ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཐད་གཏོང་མཁན་ཞིག་ལ་སྒོར་ཁྲི25.8ཀྱི་ཆད་པ་བཅད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : སངས་བཀྲ།   སྤེལ་དུས། : 2025-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཟི་ལིང་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ཀྱིས་ཁྲིམས་ལྟར་སྒེར་འབབ་དཔྱ་ཁྲལ་གྱི་ཕྱོགས་བསྡུས་ཐོབ་ཆའི་བསྡོམས་རྩིས་གཙང་འཇལ་བྱས་མེད་པའི་གྱོད་དོན་ཞིག་ཞིབ་བཤེར་ཐག་གཅོད་བྱས།

མཚོ་སྔོན་ཁྲལ་དོན་སྡེ་ཁག་གིས་སྒེར་འབབ་དཔྱ་ཁྲལ་གྱི་ཕྱོགས་བསྡུས་ཐོབ་ཆ་བསྡོམས་རྩིས་གཙང་འཇལ་བྱས་ཚུལ་ལ་རྗེས་སུ་ཟུར་བཤེར་བྱེད་སྐབས། དྲ་རྒྱའི་ཐད་གཏོང་མཁན་བསོད་ཆེ་གེ་མོས2020ལོའི་སྒེར་འབབ་དཔྱ་ཁྲལ་གྱི་ཕྱོགས་བསྡུས་ཐོབ་ཆ་བསྡོམས་རྩིས་གཙང་འཇལ་བྱས་མེད་པ་ཤེས་རྟོགས་བྱུང་། ཁྲལ་དོན་སྡེ་ཁག་གིས་དྲན་སྐུལ་དང་ལྟ་སྐུལ་ཐེངས་མང་བྱས་པ་བརྒྱུད། བསོད་ཆེ་གེ་མོས་སྔར་བཞིན་ཡིག་ཐོག་སྙན་ཞུའི་འགྲོ་ལུགས་གཏན་ནས་མི་སྒྲུབ་པར་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆར་མིང་རྟགས་ཀྱང་མི་འགོད་པ་སོགས་ཀྱི་བྱ་སྤྱོད་ཡོད་པས། ཁྲལ་དོན་སྡེ་ཁག་གིས་གྱོད་ཁོངས་སུ་བཅུག་སྟེ་ཞིབ་བཤེར་བྱས།

ཞིབ་བཤེར་བྱས་པ་བརྒྱུད། བསོད་ཆེ་གེ་མོས2020ལོར་ཐད་གཏོང་བྱས་ཏེ་ཐོབ་པའི་ཡོང་འབབ་ངོ་བོ་བསྒྱུར་བ་དང་ཁྲལ་འཇལ་ཞུ་ཡིག་རྫུན་མ་སྤྲད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྒེར་འབབ་དཔྱ་ཁྲལ་སྒོར་ཁྲི7.02འཇལ་མེད། ཟི་ལིང་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་འབབ་དཔྱ་ཁྲལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲལ་འབབ་བསྡུ་ལེན་དོ་དམ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་གཞིར་བཟུང་སྟེ། བསོད་ཆེ་གེ་མོར་ཁྲིམས་ལྟར་ཁྲལ་དངུལ་བདའ་འདེད་བཏང་བ་དང་དུས་འགྱངས་ཆད་དངུལ་སྣོན་བསྡུ་བྱས་པར་མ་ཟད། ད་དུང་དངུལ་ཆད་ཀྱང་བཅད་པར་བསྡོམས་པས་སྒོར་ཁྲི25.8ཟིན་ཡོད། 

ཁྲལ་དོན་སྡེ་ཁག་གིས་ཁྲིམས་ལྟར《ཁྲལ་དོན་ཐག་གཅོད་ཆོད་ཡིག》དང《ཁྲལ་དོན་སྲིད་འཛིན་ཆད་གཅོད་ཆོད་ཡིག》སྐྱེལ་སྤྲོད་བྱས་རྗེས། བསོད་ཆེ་གེ་མོས་སྔར་བཞིན་ཁ་གཡར་ས་སྣ་ཚོགས་ལ་བརྟེན་ནས་མ་འཇལ་བར་ཁྲལ་དོན་སྡེ་ཁག་གིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱས། མིག་སྔར། གྱོད་འབྲེལ་ཁྲལ་དངུལ་དང་དུས་འགྱངས་ཆད་དངུལ། དངུལ་ཆད་བཅས་ཚང་མ་བླངས་ཟིན།

 
རྩོམ་སྒྲིག་པ། : སངས་བཀྲ།