ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ནི་གཉེན་འཐོར་ནོར་འཁྲུལ་གྱི་སྐྱིན་ཚབ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : མཁའ་འབུམ་རྒྱལ།   སྤེལ་དུས། : 2025-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག བཅའ་ཁྲིམས་ཀྱི་ཐ་སྙད་འགྲེལ་བཤད།

གཉེན་འཐོར་ནོར་འཁྲུལ་གྱི་སྐྱིན་ཚབ་ཞེས་པ་ནི་བཟའ་ཟླ་ཕྱོགས་གཅིག་ལ་གཉེན་ཉིས་བརྩེགས་དང་མི་གཞན་དང་མཉམ་སྡོད་བྱེད་པ། ཁྱིམ་ཚང་ནང་དྲག་སྤྱོད་སོགས་ཁྲིམས་བཀོད་ནོར་འཁྲུལ་གྱི་བྱ་སྤྱོད་བྱུང་སྟེ་བཟའ་ཚང་ཐོར་དགོས་བའི་གནས་སུ་ཐོན་སྐབས། ནོར་འཁྲུལ་མེད་པའི་ཕྱོགས་དེས་ནོར་འཁྲུལ་ཡོད་པའི་ཕྱོགས་ལ་དཔལ་འབྱོར་དང་བསམ་པའི་གནོད་སྐྱོན་གྱི་སྐྱིན་ཚབ་འཇལ་དགོས་པའི་རེ་ཞུ་བྱེད་པའི་དབང་ཆ་ལ་ཟེར། 

གཉིས། བཅའ་ཁྲིམས་དབྱེ་ཞིབ།

(གཅིག) སྐྱིན་ཚབ་འཇལ་བའི་སྔོན་འགྲོའི་ཆ་རྐྱེན།

1. ཁྲིམས་བཀོད་ནོར་འཁྲུལ་གྱི་བྱ་སྤྱོད་ཡོད་པ། བཟའ་འཐོར་ནོར་འཁྲུལ་ལ་སྐྱིན་ཚབ་འཇལ་བའི་ཆ་རྐྱེན་གཙོ་བོ་ནི་ཁྲིམས་བཀོད་ནོར་འཁྲུལ་གྱི་བྱ་སྤྱོད་ཡོད་པ་དེ་ཡིན། བྱ་སྤྱོད་དེ་དག་གི་ཁོངས་སུ་གཉེན་ཉིས་བརྩེགས་དང་མི་གཞན་དང་མཉམ་སྡོད་བྱེད་པ། ཁྱིམ་ཚང་ནང་དྲག་སྤྱོད་བྱེད་པ། ཁྱིམ་ཚང་གི་ཁོངས་མིར་མནར་གཅོད་གཏོང་བའམ་ཡང་ན་དོར་བ་སོགས་འདུས་ཡོད།  བྱ་སྤྱོད་དེ་དག་ནི་གཉེན་སྒྲིག་གི་ལྷག་བསམ་གྱི་འོས་འགན་དང་ཁྱིམ་ཚང་གི་འགན་འཁྲི་ལས་ཚབས་ཆེན་འགལ་བ་ཡིན། 

2. ནོར་འཁྲུལ་གྱི་བྱ་སྤྱོད་དེས་བཟའ་ཚང་ཁ་ཐོར་དུ་བཏང་བ། ནོར་འཁྲུལ་གྱི་བྱ་སྤྱོད་ཁོ་ན་ཙམ་ཡོད་པ་ལས་སྐྱིན་ཚབ་སྤྲོད་པའི་ཆ་རྐྱེན་གྲུབ་མི་ཐུབ་པར། ད་དུང་བྱ་སྤྱོད་དེ་དག་གིས་ཐད་ཀར་བཟའ་ཚང་གི་འབྲེལ་བ་ཁ་ཐོར་འགྲོ་བ་སྟེ། ནོར་འཁྲུལ་གྱི་བྱ་སྤྱོད་དང་བཟའ་ཚང་ཐོར་སོང་བའི་བར་དུ་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ་ར་སྤྲོད་བྱ་དགོས།

(གཉིས) སྐྱིན་ཚབ་སྤྲོད་པའི་ཁྱབ་ཁོངས།

1. དཔལ་འབྱོར་གྱི་གྱོང་གུན་བཟོས་པ། གཉེན་འཐོར་གྱི་དབང་གིས་རྒྱུ་ནོར་ལ་བཟོས་པའི་གྱོང་གུན་དེ།  སྨན་བཅོས་འགྲོ་གྲོན་དང་ལས་ཤོར་གྲོན་དངུལ་སོགས་ཀྱི་འགྲོ་སོང་དངོས། 

2. སེམས་ཁམས་ལ་གནོད་ཆེན་བཟོས་པ། དེའི་དམིགས་ཡུལ་ནི་ནོར་འཁྲུལ་མེད་པའི་ཕྱོགས་ཀྱི་བཟའ་ཟླ་དེར་ནོར་འཁྲུལ་བྱ་སྤྱོད་ལས་བྱུང་བའི་སེམས་ཁམས་ཀྱི་སྡུག་བསྔལ་ཏེ། དཔེར་ན་ཡིད་མུག་པ་དང་སེམས་ཁྲལ་སོགས་སེམས་ཁམས་ལ་རྨས་སྐྱོན་ཕོག་པར་ཁ་གསབ་བྱ་དགོས་པ།

གསུམ། བཅའ་ཁྲིམས་ཀྱི་གཞི་འཛིན་ས།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1091པའི་གཏན་འཁེལ་ལྟར་ན།  གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ནས་བཟའ་ཚང་ཐོར་བ་ཡིན་ན། ནོར་འཁྲུལ་མེད་པའི་ཕྱོགས་དེས་གྱོང་གུན་ལ་སྐྱིན་ཚབ་སྤྲོད་དགོས་པའི་རེ་འདུན་ཞུ་བའི་དབང་ཆ་ཡོད།

(གཅིག) གཉེན་ཉིས་བརྩེགས་བསྒྲིགས་པ།

(གཉིས) མི་གཞན་དང་མཉམ་སྡོད་བྱེད་པ། 

(གསུམ) ཁྱིམ་ཚང་ནང་དྲག་སྤྱོད་སྤེལ་བ།

(བཞི) ཁྱིམ་ཚང་གི་བཟའ་མིར་མནར་གཅོད་གཏོང་བ་དང་དོར་བ། 

(ལྔ) ནོར་འཁྲུལ་ཚབས་ཆེན་གཞན་དག་ཡོད་པ།

 
རྩོམ་སྒྲིག་པ། : མཁའ་འབུམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མཁའ་འབུམ་རྒྱལ།