ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“སྡེ་བ་སྟོང་དཔེ་སྟོན་དང་སྡེ་བ་ཁྲི་བཅོས་སྐྱོང”བཟོ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་དེ་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བའི་སྐོར་གྱི་བསམ་འཆར།

(2024ལོའི་ཟླ1པའི་ཚེས1ཉིན།)

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཞིང་ལས་ཀྱི་རྨང་གཞི་རྒྱུན་འཁྱོངས་ལྷོད་མེད་ངང་བརྟན་པོར་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས“སྡེ་བ་སྟོང་དཔེ་སྟོན་དང་སྡེ་བ་ཁྲི་བཅོས་སྐྱོང”བཟོ་འགོད(གཤམ་དུ“ཁྲི་སྟོང་བཟོ་འགོད”ཅེས་བསྡུས་ཡོད)ལ་སྐུ་དངོས་སུ་ཇུས་འགོད་དང་སྐུལ་འདེད་བཏང་བ་དང་། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་བྱེད་པ་ནས་མགོ་བརྩམས་ཏེ། གནས་ནས་ཁྱོན་དང་རིམ་པ་བཞིན་ཇེ་ལེགས་སུ་བཏང་། ལོ་ངོ20ཡི་རིང་ལ་རྒྱུན་མཐུད་འབད་བརྩོན་བྱས་ནས་མཛེས་པའི་གྲོང་གསེབ་ཁྲི་སྟོང་མང་པོ་བསྐྲུན་པ་དང་། ཞིང་པ་མང་ཚོགས་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་ཞིང་། གྲོང་གསེབ་ཀྱི་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་ལེགས་པོ་དང་ལག་ལེན་དཔེ་མཚོན་ཅན་གསར་གཏོད་བྱས། “ཁྲི་སྟོང་བཟོ་འགོད”ནང་འདུས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་བྱ་བའི་བྱེད་ཐབས། སྐུལ་འདེད་ཀྱི་ལམ་སྲོལ་བཅས་སློབ་སྦྱོང་དང་བེད་སྤྱད་དེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ་དེ་དུས་རབས་གསར་པའི་འཐབ་ལམ་གསར་པའི“ཞིང་གསུམ”བྱ་བའི་སྤྱིའི་འཛིན་ལུང་དུ་བརྩིས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་བྱེད་པ། གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ལ་སེམས་འགུལ་ཐེབས་ཤིང་མིག་མཐོང་ལག་ཟིན་གྱི་དོན་དངོས་ཁག་ཅིག་སྒྲུབ་པར་དམ་འཛིན་ཡག་པོ་བྱས་ཏེ། ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མི་དམན་པ་བླངས་ཡོད།

2024ལོ་དང་དེང་ཕྱིན་གྱི་དུས་སྐབས་ཤིག་རིང་གི“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པ་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་གཏིང་ཟབ་བྱེད་པ། ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་པ།“ཁྲི་སྟོང་བཟོ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་པ་དེ་ཁྲིད་སྟོན་དུ་འཛིན་པ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་དང་། གཞི་ཁྱོན་རང་བཞིན་གྱི་བསྐྱར་དབུལ་མི་འབྱུང་བར་ཁག་ཐེག་བྱེད་རྒྱུ་ཚད་མཐའ་རུ་འཛིན་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་གཙོ་གནད་དུ་འཛིན་པ། ཚན་རྩལ་དང་བཅོས་བསྒྱུར་གྱི་སྒུལ་ཤུགས་གཉིས་ལ་ཤུགས་སྣོན་པ། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་ལ་ཤུགས་སྣོན་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་དམག་འཐབ་རྒྱག་མཁས་པོ་བཅས་བྱས་ཏེ། བདེ་སྡོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པ་དང་། ཞིང་ལས་དང་གྲོང་གསེབ་མགྱོགས་པོར་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དེ་བས་ལེགས་པོ་གཏོང་དགོས།

