུའི་མགོ་བརྩམས་པ་དང་། ཁོས་རང་གི་ཐོབ་ཐང་གསང་ཆེད་རླངས་འཁོར་ས་ཚིགས་ནས་ཐད་ཀར་བཙོང་བར། སྔོན་ལ་དཔར་ཁང་འགའ་བཙལ་ནས་མིང་བྱང་མང་བོ་ཞིག་བཟོས་རྗེས། ཉིན་རྒྱུན་ཡུལ་མི་འགའ་དང་མཉམ་དུ་པ་སེ་ཉོ་མ་ཐུབ་པའི་ཞོར་ལས་པ་རྣམས་ལ་བཙོངས།

ཟླ1པོའི་ཚེས15ཉིན། ཕ་ཡུལ་སི་ཁྲོན་ནས་ཀོང་ཀྲོའུ་ལ་ལས་གཉེར་དུ་ཡོང་བའི་ཞོར་ལས་པ་གཉིས་ཀྱིས་ཚེས19ཉིན་ཕ་ཡུལ་ལ་ལོག་པའི་མེ་འཁོར་པ་སེ་ཉོ་མ་ཐུབ་པས། མགོན་པོས་ཞིང་པ་དེ་གཉིས་ལ་ཕྱི་དྲོ་ཚོང་ར་ག་གེ་མོའི་སྒོ་ཁར་ཤོག་དང་བཙོང་ཆོག་པར་བཤད། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་ཚོས་ཚོང་རྒྱག་སྐབས། ཚོང་ར་ན་སྐུང་ཡོད་པའི་མི་དམངས་ཉེན་རྟོག་པ་ཞིག་རྒྱུག་ཡོང་ནས་མགོན་པོ་སྤྱི་བདེ་ཅུས་ལ་ཁྲིད་སོང་།

རྩད་གཅོད་བྱས་པ་ལྟར་ན། མགོན་པོས་སྒོར200ཅན་གྱི་མལ་ཁྲི་པ་སེ་ལ་སྒོར400བྱས་ཏེ་བཙོངས་ཡོད་པ་དང་ཁྲིམས་འགལ་གྱི་ཁེ་སྤོགས་ལྡབ་གཅིག་ལྷག་བླངས་ཡོད། འདྲི་གཅོད་བྱེད་པའི་གོ་རིམ་ཁྲོད་དུ་མགོན་པས་བཤད་རྒྱུར། རང་ཉིད་ཀྱིས་མགོ་མཇུག་བར་གསུམ་དུ་ཚོང་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་བསྟུན་ནས་བྱ་བ་བསྒྲུབས་པ་ཡིན་ལ། རང་གི་ནུས་པར་བརྟེན་ཏེ་པ་སེ་ཉོ་འཚོང་བྱས་ནས་ཁེ་སྤོགས་རེ་བླངས་ན་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ནམ་ཟེར། དེས་ན་མགོན་པོའི་པ་སེ་ལྐོག་འཚོང་གི་བྱ་སྤྱོད་དེ་ཚོང་རའི་དཔལ་འབྱོར་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡིན་ནམ།

