དེང་གི་ཆར་སྐད་འཕྲིན་ནི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན་ཞིང་། ང་ཚོ་མི་ཕལ་ཆེ་བ་ཞིག་སྐད་འཕྲིན་ཚོགས་པ་འདྲ་མིན་སྣ་ཚོགས་ནང་དུ་ཞུགས་ཡོད། དེས་ན་ཁྱེད་ལ་དོན་དག་ཙག་ཙིག་ཅིག་གི་ཆེད་དུ་སྐད་འཕྲིན་ཚོགས་པའི་ནང་དུ་གཞན་གྱིས་སྡིགས་མོ་བྱས་པའི་གནས་ཚུལ་འདི་ལྟ་བུར་འཕྲད་མྱོང་ངམ། སྤོ་ཐུང་ཐུང་གིས་མི་བརླགས་ཤིང་། ལ་ཐུང་ཐུང་གིས་རྟ་བརླགས་ཞེས་པ་ལྟར། སྐད་ཅིག་མའི་ཞེ་སྡང་དང་སྤོ་ཐུང་ཐུང་གིས་གཞན་ལ་སྡིགས་མོ་བྱས་ཏེ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལས་བརྒལ་ན། རང་ཁ་གསེར་གྱི་སྒོ་མོ་རང་སྲོག་གཅོད་པའི་སྟ་རེ་རུའང་འགྱུར་སྲིད།
ཉེ་ཆར། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཅཱ་ཏེན་མངགས་གཏོང་ཁང་གིས་སྐད་འཕྲིན་ཚོགས་པར་མི་གཞན་ལ་སྡིགས་མོ་བྱས་པའི་གྱོད་དོན་ཞིག་མགྱོགས་མྱུར་ངང་ཐག་གཅོད་བྱས་ཏེ། མི1སྲིད་འཛིན་བཀག་ཉར་བྱས། ཅཱ་ཏེན་མངགས་གཏོང་ཁང་ལ་མངའ་ཁུལ་མང་ཚོགས་ཀྱིས་གྱོད་དོན་སྙན་ཞུ་འབྱོར་ཏེ། སྐད་འཕྲིན་ཚོགས་པའི་ནང་དུ་ཁོ་ལ་མངོན་སུམ་འཛེམ་མེད་ཀྱིས་སྡིགས་མོ་བྱས་ནས་སྡེ་མི་གཞན་པར་བག་ཆགས་ངན་པ་བཟོས་ཤིང་། རང་ཉིད་ཀྱི་རྒྱུན་ལྡན་འཚོ་བར་གཏོར་བརླག་ཚབས་ཆེན་བཟོས་སོང་ཞེས་ཟེར། དེ་འཕྲལ། ཉེན་རྟོག་པས་མགྱོགས་མྱུར་ངང་བདེན་དཔང་འཚོལ་སྡུད་ཀྱི་བྱ་བ་བསྒྲུབས་པར་མ་ཟད། ཁྲིམས་ལྟར་ཡའོ་ཆེ་གེ་མོ་མངགས་གཏོང་ཁང་དུ་བོས་ནས་འདྲི་གཅོད་བྱས།
ཞིབ་བཤེར་བྱས་པ་བརྒྱུད། ཡའོ་ཆེ་གེ་མོས་དུས་རྒྱུན་གྱི་དོན་དག་ཙག་ཙིག་ཅིག་གིས་ཀྲང་ཆེ་གེ་མོ་ལ་སེམས་གཏིང་ནས་མ་དགའ་བས། བསྟུད་མར་ཉིན་གཉིས་ཀྱི་རིང་ལ་སྡེ་བ་དེའི་སྐད་འཕྲིན་ཚོགས་པའི་ནང་དུ་ཀྲང་ཆེ་གེ་མོར་དམའ་འབེབས་དང་རྣ་བར་གཟན་པའི་སྐད་ཆ་མང་པོ་བཤད་པས། ཀྲང་ཆེ་གེ་མོའི་མཚན་སྙན་དང་ཉིན་རྒྱུན་གྱི་འཚོ་བར་གནོད་པ་ཚབས་ཆེན་བཟོས། དཔང་རྟགས་ཁུངས་བཙུན་གྱི་མདུན་དུ། ཡའོ་ཆེ་གེ་མོས་སྐད་འཕྲིན་ཚོགས་པའི་ནང་དུ་མངོན་སུམ་འཛེམ་མེད་ཀྱིས་གཞན་ལ་སྡིགས་མོ་བྱས་པའི་དོན་དངོས་ཁས་ལེན་ཡང་དག་བྱས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཡའོ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་བདུན་གྱི་ཆད་གཅོད་བྱས།
ཉེན་རྟོགས་པའི་གསལ་འདེབས།
དྲ་རྒྱ་ཡིས་ང་ཚོ་མི་ཕན་ཚུན་བར་སྟབས་བདེ་མང་པོ་བསྐྲུན་ཡོད་ལ། དེ་དང་མཉམ་དུ་ང་ཚོས་ཀྱང་བཅའ་ཁྲིམས་ཁྲིམས་སྲོལ་དང་ཀུན་སྤྱོད་ཚད་ལྡན་ལའང་ངེས་པར་བརྩི་སྲུང་བྱ་དགོས་ཏེ། སྐད་འཕྲིན་ཚོགས་པའི་ནང་དུ་བཤད་པའི་སྐད་ཆར་ཡང་བཅའ་ཁྲིམས་ཀྱི་ཚོད་འཛིན་ཐེབས་ངེས་ཡིན་ཕྱིན། རང་སྣང་གང་ཤར་གྱིས་མི་གཞན་གྱི་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག རྒྱ་ཆེའི་མང་ཚོགས་ཀྱིས་གྱོད་དོན་འདི་བསླབ་བྱ་རུ་བཟུང་ནས་རྗེས་སུ་གནས་ཚུལ་འདི་འདྲ་བྱུང་ཚེ་ཚུལ་མཐུན་གྱི་སྒོ་ནས་ཞུ་གཏུག་བྱས་ཏེ། ཡ་རབས་འཆམ་མཐུན་གྱི་དྲ་རྒྱའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོབ་བྱ་དགོས།