ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་དང་བསམ་འཕེལ་ནོར་བུས་བསྒྱུར།   སྤེལ་དུས། : 2024-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས།

(2023ལོའི་ཟླ10པའི་ཚེས24ཉིན་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་།)

དཀར་ཆག

ལེའུ་དང་པོ། སྤྱིའི་རྩ་དོན།

ལེའུ་གཉིས་པ། འགན་འཁྲི་ལས་འགན།

ལེའུ་གསུམ་པ། ལག་བསྟར་བྱེད་ཐབས།

ལེའུ་བཞི་པ། རྒྱབ་སྐྱོར་འགན་སྲུང་།

ལེའུ་ལྔ་པ། ཞར་བྱུང་དོན་ཚན།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་རྒྱུད་འཛིན་དང་དར་སྤེལ་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་སྟོབས་ཤུགས་ཆེན་མོ་གཅིག་ཏུ་སྡུད་པ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་ལ་གཞིགས་ཏེ་ཁྲིམས་ལུགས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་གོ་ནི་འཛམ་གླིང་སྟེང་ལོ་རྒྱུས་ཆེས་ཡུན་རིང་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོའི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་པ་དང་། ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གསར་འཛུགས་བྱས་ཡོད། རྒྱལ་ཁབ་ཀྱིས་མི་དམངས་ཡོངས་ཀྱི་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ཏེ། ཀྲུང་ཧྭ་མི་རིགས་དང་རླབས་ཆེ་བའི་མེས་རྒྱལ་ལ་བཅངས་པའི་བརྩེ་བ་གསོ་སྐྱོང་དང་ཡར་སྐུལ་བྱེད་དགོས་ལ། མི་རིགས་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཇེ་ཆེར་བཏང་སྟེ། རྒྱལ་གཅེས་ཀྱི་སྟོབས་ཤུགས་ཡོད་ཚད་ཇེ་དྲག་དང་དེ་དག་ལ་མཐུན་སྒྲིལ་བྱས་ནས། རྒྱལ་གཅེས་རིང་ལུགས་དེ་དམངས་ཡོངས་ཀྱི་འགྱུར་མེད་ཀྱི་དད་སེམས་དང་བསམ་པའི་སྟོབས་ཤུགས། རང་འགུལ་གྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།

དོན་ཚན་གསུམ་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ལ་དགའ་བ་དང་ཏང་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་གཅིག་གྱུར་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ་ཤུགས་རྒྱག་ས་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པ་དེ་བརྗོད་དོན་ཁ་གསལ་དུ་འཛིན་དགོས།

དོན་ཚན་བཞི་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་སྣེ་ཁྲིད་དང་མཉམ་འཛིན་དོ་དམ། ཕྱོགས་ཡོངས་ཞུགས་པ། ཐུན་མོང་སྐུལ་འདེད་བཅས་ཀྱི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་དགོས།

དོན་ཚན་ལྔ་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་ངེས་པར་དུ་བསམ་བློའི་སྣེ་ཁྲིད་དང་རིག་གནས་ཀྱི་གསོ་སྐྱོང་། སློབ་གསོའི་སྣེ་ཁྲིད། ལག་ལེན་གོམས་གཤིས་བཅས་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་གསལ་བ་དང་ཉིན་རྒྱུན་དང་འདྲེས་པར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཕན་འབྲས་དངོས་ཐོན་པར་གཙིགས་མཐོང་བྱེད་དགོས།

དོན་ཚན་དྲུག་པ། རྒྱལ་གཅེས་རིང་ལུགས་སློབ་གསོའི་ནང་དོན་གཙོ་བོ་ལ།

(གཅིག) མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས།

(གཉིས)ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས།

(གསུམ)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་། གསོན་ཉམས་ལྡན་པའི་ལག་ལེན་བཅས།

(བཞི) ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས།

(ལྔ) རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས་སོགས་རྒྱལ་ཁབ་ཀྱི་མཚོན་བྱེད་དང་མཚོན་རྟགས།

