ཀྲུང་གོ་བོད་ཀྱི་དྲ་བ།

ལོ10ཅན་གྱི་བྱིས་པར་བཙན་གྱིས་སྒོར་མོ་སློང་དུ་བཅུག་ན་ཉེས་ཆད་ཕོག་གམ།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ནི་ངེས་གཏན་གྱི་བྱ་བ་མེད་པའི་འཁྱམས་པོ་ཞིག་ཡིན་ཞིང་།2023ལོར་རྒྱུས་མེད་ཀྱི་གྲོང་ཁྱེར་ག་གེ་མོ་ཞིག་ལ་འཁྱམས་ནས་སོང་སྟེ།དེའི་ཉེ་འདབས་སུ་ཁང་མིག་གྱན་གཉིས་ཅན་ཞིག་གླས་ཏེ་གནས་སྐབས་སུ་དེར་འདུག་གྲབས་བྱས་རྗེས།ངས་དེའི་ཚོང་ར་ཞིག་ཏུ་མལ་ཁྲི་ཉིས་བརྩེགས་ཅན་གཉིས་ཉོས་ཡོང་ནས་ཁང་མིག་རེ་རེ་ནང་དུ་བཞག་ཅིང་།ཕྱིས་སུ་ལག་བརྒྱུད་རླངས་འཁོར་ཆུང་ཆུང་ཞིག་ཀྱང་ཉོས་ཏེ་གྲོང་ཁྱེར་གྱི་མངལ་ཁུལ་དུ་བྱིས་པ་འཁྱམས་པོ་བཙལ་ཞིང་།དེ་ལྟར་ཟླ་གཅིག་ལྷག་ལ་བྱིས་པ་བཙལ་མཐར་ཉིན་ཞིག་གི་ཕྱི་དྲོར།ལོ10ཡས་མས་ཀྱི་བྱིས་པ་འཁྱམས་པོ་གཉིས་རྙེད་དེ་ཁང་པ་རུ་ཁྲིད་ཡོང་།ཉིན་དེའི་དགོང་མོར་ངས་བྱིས་པ་གཉིས་ལ་སང་ཉིན་ནས་བཟུང་རྒྱ་སྲང་ལ་སྒོར་མོ་བསླང་དུ་འགྲོ་དགོས་ཚུལ་བཤད་དེ།ཉིན་གཅིག་ལ་ཆེས་ཉུང་ནའང་སྒོར100ངེས་པར་བསླང་ནས་ཡོང་དགོས་ཤིང་།དེ་མིན་ལྟོགས་སྐོམ་དང་གཅར་རྡུང་མྱང་དགོས་ལ།གལ་ཏེ་སྒོར་མོ་བསླང་མ་ཐུབ་ཚེ་བྲོས་མི་ཆོག་པའི་ཁར་ཉེན་རྟོག་པར་གྱོད་དོན་སྙན་སེང་དེ་བས་ཀྱང་ཞུས་མི་ཆོག་པའི་འཇིགས་སྐུལ་སྣ་ཚོགས་བྱས།ཕྱིས་སུ་ངས་བྱིས་པ་གཉིས་ཀ་གྲོང་ཁྱེར་དེའི་ཆེས་འདུ་འཛི་ཆེ་བའི་གནས་སུ་ཁྲིད་དེ་སྒོར་མོ་སློང་དུ་བཅུག་ཅིང་།བྱིས་པ་གཉིས་ཀས་ཉིན་གཅིག་གི་འོས་འགན་མ་འགྲུབ་ཚེ་ངས་གཅར་རྡུང་ཚད་མེད་བྱས་ནས་ཟ་མ་ཟ་རུ་མ་བཅུག་པའི་སྣང་ཚུལ་གང་མང་མཆིས།ཡང་ཐེངས་ཤིག་ལ་ངས་བྱིས་པ་གཉིས་ཀ་གྲོང་ཁྱེར་གྱི་ལྗོངས་ཁུལ་གྲགས་ཆེན་ཞིག་ཏུ་ཁྲིད་ནས་སྒོང་མོ་སློང་དུ་འཇོག་སྐབས།བྱིས་པ་གཅིག་གིས་དེར་འཕྲད་པའི་མི་དམངས་བཅིངས་འགྲོལ་དམག་ལ་སྐད་ཆེན་པོས་སྲོག་སྐྱོབ་རོགས་ཞེས་འུར་བརྒྱབ་པ་ན།ངས་བྲེལ་འཚུབ་སྒོས་བྱིས་པ་གཉིས་ཀ་ཁྲིད་དེ་གནས་དེ་དང་ཁ་འབྲལ་རྩིས་བྱེད་སྐབས།བཅིངས་འགྲོལ་དམག་གིས་ང་དང་བྱིས་པ་གཉིས་ཀ་བཟུང་སྟེ་ས་གནས་དེའི་མངགས་གཏོང་ཁང་དུ་སྤྲད།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ལོ10ཅན་གྱི་བྱིས་པར་བཙན་གྱིས་སྒོར་མོ་སློང་དུ་བཅུག་ན་ཉེས་ཆད་ཕོག་གམ།

