ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་གྱོད་དོན་ཞིག་བདེ་བླག་ངང་རྩད་ཆོད་དེ། དོགས་ཡོད་ཉེས་ཅན2འཛིན་བཟུང་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་འབྲོང་ཕྲུག1བསྐྱབས།
ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར། སྐོར་ཞིབ་རླངས་འཁོར་ན་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་ཤང་རྩྭ་ཐང་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་གནས་ཡུལ་རྙིང་པའི་ཉེ་འགྲམ་དུ་སྐྱོད་སྐབས། རླངས་འཁོར་གྱི་འཁོར་ལོའི་རྗེས་ཤུལ་གསལ་པོ་ཞིག་མཐོང་བས། རླངས་འཁོར་ལས་བབས་ཏེ་ཞིབ་ཏུ་རྩད་ཞིབ་བྱས་རྗེས། ཉེ་འགྲམ་གྱི་ས་ངོས་སུ་རླངས་འཁོར་གྱི་རྗེལ་ཤུལ་གསར་པ་དང་འཚོ་བའི་དངོས་ཟོག རི་དྭགས་རྔོན་པར་སྤྱོད་པའི་ཐག་པ་དང་འདྲ་བ་ཞིག་བསྐྱུར་ཡོད་པ་ཤེས་རྟོགས་བྱུང་།
དེ་འཕྲལ། མི་དམངས་ཉེན་རྟོག་པས་ལམ་ཕྱོགས་གཉིས་སུ་བགོས་ནས་རྗེས་དེད་མཐར་དོགས་ཡོད་ཉེས་ཅན2བཟུང་ཞིང་། དོགས་ཡོད་ཉེས་ཅན་འདྲི་རྩད་བྱས་པ་དང་ཆབས་ཅིག ཡུལ་དངོས་སུ་རྩད་ཞིབ་བྱེད་སྐབས་མི་དམངས་ཉེན་རྟོག་པས་བེད་མེད་དུ་བསྐྱུར་བའི་ཁང་པའི་ནང་རྔོན་རྒྱག་མཁན་གྱིས་ཐག་པས་བསྡམས་པའི་འབྲོང་ཕྲུག2ཡོད་པར་མ་ཟད། ཉེ་འཁོར་དུ་འབྲོང་ཕྲུག་གི་བེམ་རོ1ཡོད་པ་ཤེས་རྟོགས་བྱུང་།
གྱོད་དོན་དེ་འཕྲལ་དུ་རྩད་གཅོད་བྱ་ཆེད། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ་ཉམས་མྱོང་ཅན་སྐོང་འཐེན་བྱས་ནས་ཅུས་ཀྲང་གཞོན་པ་ཞིག་གིས་རུ་སྣེ་ཁྲིད་དེ་གྱོད་དོན་སྔོག་འདོན་གཏིང་ཟབ་བྱེད་པའི་བྱ་བ་སྤེལ། ཉིན20ཡི་རིང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། ལྐོག་རྔོན་ཚོགས་པ་དེའི་ཚོགས་མི་གཞན་དག་གི་གར་འགྲོ་གར་འདུག་གི་གནས་ཚུལ་རྒྱུས་ལོན། མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་དང་ཐུན་ཏེ་དང་ཀོས་ནན། རྩེ་ཁོག་བཅས་ས་ཁུལ་གསུམ་གྱི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག ཟླ7པའི་ཚེས16ཉིན་དོགས་ཡོད་ཉེས་ཅན3བདེ་བླག་ངང་འཛིན་བཟུང་བྱས་པ་དང་རྔོན་བཟུང་བྱས་པའི་འབྲོང་ཕྲུག་གསོན་པོ1ལག་ཏུ་སོན།
འདྲི་རྩད་དང་མྱུལ་ཞིབ་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དོགས་ཡོད་ཉེས་ཅན་ནམ་ཆེ་གེ་མོ་དང་བསྟན་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་མི3ལ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་སྐོར་སྲུང་ཁྲིམས་འཛིན་ཁྲོད་རྩད་ཆོད་པའི་དོགས་ཡོད་ཉེས་ཅན2ལ་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཅིང་། མིག་སྔར། གྱོད་དོན་དེ་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་པའི་སྒང་ཡིན།