ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས།(གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས།

(2023ལོའི་ཟླ10པའི་ཚེས24ཉིན་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང)

དཀར་ཆག

ལེའུ་དང་པོ། སྤྱིའི་རྩ་དོན།

ལེའུ་གཉིས་བ། འགན་འཁྲི་ལས་འགན།

ལེའུ་གསུམ་བ། ལག་བསྟར་བྱེད་ཐབས།

ལེའུ་བཞི་བ། རྒྱབ་སྐྱོར་འགན་སྲུང་།

ལེའུ་ལྔ་བ། ཞར་བྱུང་དོན་ཚན།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་སློབ་གསོར་ཤུགས་སྣོན་ཆེད། རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་རྒྱུད་འཛིན་དང་དར་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་སྟོབས་ཤུགས་ཆེན་མོ་གཅིག་སྡུད་བྱེད་དགོས་ལ། བཅའ་ཁྲིམས་ལ་གཞིགས་ཏེ་ཁྲིམས་ལུགས་འདི་གཏན་ཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་གོ་ནི་འཛམ་གླིང་སྟེང་ལོ་རྒྱུས་ཆེས་ཡུན་རིང་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོའི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་པ་དང་། ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གསར་འཛུགས་བྱས་ཡོད། རྒྱལ་ཁབ་ཀྱིས་མི་དམངས་ཡོངས་ཀྱི་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ཏེ། ཀྲུང་ཧྭ་མི་རིགས་དང་རླབས་ཆེ་བའི་མེས་རྒྱལ་གྱི་བརྩེ་སེམས་གསོ་སྐྱོང་བྱེད་དགོས་ལ། མི་རིགས་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཇེ་ཆེར་བཏང་སྟེ། རྒྱལ་གཅེས་ཀྱི་སྟོབས་ཤུགས་ཡོད་ཚད་ཇེ་དྲག་དང་དེ་དག་ལ་མཐུན་སྒྲིལ་བྱས་ནས། རྒྱལ་གཅེས་རིང་ལུགས་དེ་དམངས་ཡོངས་ཀྱི་འགྱུར་མེད་ཀྱི་དད་སེམས་དང་བསམ་པའི་སྟོབས་ཤུགས། རང་འགུལ་གྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།

དོན་ཚན་གསུམ་པ། རྒྱལ་གཅེས་རིང་ལུགས་སློབ་གསོ་སྤེལ་བར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་དོན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ལ་དགའ་བ་དང་ཏང་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་གཅིག་གྱུར་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ་ཤུགས་རྒྱག་ས་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པ་དེ་བརྗོད་དོན་ཁ་གསལ་དུ་འཛིན་དགོས།

དོན་ཚན་བཞི་པ། རྒྱལ་གཅེས་རིང་ལུགས་སློབ་གསོ་སྤེལ་བར་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་སྣེ་ཁྲིད་དང་མཉམ་འཛིན་དོ་དམ། ཕྱོགས་ཡོངས་ཞུགས་པ། ཐུན་མོང་སྐུལ་འདེད་བཅས་ཀྱི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་དགོས།

དོན་ཚན་ལྔ་པ། རྒྱལ་གཅེས་རིང་ལུགས་སློབ་གསོ་སྤེལ་བར་ངེས་པར་དུ་བསམ་བློའི་སྣེ་ཁྲིད་དང་རིག་གནས་ཀྱི་གསོ་སྐྱོང་། སློབ་གསོ་སྣེ་ཁྲིད། ལག་ལེན་གོམས་གཤིས་བཅས་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་གསལ་བ་དང་ཉིན་རྒྱུན་དང་འདྲེས་པར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་དངོས་ཕན་ལ་དམ་འཛིན་བྱེད་དགོས།(མུ་འགོད།)

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།