ཞེས་ཀུན་བཟང་གིས།

བློ་མཐུན་ཀུན་བཟང་ལགས།

རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན262པའི་གཏན་འཁེལ་ལྟར་ན།“དྲག་ཤུགས་དང་བཙན་ཤེད་ཀྱི་ཐབས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ནམ་ལོ14མ་སོན་པའི་མི་སྒྲིག་འཛུགས་བྱས་ཏེ་སློང་མོ་བྱེད་དུ་བཅུག་པའི་རིགས་ལ།དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་པར་མ་ཟད་དངུལ་ཆད་ཀྱང་གཅད་ངེས། ཉེས་ཚབས་ཆེ་རིགས་ལ་དུས་བཀག་བཙོན་འཇུག་ལོ3ནས7མན་བར་གྱི་ཉེས་ཆད་གཅོད་པར་མ་ཟད་དངུལ་ཆད་ཀྱང་གཅད་ངེས། ནག་ཉེས་འདིའི་རིགས་བསགས་མཁན་གྱིས་སློང་མོ་བའི་ལུས་ཁམས་ལ་རྨས་སྐྱོན་བཏང་བའམ་ངན་འབྲས་ཚབས་ཆེན་གཞན་དག་བཟོ་མི་དགོས་པར། ནག་ཉེས་བསགས་མཁན་གྱིས་དྲག་ཤུགས་དང་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད་ཚེ་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།ནར་མ་སོན་པའི་མི་སྒྲིག་འཛུགས་བྱས་ནས་སློང་མོ་བྱེད་དུ་བཅུག་པ་དེས་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་ལ་གཏོར་བརླག་བཟོས་པའི་ཁར་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལའང་གནོད་འཚེ་བཏང་ཡོད་ཅིང་། ནར་མ་སོན་པའི་མིའི་ངོས་ནས་བཤད་ན་སློང་མོའི་འཚོ་བས་ལུས་སེམས་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ངན་པ་བཟོ་སྲིད།

གོང་གི་གྱོད་དོན་འདིའི་ཁྲོད་དུ།ཁྱོད་ཀྱིས་ལོ10ཅན་གྱི་བྱིས་པར་ལྟ་སྐུལ་བྱས་ནས་སློང་མོ་བྱེད་དུ་བཅུག་པར་མ་ཟད་སློང་མོའི་འོས་འགན་གཏན་འཁེལ་བྱས་ཤིང་།ད་དུང་འོས་འགན་མ་འགྲུབ་ཚེ་ཟ་མ་ཟ་རུ་མི་འཇོག་པའམ་གཅར་རྡུང་གི་དྲག་ཤུགས་བྱེད་ཐབས་སྤྱད་པ་འདི།ནར་མ་སོན་པའི་མི་སྒྲིག་འཛུགས་བྱས་ནས་སློང་མོ་བྱེད་དུ་བཅུག་པའི་ནག་ཉེས་སུ་གྲུབ་ཡོད་པས།ཁྱོད་ལ་བཅའ་ཁྲིམས་ཀྱི་ཆད་པ་ནན་མོ་འཕོག་ངེས།

ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།


 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།