དང་པོ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱེད་དགོས།

(གཅིག)འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་དགོས། རེས་སྐོར་གསར་པའི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཆིག་སྟོང་མཐོ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲུ་རིགས་སོན་འདེབས་ཀྱི་རྒྱ་ཁྱོན་བརྟན་པོ་ཡོང་བ་བྱས་ཏེ། འབྲུ་རིགས་ཐོན་ཚད་འཕར་བའི་གཙོ་གནད་དེ་རྒྱ་ཁྱོན་ཆེན་པོའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་སྟེང་བཞག་ནས། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3ཡན་རྒྱུན་འཁྱོངས་ཐུབ་པར་ཁག་ཐེག་བྱེད་དགོས། མུའུ་རེའི་འབྲུ་རིགས་ཀྱི་ཐོན་ཚད་མཐོ་རུ་གཏོང་བའི་བཟོ་འགོད་ལག་བསྟར་བྱས་ནས། ས་ཞིང་གཤིན་པོ་དང་ས་བོན་བཟང་པོ་གོ་སྐབས་བཟང་པོ་བྱེད་ཐབས་བཟང་པོ་བཅས་གཅིག་སྡུད་དང་ཁྱབ་གདལ་གཏོང་དགོས། སྲན་ཆེན་གྱི་འདེབས་རྒྱ་ཆེ་རུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྣུམ་མང་ཐོན་འབབ་མཐོ་བའི་སོན་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། གྲོ་ཡི་ཆེས་དམའ་བའི་ཉོ་སྒྲུབ་རིན་གོང་འོས་འཚམ་གྱིས་མཐོ་རུ་གཏོང་བ་དང་། འབྲས་ཀྱི་ཆེས་དམའ་བའི་ཉོ་སྒྲུབ་རིན་གོང་གཏན་འབེབས་ལུགས་མཐུན་བྱེད་དགོས། རྨོ་ཞིང་གི་ས་ཤུགས་སྲུང་སྐྱོང་ཁ་གསབ་དང་མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ། འབྲས་ཀྱི་ཁ་གསབ་སྲིད་ཇུས་བཅས་མུ་མཐུད་དུ་ལག་བསྟར་བྱེད་དགོས། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་བརྟན་པོ་ཡོང་བ་དང་ཞིང་ལས་ཐོན་རྫས་ཀྱི་རིན་གོང་བརྟན་པོ་ཡོང་བར་ཁ་གཏད་འཇལ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཀྱིས་ཞིང་ལས་རྒྱུ་ཆའི་རིན་གོང་འཕར་ཚད་དང་ཟུང་འབྲེལ་བྱེད་པའི་འགུལ་རྣམ་གྱི་ཁ་གསབ་བྱེད་ཐབས་འཚོལ་ཞིབ་དང་གསར་འཛུགས་བྱེད་པར་སྐུལ་མ་གཏོང་དགོས། མ་རྩ་ཡོངས་ཀྱི་འགན་བཅོལ་དང་འདེབས་འཛུགས་ཡོང་སྒོའི་འགན་བཅོལ་སྲིད་ཇུས་ལག་བསྟར་བྱེད་པའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ། འབྲུ་རིགས་གཙོ་བོ་གསུམ་རྒྱལ་ཡོངས་སུ་ཁྱབ་པ་དང་སྲན་ཆེན་གྱི་འདེབས་རྒྱ་གོ་རིམ་ལྡན་པའི་ངང་རྒྱ་བསྐྱེད་དགོས། ས་གནས་ཀྱིས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འགན་བཅོལ་འཕེལ་རྒྱས་གཏོང་བར་སྐུལ་མ་གཏོང་བ་དང་། ཞིང་ལས་འགན་བཅོལ་གནད་འཁེལ་གྱིས་འགན་བླངས་ནས་སྐྱིན་ཚབ་འཇལ་བར་སྐུལ་འདེད་བཏང་སྟེ། སྐྱིན་ཚབ་འཇལ་དགོས་རིགས་ཚང་མ་འཇལ་ཐུབ་པ་བྱེད་དགོས། གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་རྫོང་ཆེ་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་དང་བྲིན་ཚོང་ཁུལ་དང་ཞིང་ཆེན་བར་གྱི་འཕྲེད་ཕྱོགས་ཁེ་ཕན་ཁ་གསབ་ནང་རྐྱེན་འཚོལ་ཞིབ་དང་གསར་འཛུགས་བྱས་ནས།ཐབས་ལམ་མང་པོའི་ཐོག་ནས་ཐོན་སྐྱེད་དང་བྲིན་ཚོང་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སྐེ་ཚེ་འདེབས་ཚད་རྒྱ་ཆེ་རུ་བཏང་ནས་སྣུམ་དང་ཇ་སོགས་ཁྱད་ལྡན་སྣུམ་རྒྱུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། བུར་ཤིང་གི་སོན་མྱུག་དང་འཕྲུལ་བསྡུ་ལ་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་དགོས་།“ཚོད་སླེའི”ཐོན་རྫས་འཕྲལ་བསྟུན་མཁོ་སྤྲོད་འགན་ལེན་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕག་ཐོན་སྐྱེད་བྱེད་ནུས་སྙོམས་སྒྲིག་བྱེད་པའི་ནང་རྐྱེན་ལེགས་སུ་གཏོང་བ། སྐམས་ལུག་ཤའི་རྨང་གཞིའི་ཐོན་སྐྱེད་བྱེད་ནུས་བརྟན་པོ་ཡོང་བ་བཅས་བྱེད་དགོས། འོ་མའི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། འོ་ཕྱེའི་རིགས་སོགས་འོ་མའི་མཚོན་རྟགས་ཚད་ལྡན་དུ་བཏང་ནས། འོ་མ་གསར་པ་འཛད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱ་མཚོ་ཆེན་པོའི་གསོ་སྤེལ་ལ་རྒྱབ་སྐྱོར་དང་ནགས་ཚལ་གྱི་ཟས་རིགས་གསར་སྤེལ་བྱེད་དགོས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་། ཐབས་ལམ་མང་པོར་བརྟེན་ནས་ཟས་རིགས་ཀྱི་འབྱུང་ཁུངས་རྒྱ་སྐྱེད་གཏོང་བ། ཟས་རིགས་ཆེན་པོར་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་བྱེད་པའི་མ་ལག་འཚོལ་ཞིབ་དང་འཛུགས་སྐྱོང་བཅས་བྱེད་དགོས།

