བློ་མཐུན་རྩོམ་སྒྲིག་པ་ལགས།
ངས་བར་སྦྱོར་ཀུང་སི་ཞིག་བརྒྱུད་དེ་ཁང་བདག་ཅིག་དང་ཁང་པ་ཉོ་རྒྱུའི་གན་རྒྱ་བཞག་ནས། ཁང་བདག་གིས་ཁང་པ་ང་ལ་བཙོང་རྒྱུ་དང་། ངེད་གཉིས་ཀྱིས་སོ་སོར་བར་སྦྱོར་གྲོན་དངུལ་སྒོར་ཁྲི2རེ་སྟེར་རྒྱུ་ཐག་བཅད། གན་རྒྱར་མིང་རྟགས་བཀོད་ཚར་རྗེས། ངས་ཁང་བདག་ལ་འགྱུར་རྟེན་སྒོར་ཁྲི5བྱིན་པའི་ཞོར་དུ་བར་སྦྱོར་དངུལ་སྒོར་ཁྲི2པོ་ཡང་བྱིན་པ་ཡིན། རྗེས་སུ་རྒྱུ་རྐྱེན་གཞན་ཞིག་གི་དབང་གིས་ཐེངས་འདིའི་ཉོ་ཚོང་དངོས་སུ་ལག་བསྟར་བྱེད་མ་ཐུབ་པས། ཁང་བདག་གིས་ང་ལ་འགྱུར་རྟེན་གྱི་ལྡབ་གཉིས་ཏེ་སྒོར་ཁྲི10ཕྱིར་བསློགས། ཡིན་ཡང་བར་སྦྱོར་པས་ང་ལ་ཁེ་བཟང་ཐོབ་སོང་ཟེར་ནས་བར་སྦྱོར་དངུལ་ཕྱིར་མི་བསློག་པས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་བར་སྦྱོར་དངུལ་འདི་དོན་དམ་དུ་ཕྱིར་བསློག་དགོས་སམ།
ཞེས་དོན་འགྲུབ་གྱིས།
བློ་མཐུན་དོན་འགྲུབ་ལགས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན964པའི་ནང་དུ་གཏན་འབེབས་བྱས་དོན། “བར་སྦྱོར་པས་གན་རྒྱ་འཇོག་ཏུ་འཇུག་མ་ཐུབ་ན། གླ་ཆ་སྤྲོད་དགོས་པའི་རེ་བ་བཏོན་མི་ཆོག་མོད། འོན་ཀྱང་ཁ་ཆད་ལྟར་བར་སྦྱོར་བྱ་བ་སྒྲུབ་པའི་ཆེད་དུ་བཀོལ་བའི་དགོས་ངེས་ཀྱི་འགྲོ་གྲོན་སྤྲོད་དགོས་པའི་རེ་བ་བཏོན་ཆོག” ཁྱོད་ཀྱིས་བཤད་པའི་གནས་ཚུལ་ལ་གཞིགས་ན། བར་སྦྱོར་ཀུང་སིས་ཁང་བདག་དང་ཁྱེད་གཉིས་བར་ལ་ཁང་པ་ཉོ་ཚོང་གི་གན་རྒྱ་འཇོག་ཏུ་བཅུག་མོད། འོན་ཀྱང་མཇུག་མཐར་ཉོ་ཚོང་ལེགས་འགྲུབ་མ་བྱུང་བ་དེ་བར་སྦྱོར་པའི་རྐྱེན་གྱིས་མིན་པས། བར་སྦྱོར་ཀུང་སིར་མཚོན་ན་བར་འདུམ་ཞབས་ཞུའི་བྱ་བ་བསྒྲུབས་ཚར་ཡོད་ཕྱིར། བར་སྦྱོར་གྲོན་དངུལ་ཕྱིར་མི་བསློག་པའམ་ཡང་ན་ཉུང་བསློག་བྱེད་པའི་དབང་ཆ་ཡོད།
ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།