བློ་མཐུན་རྩོམ་སྒྲིག་པ་ལགས།
དོན་འགྲུབ་ཀྱིས་སྔོན་ཆད་བཀྲ་ཤིས་ཀྱི་ལག་ནས་སྒོར་ཁྲི6བསྐྱིས་མྱོང་ལ། སྐབས་དེར་བཀྲ་ཤིས་ཀྱིས་དོན་འགྲུབ་ལ་ལག་དངུལ་སྒོར་ཁྲི6བྱིན་རྗེས། དོན་འགྲུབ་ཀྱིས་བསྐྱིས་ཡིག་བྲིས། ད་ལྟ་བཀྲ་ཤིས་ཀྱིས་དོན་འགྲུབ་ལ་དོམ་དེད་པ་ན། དོན་འགྲུབ་ཀྱིས་བསྐྱིས་དངུལ་དེ་ལག་དངུལ་གྱི་ལམ་ནས་འཇལ་ཟིན་པར་བསྟན། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་གནས་ཚུལ་འདི་འདྲའི་འོག་བཀྲ་ཤིས་ཀྱིས་སྐྱིན་ཚབ་དེ་རང་ཉིད་ཀྱི་ལག་ཏུ་འབྱོར་མེད་པ་ཇི་ལྟར་བདེན་དཔང་བྱེད་དགོས།
ཞེས་ལྷ་ཐར་གྱིས།
བློ་མཐུན་ལྷ་ཐར་ལགས།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《དམངས་ཁྲོད་ཀྱི་བུ་ལོན་གྱོད་དོན་ཞིབ་གཅོད་བྱེད་པར་འཚམ་པའི་བཅའ་ཁྲིམས་གནད་དོན་འགའི་སྐོར་གྱི་གཏན་འབེབས》ལྟར་ན། གཏུག་མཁན་གྱིས་བསྐྱིས་ཡིག་དང་ལེན་ཡིག ཆད་ཡིག་སོགས་ཀྱི་བུན་འཛིན་ལ་བརྟེན་ནས་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་ཞུ་གཏུག་བྱས་པ་དང་། གཏུག་ཡུལ་གྱིས་བསྐྱིས་དངུལ་འཇལ་ཚར་བར་བཤད་ན། གཏུག་ཡུལ་གྱིས་དེའི་ཐད་ཀྱི་བདེན་དཔང་བཏོན་ནས་བདེན་དཔང་བྱེད་དགོས། གཏུག་ཡུལ་གྱིས་འབྲེལ་ཡོད་ཀྱི་དཔང་རྟགས་བཏོན་ནས་རང་ཉིད་ཀྱི་ལྟ་ཚུལ་བདེན་པ་ཡིན་པ་བདེན་དཔང་བྱས་རྗེས། གཏུག་མཁན་གྱིས་སྔར་བཞིན་བུ་ལོན་གཏོང་ལེན་གྱི་འབྲེལ་བ་ཡོད་པའི་དཔང་རྟགས་འདོན་དགོས།
གཏུག་ཡུལ་གྱིས་བུ་ལོན་གཏོང་ལེན་བྱ་སྤྱོད་དོན་དམ་པས་མ་བྱུང་བ་གསལ་བཤད་ལུགས་དང་མཐུན་པ་ཞིག་བྱེད་ཐུབ་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་བུ་ལོན་གཏོང་ལེན་གྱི་དངུལ་གྲངས་དང་དངུལ་སྤྲོད་སྟངས། དོ་བདག་གི་དཔལ་འབྱོར་ནུས་པ། ས་གནས་དེ་གའམ་ཡང་ན་དོ་བདག་བར་གྱི་ཉོ་ཚོང་བྱེད་སྟངས། ཉོ་ཚོང་གོམས་གཤིས། དོ་བདག་གི་རྒྱུ་ནོར་འགྱུར་ལྡོག་གི་གནས་ཚུལ་དང་དེ་མིན་དཔང་མིའི་ཞུ་ཚིག་སོགས་ཀྱི་དོན་དངོས་དང་རྒྱུ་རྐྱེན་ལ་ཟུང་འབྲེལ་བྱས་ཏེ། བུ་ལོན་གཏོང་ལེན་དོན་དམ་དུ་བྱུང་ཡོད་མེད་ལ་ཕྱོགས་བསྡུས་སྒོས་བརྡར་གཅོད་དང་བརྟག་དཔྱད་བདེན་དཔང་བྱེད་ངེས་ཡིན།
གོང་དུ་བརྗོད་པའི་ཁྲིམས་འཛིན་འགྲེལ་བཤད་ལྟར་ན། བཀྲ་ཤིས་ཀྱིས་བསྐྱིས་ཡིག་བཟུང་ནས་དོན་འགྲུབ་ལ་དོམ་དེད་པ་དང་། དོན་འགྲུབ་ཀྱིས་བུ་ལོན་གཏོང་ལེན་གྱི་འབྲེལ་བ་ཡོད་པ་ཁས་བླངས་ནའང་། དོམ་འཇལ་ཚར་བར་བཤད་པས། བཅའ་ཁྲིམས་ལྟར་ན་དོན་འགྲུབ་ཀྱིས་ལེན་ཡིག་དང་དངུལ་སྤྲོད་དཔང་ཡིག་སོགས་ཀྱི་འབྲེལ་ཡོད་བདེན་དཔང་འདོན་དགོས།
གལ་ཏེ་དོན་འགྲུབ་ཀྱིས་ལག་དངུལ་གྱི་ལམ་ནས་དོམ་འཇལ་ཚུལ་བསྟན་ཡང་། དེ་འབྲེལ་གྱི་བདེན་དཔང་མེད་པ་དང་། བཀྲ་ཤིས་ཀྱིས་བསྐྱིས་དངུལ་ལག་ཏུ་འབྱོར་བ་ཁས་མ་བླངས་ན། དོན་འགྲུབ་ཀྱིས་མཇུག་འབྲས་ངན་པ་འཁུར་དགོས་ཀྱང་སྲིད།
ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།