ཕྲན་དཔྱད།

པ་སེ་ལྐོག་འཚོང་གི་བྱ་སྤྱོད་ནི་ཚོང་རའི་དཔལ་འབྱོར་ཐད་ཀྱི་སྐྱོན་ཆ་བེད་སྤྱད་པ་དང་། བྱ་སྤྱོད་འདི་དག་ནི་རང་རྒྱལ་གྱི«བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས»དང་འགལ་ཡོད་པས་བདེ་སྲུང་ཉེས་ཆད་ཕོག་ངེས་ཡིན། སྔོན་ཆད་པ་སེ་ལྐོག་འཚོང་བྱེད་པ་ནི་ཚོང་ལས་ཀྱི་བྱ་འགུལ་ཁོ་ན་གཉེར་བ་ཞིག་ཡིན་ལ། ཁོ་ཚོས་རང་གི་ལུས་ཤུགས་སམ་ཡང་ན་ནུས་པ་གཞན་ལ་བརྟེན་ནས་དངོས་པོ་དང་པ་ས་སེ། དཔང་ཡིག་བཅས་ཉོས་རྗེས་རིན་གོང་ཇེ་མཐོར་བཏང་ནས་གཞན་ལ་ཕྱིར་འཚོང་བྱས་ཏེ་ཁེ་ཕན་ལེན་བཞིན་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་མི་འདི་དག་གིས་འཆར་ལྡན་དཔལ་འབྱོར་དུས་སྐབས་སུའང་མེ་འཁོར་དང་ལྕགས་རྟ། གློག་བརྙན་སོགས་ཀྱི་འཛིན་བྱང་སྣ་ཚོགས་དང་། ཤ་དང་འབྲུ་རིགས། རས་སོགས་ཀྱི་འཛིན་བྱང་ལ་སོགས་པར་ཚོང་རྒྱག་བཞིན་ཡོད། ད་ལྟའི་ཚོང་རའི་དཔལ་འབྱོར་གྱི་དུས་སྐབས་སུའང་པ་སེ་ལོག་འཚོང་གི་འབྲེལ་ཡོད་ལས་རིགས་ཁྱབ་རྒྱ་ཇེ་ཆེར་ཕྱིན་ཡོད། མི་དམངས་ཀྱི་འཚོ་བའི་དགོས་མཁོ་ཇེ་མཐོར་སོང་བ་བེད་སྤྱད་ནས། གློག་བརྙན་འཛིན་བྱང་དང་གླུ་གར་འཁྲབ་སྟོན་གྱི་པ་སེ། ད་དུང་རླངས་འཁོར་པ་སེ། གནམ་གྲུའི་པ་སེ། མཚོ་གྲུའི་པ་སེ་བཅས་ཀྱི་ལོག་འཚོང་རྒྱག་བཞིན་ཡོད། པ་སེ་ལོག་འཚོང་གི་གནད་དོན་འདིས་ཕྱོགས་ངེས་ཅན་ཞིག་གི་སྟེང་ནས་ལོ་སར་དུས་སུ་པ་སེ་ཉོ་དཀའ་བར་རྐྱེན་བྱེད་བཞིན་ཡོད་ལ། དུས་མཚུངས་སུ། པ་སེ་ལོག་འཚོང་རྒྱག་པའི་གོ་སྐབས་བེད་སྤྱད་ནས་པ་སེ་རྫུན་བཟོ་དང་འཛིན་བྱང་བཟོ་བཅོས་བྱས་ནས་མི་དམངས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཐེབས་པའི་དོན་རྐྱེན་ཡང་མང་བོ་ཞིག་མཐོང་ཐུབ།

རང་རྒྱལ་གྱི«བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས»ཁྲོད་ཐག་གཅོད་བྱས་པ་ལྟར་ན། པ་སེ་ལོག་འཚོང་རྒྱག་པ་དང་མཚོ་གྲུའི་པ་སེ། མཁའ་འགྲུལ་གྱི་པ་སེ། གླུ་གར་འཁྲབ་སྟོན་གྱི་པ་སེ། ལུས་རྩལ་འགྲན་ཚོགས་ཀྱི་པ་སེ། དེ་མིན་ད་དུང་རིན་ལྡན་འཛིན་བྱང་། དངོས་དཔང་བཅས་རྫུན་བཟོ་བྱས་པའི་ཉེས་པ་ཅུང་ཡང་བ་རྣམས་ལ་བདེ་སྲུང་བཀག་ཉར་གྱི་ཆད་པ་གཅོད་ཆོག ལོ་སར་གྱི་སྐབས་སུ། མགོ་སྐོར་ཐེབས་པར་དོགས་ཟོན་བྱ་ཆེད་འགྲུལ་པ་རྣམས་ཀྱིས་བར་འཚོང་རྒྱག་མཁན་གྱི་ལག་ནས་པ་སེ་གཏན་ནས་ཉོ་མི་རུང་བ་རུང་བར་མ་ཟད། རྒྱུ་རྐྱེན་མི་འདྲ་བར་གང་རུང་ཞིག་ལ་ཁ་གཡར་ནས་རང་ཉིད་ཀྱི་པ་སེ་གོང་མཐོན་པོས་ཕྱིར་འཚོང་མི་རུང་བ་དང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་སྤྱི་དམངས་བཟང་པོ་ཞིག་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།