(གཉིས)རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད། སྐྱེ་ཁམས་བཅས“གནས་གསུམ་གཞི་གཅིག”གི་སྲུང་སྐྱོང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་ས་ཁོངས་འཆར་འགོད་ནང་གསལ་བའི་རྨོ་ཞིང་དང་ཡུན་གཏན་གཞི་རྩའི་ཞིང་ཁ་སྲུང་སྐྱོང་བྱེད་པའི་ལས་འགན་དོན་འཁྱོལ་བྱེད་དགོས། རྨོ་ཞིང་བདག་བཟུང་དང་ཁ་གསབ་དོ་མཉམ་ལམ་ལུགས་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ་དང་།“ཁ་གསབ་ལ་བརྟེན་ནས་བདག་བཟུང་གཏན་འཁེལ་བྱེད་པ”རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ནང་ཁུལ་དུ་རྨོ་ཞིང་བེད་སྤྱོད་བརྟན་པོ་བྱེད་ཚད་འཕར་བ་དེ་ལོ་རྗེས་མའི་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་གྱིས་རྨོ་ཞིང་བཟུང་སྤྱོད་བྱེད་ཆོག་པའི་གཞི་ཁྱོན་གྱི་ཚད་བཀག་ཏུ་བརྩི་དགོས། རྨོ་ཞིང་གི་སྤུས་ཚད་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྗེས་མཐུད་དོ་དམ་སྲུང་སྐྱོང་དང་ཡང་བསྐྱར་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞན་འགྱུར་རྨོ་ཞིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ས་ནག་སྲུང་སྐྱོང་བཟོ་འགོད་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་གི་སྐྱེ་ལྡན་སྤུས་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་དགོས། ཁྲིམས་འགལ་གྱིས་ཞིང་ལས་སུ་སྤྱོད་པའི་ས་ཆ་བདག་བཟུང་དང་བེད་སྤྱོད་པ་དང་ཁྲིམས་འགལ་གྱིས་རྨོ་ཞིང་ས་ཆ་ལེན་པར་རྡུང་རྡེག་ནན་མོ་གཏོང་དགོས་ལ།“དྲོད་ཁང་ཆེན་མོ”མུ་མཐུད་དུ་བཅོས་སྐྱོང་བྱེད་དགོས། རིགས་འབྱེད་བརྟན་བརླིང་ངང་སྒྲིག་འགལ་གྱིས་རྨོ་ཞིང་བཟུང་སྤྱོད་བྱེད་པ་དག་ཐེར་ལེགས་བཅོས་དང་རྨོ་འདེབས་སླར་གསོ་བྱས་ཏེ། “འབྲུ་རིགས་མི་འདེབས་པའི”རྨོ་ཞིང་དག་ཐེར་ལེགས་བཅོས་བྱེད་པའི་ཁྱབ་ཁོངས་ཞིབ་ཕྲ་དང་ཁ་གསལ་བཟོས་ནས་སླར་གསོའི་དུས་རིམ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ས་རྒོད་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། འབྲུ་རིགས་འདེབས་པར་འཚམ་ན་འབྲུ་རིགས་འདེབས་པ་དང་། དཔལ་འབྱོར་ལོ་ཏོག་འདེབས་པར་འཚམ་ན་དཔལ་འབྱོར་ལོ་ཏོག་འདེབས་པ། དངོས་གནས་རྨོ་ཞིང་འདེབས་མཁན་མེད་ན་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་ཏེ་ས་ཞིང་ལེགས་འདེབས་ལེགས་སྤྱོད་བྱེད་དགོས།