(དྲུག) མེས་རྒྱལ་གྱི་རྔམ་བརྗིད་ལྡན་པའི་རི་ཀླུང་དང་ལོ་རྒྱུས་རིག་གནས་ཤུལ་བཞག

(བདུན) བཅའ་ཁྲིམས་དང་ཁྲིམས་ལུགས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་སོགས་ཐད་ཀྱི་འདུ་ཤེས་དང་ལྟ་བ།

(བརྒྱད) སྔོན་གཤེགས་དཔའ་བོ་དང་སྔོན་ཐོན་དཔེ་མཚོན་མི་སྣའི་བྱས་རྗེས་དང་དེས་མཚོན་པའི་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས།

(དགུ) རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་ཕྱུག་པའི་ནང་དོན་གཞན་པ།

དོན་ཚན་བདུན་པ། རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་སྤེལ་ཏེ། རིགས་སོ་སོའི་མི་རིགས་ཀྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རླབས་ཆེའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།

དོན་ཚན་བརྒྱད་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་ངེས་པར་དུ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་ཡིད་རྟོན་སྲ་བརྟན་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས།

དོན་ཚན་དགུ་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་གཉིས་ཟུང་འབྲེལ་བྱས་ནས། རྗེས་དཔག་དང་ཁོངས་ཡངས། སྒོ་འབྱེད་བཅས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་སོ་སོའི་ལོ་རྒྱུས་ཁྱད་ཆོས་དང་རིག་གནས་སྲོལ་རྒྱུན་ལ་བརྩི་བཀུར་བྱས་ནས་མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྲུབ་འབྲས་ཡོད་ཚད་བསྡུ་ལེན་དང་དཔྱད་གཞིར་འཛིན་དགོས།

དོན་ཚན་བཅུ་པ། ལོ་རེའི་ཟླ10པའི་ཚེས1ཉིན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་ཉིན་མོ་ཡིན་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཕྱོགས་སོ་སོས་རྣམ་པ་སྣ་ཚོགས་ཀྱི་དགའ་སྟོན་བྱ་འགུལ་སྤེལ་ནས། གཅིག་སྡུད་ཐོག་རྒྱལ་གཅེས་རིང་ལུགས་སློབ་གསོ་སྤེལ་དགོས།

ལེའུ་གཉིས་པ། འགན་འཁྲི་ལས་འགན།

དོན་ཚན་བཅུ་གཅིག་པ། ཀྲུང་དབྱང་རྒྱལ་གཅེས་རིང་ལུགས་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་ལ་མཛུབ་སྟོན་དང་ལྟ་སྐུལ། སྤྱི་འདོམས་མཐུན་སྦྱོར་བཅས་བྱེད་པའི་འགན་འཁུར་དགོས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་རྩ་འཛུགས་བྱས་ནས་སྤེལ་དགོས།

དོན་ཚན་བཅུ་གཉིས་པ། ས་གནས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་གཙོ་གཉེར་སྡེ་ཁག་གིས་རང་ས་ཁུལ་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་ལ་མཛུབ་སྟོན་དང་ལྟ་སྐུལ། སྤྱི་འདོམས་མཐུན་སྦྱོར་བཅས་བྱེད་པའི་འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ངེས་པར་དུ་སློབ་གྲྭའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྩ་འཛུགས་དང་མཐུན་སྦྱོར། མཛུབ་སྟོན། ལྟ་སྐུལ་བཅས་ལ་ཤུགས་སྣོན་དགོས། རྫོང་རིམ་པ་ཡན་གྱི་ས་གནས་རིག་གནས་དང་ཡུལ་སྐོར། གསར་འགྱུར་པར་སྐྲུན། རྒྱང་སྒྲོག་བརྙན་འཕྲིན། གློག་བརྙན། དྲ་འཕྲིན། རིག་དངོས་སོགས་སྡེ་ཁག་དང་གཞན་པའི་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་སྤེལ་དགོས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བཅའ་ཁྲིམས་འདི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་འཁེལ་ལ་གཞིགས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་སྤེལ་དགོས་པ་མ་ཟད། རང་སྟེང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སྤྱི་ཚོགས་ལ་ཁ་ཕྱོགས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་དགོས།

