ཀྲུང་གོ་བོད་ཀྱི་དྲ་བ།

ཆང་གིས་བཟི་སྟེ་རླངས་འཁོར་བསྐོར་ན་ནག་ཉེས་སུ་གྲུབ་བམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་དང་མཚོ་སྐྱིད་གཉིས་ནི་མཐོ་འབྲིང་གི་སློབ་གྲོགས་ཡིན་ཞིང་།ཕྱིས་སུ་ངེད་གཉིས་ཀྱིས་སློབ་ཆེན་ཡང་སློབ་གྲྭ་གཅིག་ཏུ་མིང་ཐོ་བཀོད་པར་མ་ཟད།སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་ངེད་གཉིས་ཀྱིས་དགའ་རོགས་ཀྱི་འབྲེལ་བ་གཏན་འཁེལ་བྱས།སློབ་ཆེན་མཐར་ཕྱིན་རྗེས།ངས་མཚོ་སྐྱིད་ཁྲིད་དེ་ཕ་མ་གཉིས་ཀར་ངོ་འཕྲད་དུ་སོང་བ་ན།ཕ་མ་གཉིས་ཀས་ངས་ད་རག་བར་དུ་གསང་སྟབས་ཀྱིས་དགའ་རོགས་བཙལ་ཡོད་པ་ནི་མཚོ་སྐྱིད་ཡིན་པ་ད་གཟོད་ཤེས།ངའི་ཨ་མས་མཚོ་སྐྱིད་དང་ཁ་བརྡ་བྱེད་པའི་ཁྲོད།མོའི་ཁྱིམ་ཚང་གི་ཆ་རྐྱེན་སྤྱིར་བཏང་ཡིན་པ་དང་ཐ་ན་གཏན་འཇགས་ཀྱི་བྱ་བ་ཞིག་ཀྱང་མེད་པ་ཤེས་རྗེས།མཚོ་སྐྱིད་སོང་ཤུལ་དུ་ཁ་མལ་ནས་ང་ལ་མོ་དང་འབྲེལ་བ་གཅད་དགོས་པར་མ་ཟད་།ད་དུང་ཁྱོད་དང་འཚམས་པའི་བུ་མོ་མཛངས་མ་ཞིག་བཙལ་ཡོད་པས་མྱུར་དུ་ངོ་འཕྲད་དགོས་ཟེར།དེ་བས་ངའི་སེམས་པའི་མེ་ལོང་ངོས་སུ་སྡུག་གི་མུན་པས་ཁེངས་ཏེ་ཨ་མར་ཐེངས་མང་པོ་ཞིག་ལ་མཚོ་སྐྱིད་དང་འབྲེལ་བ་གཅོད་མི་འདོད་པའི་ཁ་བརྡ་ཇི་ལྟར་བྱས་ཀྱང་ཕན་མ་ཐོགས་སྟབས།མཇུག་མཐར་ངས་སེམས་ཐག་བཅད་དེ་མཚོ་སྐྱིད་ལ་དུས་ཆད་བྱས་ནས་ངོ་འཕྲད་དེ།ཨ་མས་ང་ལ་བཀའ་བཙན་པོ་ཐོག་འདྲ་ཞིག་བབས་པས་ངེད་གཉིས་ངེས་པར་ཁ་ཁར་འགྲོ་དགོས་ཚུལ་བཤད་པ་ན།མཚོ་སྐྱིད་ཀྱིས་ཅིའི་ཕྱིར་ཟེར་ནས་མིག་ཆུའི་ཕྲེང་ཐག་མཁུར་ཚོས་བརྒྱུད་ནས་ཐང་ལ་ལྷུང་བར་ངའི་སེམས་ཀྱིས་མ་བཟོད་པར།ཝུ་ཆང་དམ་བུ་འགའ་ཉོས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་འཐུང་སྟེ་ར་བཟི་བར་གྱུར།ཕྱིས་སུ་མཚོ་སྐྱིད་ཡུལ་དུ་ལོག་རྗེས།ངས་རང་ཉིད་མགོ་ཡུ་འཁོར་བར་ཁ་ཡ་གཏན་ནས་མ་བྱས་པར་རླངས་འཁོར་བསྐོར་ཏེ་ཡུལ་དུ་ལོག་པའི་ལམ་བར་དུ།འགྲིམ་འགྲུལ་ཉེན་རྟོག་པས་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བར་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་འཕྲད་དེ།ངའི་ཁྲག་ཧོ་ཧྲེང་བརྒྱ་རེའི་ནང་དུ་ཆང་བཅུད་འདུས་ཚད་ཧའོ་ཁེ100ལྷག་ཡོད་པ་ཤེས་རྟོགས་བྱུང་།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངས་ཆང་གིས་བཟི་རྗེས་རླངས་འཁོར་བསྐོར་ན་ནག་ཉེས་སུ་གྲུབ་བམ།

ཞེས་བསམ་འགྲུབ་ཀྱིས།

བློ་མཐུན་བསམ་འགྲུབ་ལགས།

ཁྱོད་ཀྱི་བྱ་སྤྱོད་ནི་རང་རྒྱལ《ཉེས་ཁྲིམས》ཁྲོད་ཀྱི་གཏན་འཁེལ་ལྟར་ཉེན་ཁའི་ངང་རླངས་འཁོར་བསྐོར་བའི་ནག་ཉེས་གནས་ཚུལ་དང་མཐུན།རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན133པ་རུ་གཏན་འཁེལ་བྱས་དོན། “གཞུང་ལམ་སྟེང་རླངས་འཁོར་སྐོར་སྐབས་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་དང་དངུལ་ཆད་གཉིས་མཉམ་དུ་གཅད་དགོས་ཏེ།