(གསུམ)ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྤུས་ཀ་ཨང་དང་པོར་འཛིན་པ་རྒྱུན་འཁྱོངས་དང་། ཤར་བྱང་གི་ས་ནག་ས་ཁུལ་དང་བདེ་ཐང་ས་ཁུལ། ཆུ་བེད་ཆུ་འདྲེན་གྱི་ཆ་རྐྱེན་ལྡན་པའི་ས་ཁུལ་བཅས་ཀྱི་རྨོ་ཞིང་དམིགས་སུ་བཟུང་ནས་ཚད་གཞི་མཐོ་བའི་ཞིང་སར་འཛུགས་སྐྲུན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་དངུལ་གཏོང་ཁ་གསབ་རོགས་སྐྱོར་ཆུ་ཚད་འོས་འཚམ་གྱིས་ཇེ་མཐོར་གཏོང་བ། ས་གནས་སོ་སོས་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ལ་མ་དངུལ་ཆ་སྡེབ་བྱེད་པའི་བླང་བྱ་མེད་པར་བཟོ་བ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་གོ་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་བཅས་ཀྱིས། འཛུགས་སྐྲུན་བྱེད་པ་ཐམས་ཅད་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་ལས་གསར་པའི་ལས་གཉེར་གཙོ་གཞི། ཞིང་ཁྱིམ་བཅས་ཐད་ཀར་དུ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་བདག་སྐྱོང་ཁྲོད་ཞུགས་པར་སྐུལ་མ་གཏོང་དགོས། ས་ཁུལ་དང་རིགས་དབྱེ་ནས་ཚྭ་བུལ་རྨོ་ཞིང་བཅོས་སྐྱོང་དང་ལེགས་བསྒྱུར་བྱེད་པ་དང་།“ས་བོན་ལ་བརྟེན་ནས་ཞིང་འདེབས་པ”དེ“ཞིང་སར་བརྟེན་ནས་སོ་ནམ་བྱེད་པར”ཟུང་འབྲེལ་བྱས་ཏེ། ཚྭ་བུལ་ཞིང་ས་ཕྱོགས་བསྡུས་བེད་སྤྱོད་དང་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། གཙོ་གནད་ཆུ་ཁུངས་དང་ཆུ་འདྲེན་ཁུལ། ཆུ་ལོག་གསོག་ཁུལ་བཅས་འཛུགས་སྐྲུན་དང་དེང་རབས་ཅན་དུ་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་མཛོད་ཉེན་སེལ་སྲ་བརྟན་དང་ཆུ་བོ་འབྲིང་ཆུང་བཅོས་སྐྱོང་། ཆུ་མཛོད་འབྲིང་ཆུང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བཟོ་འགོད་ལག་བསྟར་བྱེད་དགོས། ཞིང་ས་ཆུང་གྲས་ཀྱི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་དང་བདག་སྐྱོང་ལ་ཤུགས་སྣོན་དགོས། གནོད་ཐེབས་ས་ཁུལ་གྱི་གནོད་ཕྱིའི་སླར་གསོ་བསྐྱར་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། གནམ་གཤིས་གནོད་སྐྱོན་གྱི་དུས་ཐུང་སྔོན་བརྡ་དང་དུས་ཡུན་རིང་འབྲིང་གི་འཕེལ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པར་ཤུགས་བསྣན་ནས། ཞིང་ལས་གནོད་འགོག་གནོད་འཕྲི་དང་གནོད་སྐྱོབ་ཀྱི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། སྒྲིག་བཀོད་ཞིང་ལས་དེང་རབས་ཅན་དུ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་བྱེད་དགོས།