དོན་ཚན་བཅུ་གསུམ་པ། བཟོ་ཚོགས་དང་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་ལས་རིགས་ཀྱི་མཉམ་འབྲེལ་ལྷན་ཚོགས། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། རྩོམ་པ་པོའི་མཐུན་ཚོགས། ཚན་རིག་ལག་རྩལ་མཐུན་ཚོགས། རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཐའེ་ཝན་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་གཞན་པའི་མང་ཚོགས་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས། འབྲེལ་གཏུག་ཁྱབ་ཁོངས་དང་མང་ཚོགས་ལ་ཁ་ཕྱོགས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་དགོས།

དོན་ཚན་བཅུ་བཞི་པ། རྒྱལ་ཁབ་ཀྱིས་རྣམ་པ་སྣ་མང་སྤྱད་དེ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་སློབ་གསོ་བཅས་སྤེལ་ནས་སྤྱི་དམངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་འདུ་ཤེས་བཅས་ཇེ་ཆེར་གཏོང་དགོས་པ་དང་། སྤྱི་དམངས་ལ་རང་འགུལ་ངང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་ཀྱི་འོས་འགན་སྲུང་སྐྱོབ་བྱེད་དགོས།

དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་ཀྱིས་རྒྱལ་གཅེས་རིང་ལུགས་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་དགོས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་སློབ་གསོ་དེ་སློབ་གྲྭའི་སློབ་གསོའི་གོ་རིམ་ཧྲིལ་བོའི་ནང་ཁྱབ་པར་བྱས་ནས། བསམ་བློའི་ཆབ་སྲིད་ཀྱི་གཞུང་ལུགས་སློབ་ཚན་ལེགས་པོར་སྒྲུབ་པ་དང་སློབ་ཁྲིད་གང་ལེགས་བྱེད་དགོས་པ་མ་ཟད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་དེ་རིགས་སོ་སོའི་བསླབ་ཚན་དང་བསླབ་གཞིའི་ཁྲོད་འདྲེས་པར་བྱེད་དགོས།

རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་དང་སློབ་གསོའི་ལས་ཁུངས་གཞན་པས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་འབྲེལ་བའི་བསླབ་ཚན་མཉམ་སྤྱོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་། སློབ་རིམ་མི་འདྲ་བའི་སློབ་མའི་ཁྱད་ཆོས་ལ་གཞིགས་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་གཙོ་བོ་གཏན་འཁེལ་བྱེད་པ་དང་། འོས་ཤིང་འཚམ་ལ་ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱེད་ཐབས་སྤྱད་དེ། རྒྱལ་གཅེས་རིང་ལུགས་སློབ་གསོའི་ཁ་གཏད་རང་བཞིན་དང་མ་ལག་རང་བཞིན། མཉམ་འདྲེས་ནུས་ཤུགས། ཡིད་དབང་འགུག་ནུས་བཅས་ཇེ་ཆེར་གཏོང་དགོས།

དོན་ཚན་བཅུ་དྲུག་པ། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་ངེས་པར་དུ་སློབ་ཁང་སློབ་ཁྲིད་དང་སློབ་ཕྱིའི་ལག་ལེན། ཉམས་མྱོང་བཅས་ཟུང་འབྲེལ་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་དེ་སློབ་རའི་རིག་གནས་འཛུགས་སྐྲུན་དང་སློབ་གྲྭའི་བརྗོད་དོན་བྱ་འགུལ་སྣ་ཚོགས་དང་འདྲེས་པར་བྱེད་པ་དང་། སློབ་མ་རྩ་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་གནས་གཞི་དང་སྒྲིག་བཀོད་ལ་ལྟ་སྐོར་བྱེད་དུ་འཇུག་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་འབྲེལ་བའི་སློབ་ཕྱིའི་ལག་ལེན་བྱ་འགུལ་ལ་ཞུགས་སུ་འཇུག་དགོས།

