གྱོད་དོན།
2024ལོའི་ཟླ5པར། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཤིས་ཀོའུ་ཤང་གི་མཱ་ཆེ་གེ་མོས་གསོ་བཞིན་པའི་ནོར་མང་པོར་ཆམ་ནད་ཕོག་པའི་ནད་རྟགས་བྱུང་། མཱ་ཆེ་གེ་མོས་ནོར་ལ་ཆམ་པའི་ནད་རྟགས་ཡོད་པ་ཤེས་རྗེས། ཕྱུགས་སྨན་ཉོ་འཚོང་གི་ཞབས་ཕྱི་པུའུ་ག་གེ་མོ་རུ་སྨན་རྫས་ཉོས་རྗེས་ཕྱིར་ལོག་ནས་ནོར་རྣམས་ལ་སྨན་ཁབ་བརྒྱབ། བསམ་ཡུལ་ལས་འདས་པ་ཞིག་ལ་ནོར་དགུ་སྔ་རྗེས་སུ་ཤི་བ་རེད། མཱ་ཆེ་གེ་མོས་ཕྱུགས་སྨན་དེར་གནད་དོན་ཡོད་པ་ཁོ་ཐག་རེད་འདོད་དེ་དཔང་རྟགས་བསྡུ་རུབ་བྱས་ནས་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུ་རུ་སོང་།
མིན་ཧོ་རྫོང་སྤྱི་བདེ་ཅུས་ལ་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་ཚན་རྩལ་ཅུས་ཀྱིས་སྤོ་སྒྱུར་བྱས་པའི་གནས་ཚུལ་འབྱོར་རྗེས། མིན་ཧོ་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་ཚོ་ཆུང་གཉིས་སུ་བགོས་ནས་བརྟག་དཔྱད་བྱས་པ་སྟེ། ཚོ་ཆུང་གཅིག་གིས་སྨན་རྫས་ཁེ་ལས་ག་གེ་མོའི་སྨན་རྫས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། ཚོ་ཆུང་ཅིག་ཤོས་ཀྱིས་ཚོང་རའི་ལྟ་སྐུལ་དོ་དམ་དང་ཞིང་ལས་གྲོང་གསེབ་སོགས་སྡེ་ཁག་འགའ་དང་མཉམ་འགུལ་གྱིས་ཁུངས་སྣེར་ཞིབ་བཤེར་བྱས།
བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་པས་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཕྱུགས་སྨན་ནི་དུས་བརྒལ་སྨན་རྫས་ཡིན་པ་གཏན་འཁེལ་བྱས། ཆེད་ལས་ལས་ཁུངས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། ནོར་གྱི་ཤི་རྐྱེན་ནི་འགོས་ནད་རིགས་ཀྱིས་བསྐྱེད་པ་ལས་བྱུང་བ་ཡིན་ལ་སྨན་རྫས་དང་ཐད་ཀའི་འབྲེལ་བ་མེད་པ་རེད།ཕྱུགས་སྨན་ཚོང་གཉེར་མཁན་པའེ་ཆེ་གེ་མོས་དུས་བརྒལ་སྨན་རྫས་བཙོངས་པ་དང་། སྨན་བཅོས་ཀྱི་དུས་ཚོད་ཡག་ཤོས་འགོར་འགྱངས་བྱས་པའི་རྐྱེན་གྱིས་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་སྒོར་ཁྲི2.3གྱི་དངུལ་ཆད་བཅད་པ་དང་འབྲེལ་ཕྱུགས་བདག་མཱ་ཆེ་གེ་མོར་དཔལ་འབྱོར་གྱོང་གུད་སྐྱིན་ཚབ་སྒོར་ཁྲི7ལྷག་འཇལ་དགོས་པའི་ཐག་བཅད།