(གཅིག) རྗེས་འདེད་འགྲན་རྩོད་བྱས་ནས་ཉེས་ཚབས་ཆེ་བའི་རིགས།

(གཉིས) ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་རིགས།

(གསུམ) སློབ་གྲྭའི་རླངས་འཁོར་གྱི་ལས་སྒོ་གཉེར་བའམ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་གཏན་འཁེལ་ལས་ཚབས་ཆེན་བརྒལ་བ་དང་།གཏན་འཁེལ་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་ལས་ཚབས་ཆེན་བརྒལ་བའི་རིགས།

(བཞི) ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དོ་དམ་གཏན་འཁེལ་དང་འགལ་ནས་ཉེན་ཆེའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་བྱས་ཏེ་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་རིགས།

རླངས་འཁོར་གྱི་བདག་པོ་དང་དོ་དམ་པ་གོང་གསལ་ནང་གསེས་དོན་ཚན3པ་དང4པའི་བྱ་སྤྱོད་ལ་ཐད་ཀར་འགན་འཁྲི་ཡོད་ཚེ། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འཁེལ་ལྟར་ཉེས་ཆད་གཅད་རྒྱུ།

གོང་གསལ་ནང་གསེས་དོན་ཚན་གཉིས་ཀྱི་བྱ་སྤྱོད་དང་མཉམ་དུ་གཞན་པའི་ནག་ཉེས་སུ་གྲུབ་ཚེ།ཉེས་ཆད་ཅུང་ལྕི་བའི་གཏན་འཁེལ་ལྟར་ནག་ཉེས་གཏན་འཁེལ་བྱས་ནས་ཉེས་ཆད་གཅད་རྒྱུ” ཞེས་བཀོད་ཡོད།གཞན་ཡང་།རང་རྒྱལ་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་།སྤྱི་བདེ་པུའུ་ཡི《ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་ཉེས་དོན་གྱོད་དོན་བསྒྲུབ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་བསམ་འཆར》ལ་སྤྱོད་པའི་དོན་ཚན1པོའི་གཏན་འཁེལ་ལྟར་ན། “བགྲོད་ལམ་སྟེང་དུ་རླངས་འཁོར་བསྐོར་ནས་ཁྲག་ནང་དུ་ཆང་བཅུད་འདུས་ཚད་ཧའོ་ཁེ80ནས་ཧའོ་ཧྲེང100ཡན་ཟིན་ན། ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་རིགས་སུ་གཏོགས་ཤིང་།དེར་ཉེས་ཁྲིམས་ཀྱི་དོན་ཚན133པའི་ནང་གསེས་དོན་ཚན1པོའི་གཏན་འཁེལ་ལྟར་ཉེན་ཁ་ཆེ་བའི་རླངས་འཁོར་བསྐོར་བའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅད་རྒྱུ” ཞེས་བཀོད་ཡོད།

གོང་གི་གྱོད་དཔེ་འདིའི་ཁྲོད་དུ། ཁྱོད་ཀྱིས་ཆང་གིས་བཟི་རྗེས་རླངས་འཁོར་བསྐོར་བས། འགྲིམ་འགྲུལ་ཉེན་རྟོག་པས་ཁྲག་ཧོ་ཧྲེང་བརྒྱ་རེའི་ནང་ཆང་བཅུད་འདུས་ཚད་ཧོ་ཁེ100ལྷག་ཡོད་པ་ཤེས་རྟོགས་བྱུང་བས། གོང་གསལ་དོན་ཚན་གྱི་གཏན་འཁེལ་ལྟར་ན། ཁྱོད་ལ་ཉེས་ཁྲིམས་ནང་གཏན་འཁེལ་བྱས་པའི་ཉེན་ཁ་ཆེ་བའི་རླངས་འཁོར་བསྐོར་བའི་ནག་ཉེས་སུ་གྲུབ་ཡོད་པ་ཤེས་ཐུབ། དངོས་ཡོད་སྤྱི་ཚོགས་ཁྲོད་དུ་མི་རྣམས་འདུ་འཛོམས་བྱ་རྒྱུ་ཅུང་མང་བས། ཆང་འཐུང་བའི་སྣང་ཚུལ་ཡང་ཅུང་ཡོངས་ཁྱབ་ཡིན་ཞིང་། གལ་ཏེ་ཆང་འཐུང་རྗེས་རླངས་འཁོར་བསྐོར་བར་ཚོད་འཛིན་མ་བྱས་ན། ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་། མི་རྣམས་ཀྱི་ཚེ་སྲོག་བདེ་འཇགས་ལ་འཇིགས་སྐུལ་ཆེན་པོ་བཟོ་སྲིད། མི་མང་ཆེ་བའི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད། རང་རྒྱལ་གྱི《ཉེས་ཁྲིམས》ཁྲོད་ཉེན་ཁ་ཆེ་བའི་རླངས་འཁོར་བསྐོར་བའི་ནག་ཉེས་ཁ་སྣོན་བྱས་ཏེ། ཆང་གིས་བཟི་ནས་རླངས་འཁོར་བསྐོར་བར་གཏན་འཁེལ་བྱས་པའི་ཉེས་པར་གཞིགས་ནས་ཉེས་ཆད་གཅོད་པ་སྟེ།སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་རིགས་ཀྱི་སྒྲིག་སྲོལ་གཏན་འཁེལ་བྱས་ཡོད།

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།