དོན་ཚན་བཅུ་བདུན་པ། ནར་མ་སོན་པའི་མིའི་ཕ་མ་དང་གཞན་པའི་ལྟ་སྐྱོང་མི་སྣས་ངེས་པར་དུ་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དེ་ཁྱིམ་ཚང་སློབ་གསོར་འདྲེས་སུ་འཇུག་དགོས་ལ། སློབ་གྲྭས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཁྲིད་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་དང་རམ་འདེགས་བྱས་ཏེ། ནར་མ་སོན་པའི་མི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་སྤྱི་ཚོགས་བྱ་འགུལ་ནང་ཞུགས་པར་སྣེ་ཁྲིད་དང་སྐུལ་ལྕག་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་དུ་གཞུང་ཞབས་མི་སྣར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་ཤུགས་སྣོན་པ་དང་། གཞུང་ཞབས་མི་སྣས་རྒྱལ་ཁབ་ལ་གཞུང་དྲང་དང་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

དོན་ཚན་བཅུ་དགུ་པ། ཁེ་ལས་ལས་དོན་ལས་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་རང་ལས་ཁུངས་ཀྱི་སློབ་གསོའི་འཆར་གཞི་ཁྲོད་བཅུག་ནས། ཤུགས་ཆེན་པོས་ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་དང་། བདག་གཉེར་དོ་དམ་དང་ལས་སྒོ་གསོ་སྦྱོང་། རིག་གནས་ལུས་རྩལ་སོགས་ཀྱི་བྱ་འགུལ་དང་འབྲེལ་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་དགོས།

སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ལས་དོན་ལས་ཁུངས་ཀྱིས་ངེས་པར་དུ་ཤུགས་ཆེན་པོས་ཚན་རིག་པའི་སྙིང་སྟོབས་དང་ཆེད་ལས་སྙིང་སྟོབས་དར་སྤེལ་བཏང་སྟེ། ཤེས་ལྡན་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ། ལུས་རྩལ་པ་སོགས་ཀྱིས་སེམས་སུ་མེས་རྒྱལ་བཅངས་པ་དང་མི་དམངས་ལ་ཞབས་ཞུ་བྱེད་པ། རྒྱལ་ཁབ་ཀྱི་ཆེད་དུ་བརྩོན་ལེན་བྱེད་པའི་རྒྱལ་གཅེས་བརྩེ་བ་དང་རྒྱལ་གཅེས་བྱ་སྤྱོད་དྲིལ་སྒྲོག་དང་གསོ་སྐྱོང་བྱེད་དགོས།

དོན་ཚན་ཉི་ཤུ་པ། གཞི་རིམ་མི་དམངས་སྲིད་གཞུང་དང་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱིས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་དང་འདྲེས་པར་བྱས་ཏེ། གྲོང་མིའི་སྤྱི་ཆིངས་དང་སྡེ་སྲོལ་དམངས་ཆིངས་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མཚོན་པར་བྱེད་དགོས་ཤིང་། རྒྱལ་གཅེས་རིང་ལུགས་བརྗོད་དོན་གཙོ་བོ་ཡིན་པའི་མང་ཚོགས་རང་བཞིན་གྱི་རིག་གནས་དང་ལུས་རྩལ་སོགས་ཀྱི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་དགོས།

དོན་ཚན་ཉེར་གཅིག་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་ཚོགས་པས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་ཚོགས་པའི་སྒྲིག་སྲོལ་དང་ལས་རིགས་ཚད་ལྡན་ཁྲོད་མཚོན་པར་བྱས་ཏེ། རང་ཚོགས་པ་དང་རང་ལས་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་དགོས་པ་དང་། ཁོངས་མིའི་རྒྱལ་གཅེས་ཀྱི་སྤྲོ་སེམས་དང་སྤྱི་ཚོགས་ཁག་ཁུར་གསོ་སྐྱོང་བྱས་ཏེ། ཁོངས་མིའི་ཁྲོད་ཀྱི་སྤྱི་པའི་མི་སྣ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བའི་མི་སྣའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས།

དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ཀྱིས་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་དགོན་སྡེ། ཆོས་ལུགས་བྱ་འགུལ་སྤེལ་ཡུལ་བཅས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་ལ། ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས། རྒྱལ་གཅེས་བརྩེ་བ་བཅས་ཇེ་ཆེར་བཏང་སྟེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་མཐུན་ཡོང་བར་སྣེ་ཁྲིད་བྱེད་དགོས།

དོན་ཚན་ཉེར་གསུམ་པ། རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ལོ་རྒྱུས་རིག་གནས་སློབ་གསོ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་སློབ་གསོ་སྤེལ་ནས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླའི་རྒྱལ་གཅེས་སྙིང་སྟོབས་ཇེ་ཆེར་གཏོང་དགོས་ལ། རང་འགུལ་ངང་རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་དགོས།

རྒྱལ་ཁབ་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཕྱོགས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། ཐའེ་ཝན་སྤུན་ཟླ་འདུས་པའི་ཀྲུང་གོ་མི་དམངས་ཡོངས་ཀྱིས་མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེའི་འགན་འཁྲི་ལེགས་འགྲུབ་བྱེད་པའི་ངེས་ཤེས་ཇེ་ཆེར་བཏང་སྟེ། ཁྲིམས་ལྟར་ཐའེ་ཝན་སྤུན་ཟླའི་ཁེ་དབང་དང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། ཐའེ་ཝན་རང་བཙན་གྱི་ཁ་བྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས།

རྒྱལ་ཁབ་ཀྱིས་ཕྱིར་སྡོད་རང་མིའི་བརྗེ་རེས་ལ་ཤུགས་བསྣན་ཏེ། ཁེ་དབང་འགན་སྲུང་དང་ཞབས་ཞུ་ལས་དོན་ལེགས་པོར་བསྒྲུབས་ནས། ཕྱིར་སྡོད་རང་མི་སྤུན་ཟླའི་རྒྱལ་གཅེས་བརྩེ་བ་ཇེ་དྲག་དང་རྒྱལ་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་དགོས།

ལེའུ་གསུམ་པ། ལག་བསྟར་བྱེད་ཐབས།

དོན་ཚན་ཉེར་བཞི་པ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གཙོ་གཉེར་སྡེ་ཁག་གིས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་ལ་སྤྱི་འདོམས་བྱེད་པར་ཤུགས་བསྣན་ཏེ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་ཐབས་གསར་སྐྲུན་བྱེད་པར་མཛུབ་སྟོན་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐོན་ཁུངས་དང་སྟེགས་བུའི་གཞི་རྟེན་བེད་སྤྱོད་གང་ལེགས་བྱས་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གསར་བརྗེའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ། བེད་སྤྱོད་བཅས་བྱེད་པར་ཤུགས་བསྣན་ཏེ། ལོ་རྒྱུས་ཀྱི་རིན་ཐང་དང་རྗེས་དྲན་གྱི་དོན་སྙིང་ལྡན་པའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། གསར་བརྗེ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་ཐོན་ཁུངས་སློབ་གསོའི་བྱེད་ནུས་འདོན་སྤེལ་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུད་འཛིན་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་དང་ཡུལ་སྐོར། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན། རིག་དངོས་སོགས་སྡེ་ཁག་གིས་ངེས་པར་དུ་རིག་དངོས་གནའ་ཤུལ་དང་སྲོལ་རྒྱུན་སྡེ་བ། སྲོལ་རྒྱུན་ལག་རྩལ་སོགས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་བསྣན་ཏེ། དེའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སྔོག་འདོན་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། སྤྱི་དམངས་ཀྱིས་ཡུལ་སྐོར་ལྟ་སྐོར་ཁྲོད་རྔམ་བརྗིད་ལྡན་པའི་རི་ཀླུང་གི་མཛེས་པར་རོལ་མྱོང་དང་། ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་ལ་རོལ་མྱོང་བྱས་ཏེ། རྒྱལ་གཅེས་ཀྱི་སྤྲོ་སེམས་སྐུལ་སྤེལ་བྱེད་དགོས།