དབྱེ་ཞིབ།
གྱོད་དོན་འདིའི་ནང་བརྗོད་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཕྱུགས་སྨན་ནི་དོན་དངོས་སུ་དུས་བརྒལ་སྨན་རྫས་ཡིན་པས། དུས་ལས་ཡོལ་བའི་སྨན་གྱི་གྲུབ་ཆའི་ངོ་བོར་ངན་འགྱུར་འབྱུང་སྲིད་པས། སྨན་བཅོས་ནུས་པ་མེད་པར་མ་ཟད། ད་དུང་སྨན་བཅོས་ཀྱི་དུས་ཚོད་ཡག་ཤོས་འགོར་འགྱངས་བྱེད་སྲིད་ལ། ཐ་ན་ནད་རིགས་གཞན་དག་སློང་བའམ་ཡང་ན་ནད་གཞི་ཇེ་སྡུག་ཏུ་འགྲོ་ཡང་སྲིད།སྒོ་ཕྱུགས་གསོ་མཁན་གྱི་ངོས་ནས་བརྗོད་ན། གཟབ་ནན་གྱིས་ཕྱུགས་སྨན་དུས་ལས་ཡོལ་ཡོད་མེད་ལ་བལྟ་དགོས་ཤིང་། ཚོང་གཉེར་མཁན་གྱི་ཆེད་ལས་ཤེས་བྱ་དང་བཅའ་ཁྲིམས་འདུ་ཤེས། སྒྲིག་སྲོལ་དང་མཐུན་པའི་འདུ་ཤེས་དང་འགན་འཁྲི་འདུ་ཤེས་བཅས་ཇེ་མཐོར་བཏང་ནས་སྨན་རྫས་བདེ་འཇགས་ཞིབ་བཤེར་དང་གྲོང་གསེབ་ཀྱི་གསོ་སྤེལ་ལས་རིགས་ཡག་པོར་བསྒྲུབ་དགོས།
དྲན་སྐུལ།
སྒོ་ཕྱུགས་ལ་ནད་ཕོག་ཚེ་དུས་ཐོག་ཏུ་ཕྱུགས་རིགས་སྨན་པར་འབྲེལ་གཏུག་བྱས་ནས་བརྟག་དཔྱད་བྱེད་པ་ལས་རང་གིས་རྨོངས་ཚོད་ཀྱིས་སྨན་སྤྱོད་མི་རུང་། རང་གིས་སྒོ་ཕྱུགས་ལ་སྨན་བླུད་པའམ་ཡང་ན་སྨན་ཁབ་རྒྱག་དགོས་ན། སྨན་རྫས་ཀྱི་མིང་དང་བེད་སྤྱོད་དུས་ཚོད། སྨན་ཚད་སོགས་ཀྱི་ཆ་འཕྲིན་ཟིན་ཐོར་བཀོད་ནས་བླུད་དགོས།
སྒོ་ཕྱུགས་གསོ་མཁན་གྱིས་གནད་དོན་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་སྙན་སེང་ཞུ་དགོས་ཤིང་། ཕྱུགས་སྨན་ལ་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཚེ། འཕྲལ་དུ་སྨན་རྫས་ལྷག་མ་སོགས་ཉར་ཚགས་དང་། ཡུལ་དངོས་སུ་པར་དང་བརྙན་བླངས་ཏེ་ཕྱུགས་རིགས་ཀྱི་ནད་རྟགས་དང་འཆི་བའི་དུས་ཚོད་ཟིན་ཐོར་འགོད་པ།དཔེར་ན་སྨན་རྫས་ཀྱི་སྤུས་ཚད་དང་ཕྱུགས་རིགས་ཤི་རྐྱེན་ལ་རྩོད་གཞི་ཡོད་ན། འབྲེལ་ཡོད་སྡེ་ཁག་གིས་ཆེད་ལས་ལས་ཁུངས་ལ་ཞིབ་བཤེར་གསལ་འབྱེད་བྱ་རྒྱུའི་མངགས་བཅོལ་བྱས་ཆོག