(བཞི)ཞིང་ལས་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་དགོས། ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ། གསར་སྐྲུན་སྟེགས་བུ་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། སོན་ལས་དར་སྤེལ་འགུལ་སྐྱོད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་གྱིས་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་མཉམ་ལས་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སོན་ཁུངས་ཀྱི་གནད་འགག་དང་ལག་རྩལ་གཙོ་བོའི་འགག་སྒྲོལ་ལ་ཤུགས་སྣོན་པ་བཅས་ཀྱིས། ཐོན་སྐྱེད་མྱུར་མཁོའི་རང་བརྟེན་སྤུས་ལེགས་སོན་བཟང་མགྱོགས་མྱུར་གྱིས་འདེམས་གསོ་དང་ཁྱབ་གདལ་དུ་གཏོང་དགོས་པར་མ་ཟད། སོན་བཟང་གཙོ་བོ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་ཉེར་སྤྱོད་བྱེད་པའི་གཞི་གཅིག་ཅན་གྱི་ཚོད་ལྟ་བྱེད་མགོ་རྩོམ་དགོས། སྐྱེ་དངོས་འདེབས་གསོའི་ཐོན་ལས་ཅན་རྒྱ་ཆེ་ཞིང་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་དགོས། ཞིང་འཕྲུལ་སྒྲིག་ཆས་ཀྱི་ཁ་གསབ་འགུལ་སྐྱོད་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང་། ཞིང་འཕྲུལ་ཉོ་སྒྲུབ་དང་ཉེར་སྤྱོད་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མཁོ་གལ་ཆེ་ལ་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་གསལ་འབྱེད་ཀྱི“ལྗང་མདོག་ལམ་བུ”གཏོད་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་མ་ལག་གི་ཆ་རྐྱེན་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས།