དོན་ཚན་ཉེར་དྲུག་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིས་ངེས་པར་དུ་ནང་དོན་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། འགྲེམ་སྟོན་བཤམ་སྟོན་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕུལ་བྱུང་ཐོན་རྫས་བཤམས་སྟོན་བྱས་ཏེ། རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་བཅས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་བ་དང་ལྟ་སྐོར་སློབ་སྦྱོང་ལ་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་ནུས་འདོན་སྤེལ་བྱེད་དགོས། 

རིགས་སོ་སོའི་དངོས་མང་བཤམ་སྟོན་ཁང་དང་རྗེས་དྲན་ཁང་། དཔེ་མཛོད་ཁང་། ཚན་རྩལ་ཁང་། རིག་གནས་ཁང་། མཛེས་རྩལ་ཁང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སོགས་ཀྱིས་ངེས་པར་དུ་རང་སྟེང་གི་ཐོན་ཁུངས་དང་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་པ་དང་། དྲིལ་སྒྲོག་འགྲེམ་སྟོན་དང་རོལ་མྱོང་ལག་བསྟར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་དགོས།

དོན་ཚན་ཉེར་བདུན་པ། རྒྱལ་ཁབ་ཀྱིས་བྱས་རྗེས་ལ་གཟེངས་བསྟོད་བྱེད་པའི་ལམ་ལུགས་བརྒྱུད་དེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་མི་སྣར་གཟེངས་བསྟོད་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་བ་ལྟེ་བ་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་དང་བཅོས་སྒྱུར་གསར་སྐྲུན་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས།

དོན་ཚན་ཉེར་བརྒྱད་པ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་དྲན་ཉིན་མོ་དང་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོ། ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་རྒྱལ་ཁབ་ཀྱི་སྤྱི་སྒྲུབ་འདས་མཆོད་ཉིན་མོ་བཅས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྗེས་དྲན་བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་བ་དང་། མེ་ཏོག་ཚོམ་བུ་འབུལ་བ་དང་རྗེས་དྲན་སྒྲིག་བཀོད་ལ་ལྟ་བ། སྔོན་གཤེགས་དཔའ་བོར་དུར་མཆོད་བྱེད་པ། སྤྱི་སྒྲུབ་འདས་མཆོད་སོགས་ཀྱི་རྗེས་དྲན་མཛད་སྒོ་སྤེལ་དགོས།

དོན་ཚན་ཉེར་དགུ་པ། ལོ་སར་དང་རྒྱ་ལོའི་བཅོ་ལྔ། དྭངས་གསལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། ལུགས་གསར་ལོ་སར། རྒྱལ་སྤྱིའི་བུད་མེད་དུས་ཆེན། རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན། ན་གཞོན་དུས་ཆེན། རྒྱལ་སྤྱིའི་བྱིས་པའི་དུས་ཆེན། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་གཞན་པའི་དུས་ཆེན་གལ་ཆེན་སྐབས་སུ། རང་སོ་སོའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་བྱ་འགུལ་དང་རྗེས་དྲན་དགའ་སྟོན་བྱ་འགུལ་སྤེལ་ནས། རྒྱལ་ཁབ་དང་ཁྱིམ་གཞིས་ཀྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་དགོས།

དོན་ཚན་སུམ་ཅུ་པ། དགའ་སྟོན་གལ་ཆེན་དང་རྗེས་དྲན་བྱ་འགུལ། རིག་གནས་ལུས་རྩལ་བྱ་འགུལ་ཆེན་མོ། འགྲེམ་སྟོན་ཚོགས་འདུ་བཅས་རྩ་འཛུགས་བྱས་ནས་སྤེལ་བར། ཁྲིམས་ལྟར་རྔམ་བརྗིད་ལྡན་པ་དང་གཟབ་རྒྱས་ཡིན་པའི་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་དཀྲོལ་བའི་མཛད་སྒོ་སྤེལ་དགོས།

ཁྲིམས་ལྟར་བཅའ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ་དང་། དམག་མི་དང་གྲ་སྒྲིག་དམག་ཞབས་མི་སྣས་དམག་ཞབས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་སྐབས། དམ་བཅའ་འཇོག་པའི་ཡུལ་དངོས་སུ་ངེས་པར་དུ་རྒྱལ་དར་འགེལ་བ་དང་རྒྱལ་གླུ་དཀྲོལ་དགོས་ལ། དམ་བཅའི་མནའ་ཚིག་གིས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མཚོན་པར་བྱེད་དགོས།

