ཀྲུང་གོ་བོད་ཀྱི་དྲ་བ།

སྨྱོ་ནད་ཅན་གྱིས་མི་བསད་ན་ཁྲིམས་འགལ་ཡིན་ནམ།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངའི་ཕ་མ་གཉིས་ཀ་ཚེ་ལས་འདས་རྗེས།ང་ལ་བར་མཚམས་རང་བཞིན་གྱི་སྨྱོ་ནད་ཕོག་སྟེ་ལན་རེར་དྲན་པ་རྒྱུན་ལྡན་ཡིན་ལ་ལན་རེར་རྒྱུན་ལྡན་མིན་པའི་སྣང་ཚུལ་ཡོད་པས།སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཆེད་དུ་ང་ལ་རོགས་སྐྱོར་བྱས་ནས་ཟླ་རེར་སྒོར500ལྷག་སྟེར་རྒྱུ་བྱས་ཏེ།ང་ལ་སྡེ་བའི་སྔོ་ཚོད་འདེབས་འཛུགས་ར་བར་ལྟ་རྟོག་བྱེད་པའི་བྱ་བ་བཀོད་སྒྲིག་བྱས། དུས་རྒྱུན་སྡེ་མི་དང་ཁྱིམ་མཚེས་ཀུན་གྱིས་ངའི་རྒྱུན་ལྡན་གྱི་འཚོ་བར་སེམས་ཁུར་དང་རོགས་རམ་གང་མང་བྱེད་པ་ཡིན།ངས་གོ་ཐོས་ལྟར་ན་སྨྱོ་ནད་ཕོག་ཡོད་མཁན་གྱིས་མི་བསད་ཀྱང་ཁྲིམས་འགལ་མིན་ཟེར།ངས་དེ་ལྟར་མི་དྲན་དགུ་དྲན་བྱེད་ཞོར་སྡེ་བའི་སྡེ་མི་སུ་ཡིན་ཡང་རང་ཉིད་ལ་སྐྲག་པར་འདོད་དེ་རིམ་བཞིན་གཤིས་ཀ་གྱོང་པོ་ཞིག་ཏུ་ཆགས།ཉིན་ཞིག་ལ།ང་ལས་གནས་དང་ཁ་བྲལ་ཏེ་སྔོ་ཚོད་ར་བར་ལྟ་རྟོག་མ་བྱས་པར་སྡེ་དཔོན་གྱིས་སྐྱོན་བརྗོད་ཚིག་འགའ་བྱས་པས།ངས་དེར་བཟོད་བསྲན་བྱེད་མ་ཐུབ་པར་སྡེ་དཔོན་ལ་ཐོ་བས་བརྒྱབ་སྟེ་ལྔ་ལམ་དུ་བརྫངས།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི།འདི་འདྲའི་གནས་ཚུལ་འོག་ཏུ་ངས་ཉེས་དོན་འགན་འཁྲི་འཁུར་དགོས་སམ།

ཞེས་བཀྲ་དོན་གྱིས།

བློ་མཐུན་བཀྲ་དོན་ལགས།

བར་མཚམས་རང་བཞིན་གྱི་སྨྱོ་ནད་ནི་སྨྱོ་ནད་ཀྱི་རིགས་ཤིག་ཡིན་པས། བྱ་སྤྱོད་སྤེལ་མཁན་གྱིས་ནད་ཕོག་པའི་གནས་ཚུལ་འོག་ནག་ཉེས་བསགས་པར་སྤྱིར་བཏང་དུ་ཉེས་དོན་འགན་འཁྲི་འཁུར་མི་དགོས། བར་མཚམས་རང་བཞིན་གྱི་སྨྱོ་ནད་ནི་བར་མཚམས་བྱས་ནས་ནད་འཕར་བས། ནད་པའི་སེམས་ཁམས་རྒྱུན་ལྡན་གྱི་སྐབས་སུ། ནད་པར་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ནུས་པ་ཡོད་པར་གསལ་བཤད་བྱས་ཡོད།

རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན18པའི་གཏན་འཁེལ་ལྟར་ན། “བར་མཚམས་རང་བཞིན་གྱི་སྨྱོ་ནད་ཅན་གྱིས་སེམས་ཁམས་རྒྱུན་ལྡན་ཡིན་པའི་སྐབས་སུ་ནག་ཉེས་བསགས་ན་ཉེས་འགན་འཁུར་དགོས”ཞེས་བཀོད་ཡོད། གྱོད་དོན་འདིའི་ཁྲོད་དུ་ཁྱོད་ལ་བར་མཚམས་རང་བཞིན་གྱི་སྨྱོ་ནད་ཕོག་ཡོད་མོད། འོན་ཀྱང་ནད་མ་འཕར་བའི་སྐབས་སུ་བྱ་བ་བསྒྲུབ་ཐུབ་པར་མ་ཟད། རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་ཐུབ་དུས་ལག་ཆ་སྤྱད་དེ་མི་བསད་པ་ནི་ཉེས་གསོག་གི་བྱ་སྤྱོད་ཅིག་ཡིན། དེར་བརྟེན། ཁྱོད་ཀྱིས་ཉེས་དོན་འགན་འཁྲི་འཁུར་དགོས།

ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།


 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།