ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཁྱིམ་དུ་འཛུལ་ནས་བརྐུས་བྱས་པའི་གྱོད་དོན་ཞིག་བདེ་བླག་ངང་རྩད་ཆོད་དེ་དོགས་ཡོད་ཉེས་ཅན2འཛིན་བཟུང་བྱས།
ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། དར་ལག་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་མང་ཚོགས་ཀྱི་གྱོད་དོན་སྙན་སེང་ཞུས་ཏེ། ངའི་ཁྱིམ་ལ་རྐུན་མ་འཛུལ་ནས་ཁྱིམ་གྱི་ཉེན་འགོག་སྒམ་བརྐུས་པས་ཉེན་རྟོག་པ་མངགས་ཏེ་ཐག་གཅོད་བྱ་རོགས་ཞེས་བཤད།
སྙན་སེང་འབྱོར་རྗེས། མྱུལ་ཞིབ་མི་སྣས་འཕྲལ་མར་ཡུལ་དངོས་སུ་སོང་ནས་སྐོར་ཞིབ་དང་འདྲི་རྩད་བྱས་ཤིང་། ཟུར་མང་པོ་དང་ཕྱོགས་ཡོངས་ནས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། མགོ་ལོག་ཁུལ་སྤྱི་བདེ་ཅུས་ཡན་ལག་རུ་ཁག་ག་གེ་མོའི་ཤུགས་ཆེའི་གཞོགས་འདེགས་འོག ཟླ7པའི་ཚེས17ཉིན་གྱི་ཆུ་ཚོད13ཡས་མས་སུ། དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོ་དང་འབྲུག་ཆེ་གེ་མོའི་རྗེས་ཤུལ་གཏན་འཁེལ་བྱས་པར་མ་ཟད། ཉིན་དེའི་ཆུ་ཚོད17ཡས་མས་སུ་དར་ལག་རྫོང་གསང་རུ་མ་ཤང་དང་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་འབྲེལ་མཚམས་ཀྱི་ས་གནས་སུ་འཛིན་བཟུང་བྱས་ཏེ་བརྐུས་པའི་རྒྱུ་ནོར་ཁ་ཤས་ཕྱིར་བླངས།
འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་གཉིས་ཀྱིས་ཁྱིམ་དུ་འཛུལ་ནས་བརྐུས་བྱས་པའི་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས། མིག་སྔར། གྱོད་དོན་དེ་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་པའི་སྒང་རེད།