དོན་ཚན་སོ་གཅིག་པ། རྒྱང་སྒྲོག་ཁང་དང་བརྙན་འཕྲིན་ཁང་། ཚགས་པར་པར་སྐྲུན་ལས་ཁུངས་སོགས་ཀྱིས་ངེས་པར་དུ་དྲིལ་སྒྲོག་བརྒྱུད་སྒྲོག་བྱེད་ཐབས་གསར་སྐྲུན་བྱས་ཏེ། རྒྱལ་གཅེས་རིང་ལུགས་བརྗོད་གཞི་ཡིན་པའི་ཕུལ་བྱུང་བརྩམས་ཆོས་བཟོ་སྐྲུན་དང་བརྒྱུད་གཏོང་། བརྒྱུད་འགོད་སོགས་བརྒྱུད་ནས། ཆེད་དོན་ཆེད་སྒྲིག་སྤེལ་དགོས་ལ། གསར་འགྱུར་བརྒྱུད་སྒྲོག་ལ་ཤུགས་བསྣན་ཏེ་སྤྱི་ཕན་བརྡ་ཁྱབ་གཏོང་བ་སོགས་ཀྱི་བྱེད་ཐབས་ཀྱིས་གསོན་ཉམས་ལྡན་པའི་སྒོ་ནས་རྒྱལ་གཅེས་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས།

དོན་ཚན་སོ་གཉིས་པ། དྲ་བའི་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱིས་ངེས་པར་དུ་དྲ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མངོན་པར་མཚོན་པའི་དྲ་བའི་ཆ་འཕྲིན་དང་བརྩམས་ཆོས་བཟོ་སྐྲུན་དང་བརྒྱུད་སྒྲོག་བྱེད་དགོས་པ་དང་། སྟེགས་བུ་གསར་བ་དང་ལག་རྩལ་གསར་བ། ཐོན་རྫས་གསར་བ་བཅས་གསར་སྤེལ་དང་བེད་སྤྱོད་བྱས་ནས། གསོན་ཉམས་ལྡན་པའི་སྒོ་ནས་དྲ་ཐོག་ཏུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་དགོས།

ལེའུ་བཞི་པ། རྒྱབ་སྐྱོར་འགན་སྲུང་།

དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱིས་ཁེ་ལས་དང་ལས་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་བཅས་ལ་ཁྲིམས་ལྟར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

རྒྱལ་ཁབ་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱས་ཏེ། རིམ་པ་མང་པོའི་ཆེད་ལས་འཇོན་མིའི་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་དགོས།

རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་ལས་ཁུངས་དང་མི་སྒེར་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

དོན་ཚན་སོ་བཞི་པ། ཀྲུང་དབྱང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ངོས་འཛིན་དང་སྲུང་སྐྱོབ། དོ་དམ་བཅས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྲུང་སྐྱོབ་བེད་སྤྱོད་བྱེད་པའི་འཆར་འགོད་བཟོས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྲུང་སྐྱོབ་དང་དོ་དམ། བེད་སྤྱོད་བཅས་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས།

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ལ་ཤུགས་སྣོན་པ་དང་། རིན་མེད་ངང་སྒོ་འབྱེད་པའི་ལམ་ལུགས་དང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

དོན་ཚན་སོ་ལྔ་པ། རྒྱལ་ཁབ་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བརྗོད་དོན་ཡིན་པའི་རྩོམ་རིག་དང་གློག་བརྙན། གླུ་དབྱངས། ཞབས་བྲོ། ཟློས་གར། མཛེས་རྩལ། ཡིག་གཟུགས་སོགས་ཀྱི་རིག་རྩལ་བརྩམས་ཆོས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། ཕུལ་བྱུང་རིག་རྩལ་བརྩམས་ཆོས་དཔྱད་འདེམས་དང་གཟེངས་བསྟོད། འགྲེམ་སྟོན། འགྲེམ་འཁྲབ་བཅས་བྱེད་པའི་སྐབས་སུ་རྒྱལ་གཅེས་རིང་ལུགས་ཀྱི་ནང་དོན་འབུར་དུ་གཏོད་དགོས།

དོན་ཚན་སོ་དྲུག་པ། རྒྱལ་ཁབ་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མངོན་པར་མཚོན་པའི་ཕུལ་བྱུང་གི་སློབ་ཕྱིའི་ཀློག་དེབ་པར་སྐྲུན་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མངོན་པར་མཚོན་པའི་ན་གཞོན་དང་བྱིས་པར་ཁ་ཕྱོགས་པའི་འགུལ་རིས་དང་སྒྲ་གཟུགས་ཐོན་རྫས་སོགས་གསར་སྤེལ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་སོ་བདུན་པ། སྤྱི་དམངས་དང་རྩ་འཛུགས་སུ་ཡིན་ཡང་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རང་འགུལ་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་དགོས་ཏེ། གཤམ་གྱི་བྱ་སྤྱོད་གང་རུང་ཡོད་མི་ཆོག

(གཅིག) རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས་བཅས་ལ་དམའ་འབེབས་སམ་ཡང་ན་རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས་བཅས་ཀྱི་ཟིལ་ཤུགས་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད།

(གཉིས།) སྔོན་གཤེགས་དཔའ་བོའི་མཛད་རྗེས་དང་སྙིང་སྟོབས་ལ་འཁྱོག་བཤད་དང་སྒྲོ་སྐུར། ཁྱད་གསོད་བྱེད་པ།

(གསུམ།) བཙན་འཛུལ་དམག་འཁྲུག་དང་བཙན་འཛུལ་བྱ་སྤྱོད། དམར་གསོད་དོན་རྐྱེན་འུད་སྒྲོག་དང་མཛེས་བཟོ། ཁས་མི་ལེན་པ།

(བཞི།) རྒྱལ་གཅེས་རིང་ལུགས་སློབ་གསོའི་སྒྲིག་ཆས་བཙན་བཟུང་དང་གཏོར་བརླག ཉམས་ཆག་གཏོང་བ།

(ལྔ། )ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འགོག་བྱས་པའི་བྱ་སྤྱོད་གཞན་དག།

དོན་ཚན་སོ་བརྒྱད་པ། སློབ་གསོ་དང་རིག་གནས། ཡུལ་སྐོར། དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན། གསར་འགྱུར་པར་སྐྲུན། རྒྱང་སྒྲོག་བརྙན་འཕྲིན། གློག་བརྙན། དྲ་འཕྲིན། རིག་དངོས་སོགས་སྡེ་ཁག་གིས་ངེས་པར་དུ་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་ལྟར། བཅའ་ཁྲིམས་འདིའི་དོན་ཚན་སོ་བདུན་པའི་གཏན་འཁེལ་དང་འགལ་བའི་བྱ་སྤྱོད་དུས་ལྟར་བཀག་འགོག་བྱེད་དགོས་པ་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པར་ངེས་པར་དུ་དུས་ལྟར་སེལ་དགོས་པ་མ་ཟད་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་ཆད་པ་གཅོད་དགོས། བདེ་སྲུང་དོ་དམ་དང་འགལ་བའི་བྱ་སྤྱོད་ལ། ཁྲིམས་ལྟར་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་དགོས། ནག་ཉེས་གྲུབ་པ་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

དོན་ཚན་སོ་དགུ་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འགན་འཁྲི་ཡོད་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་འགན་འཁྲི་མི་སྒྲུབ་པ་ལ། འགན་ཁུར་ཡོད་པའི་མགོ་ཁྲིད་མི་སྣ་དང་ཐད་ཀར་གྱི་འགན་ཁུར་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་དགོས།

ལེའུ་ལྔ་པ། ཞར་བྱུང་དོན་ཚན།

དོན་ཚན་བཞི་བཅུ་པ། བཅའ་ཁྲིམས་འདི2024ལོའི་ཟླ1པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།