(ལྔ)དེང་རབས་ཞིང་ལས་ཀྱི་ལས་གཉེར་མ་ལག་བསྐྲུན་དགོས།“སུས་ཞིང་འདེབས་པ”ཡི་གནད་དོན་ཐག་གཅོད་པར་དམིགས་ཏེ། ཞིང་ཁྱིམ་ཆུང་ཆུང་རྨང་གཞིར་འཛིན་པ་དང་ཞིང་ལས་གསར་པའི་ལས་གཉེར་གཙོ་གཞི་གཙོ་གནད་དུ་འཛིན་པ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་འདེགས་སྐྱོར་དུ་བརྩི་བ་བཅས་བྱས་ནས། དེང་རབས་ཞིང་ལས་འཕེལ་རྒྱས་ལ་འཚམ་པའི་བྱང་ཚད་མཐོ་བའི་ཐོན་སྐྱེད་ལས་གཉེར་དཔུང་སྡེ་མགྱོགས་མྱུར་གྱིས་བསྐྲུན་དགོས། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་གི་ཐོན་སྐྱེད་ལས་གཉེར་ཆུ་ཚད་ཇེ་མཐོར་བཏང་སྟེ། ཞབས་ཞུར་བརྟེན་ནས་ཞིང་ཁྱིམ་ཆུང་ཆུང་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྟེགས་བུ་དང་ཚད་གཞི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་གནད་འགག་གི་ལྷུ་ཚིགས་ཞན་ས་དང་ཞིང་ཁྱིམ་ཆུང་ཆུང་ལ་དམིགས་ཏེ། ཞབས་ཞུའི་ཁྱབ་ཁོངས་དང་མ་དཔེ་རྒྱ་བསྐྱེད་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་ཐོན་སྐྱེད་དང་ངལ་རྩོལ་སོགས་ཀྱི་བར་མཚམས་ཞབས་ཞུ་མཁོ་སྤྲོད་བྱེད་དགོས།

(དྲུག)འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་སྙོམ་སྒྲིག་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། སྣ་མང་སོན་རིགས་མཉམ་འགུལ་སྙོམ་སྒྲིག་དང་གསོག་འཇོག་སྙོམ་སྒྲིག བྲེལ་བསྟུན་འགན་སྲུང་བཅས་ཇེ་དྲག་ཏུ་གཏོང་དགོས། འབྲུ་རིགས་གསོག་འཇོག་གི་སྒྲིག་བཀོད་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ། གསོག་འཇོག་དང་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་དགོས།“རྒྱུད་གཅིག་ལམ་གཅིག”གི་ཞིང་ལས་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཞིང་ལས་ཐོན་རྫས་ལྐོག་འཚོང་བྱེད་པར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་འཛད་སྤྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ལ་ཤུགས་སྣོན་དགོས།

(བདུན)ཟས་རིགས་གྲོན་ཆུང་གི་སྣ་སོ་སོའི་འགུལ་སྐྱོད་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་དགོས། གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་སྲོལ་བཟང་དར་སྤེལ་དང་། འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཇེ་ཉུང་དུ་གཏོང་བའི་སྦྲེལ་ཐག་ཡོངས་ལ་སྐུལ་འདེད་བྱས་ཏེ། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་བསྡུ་ཆས་ཀྱི་གྱོང་གུན་ཇེ་ཉུང་དུ་གཏོང་བའི་ཡིབས་ཤུགས་སྔོག་འདོན་བྱས་ཏེ། འབྲུ་རིགས་སྐྱེལ་འདྲེན་དང་འབྲུ་མཛོད་གསར་པ་ཁྱབ་གདལ་གཏོང་དགོས། འབྲུ་རིགས་འོས་འཚམ་གྱིས་ལས་སྣོན་བྱེད་པའི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། ཟས་རིགས་བདེ་བསྟེན་ལ་སྐུལ་སློང་བྱེད་པ་དང་། སྡེ་ཁག་གི་ལྟ་རྟོག་དང་ལས་རིགས་ཀྱི་རང་གཅུན། སྤྱི་ཚོགས་ཀྱི་ལྟ་རྟོག་བཅས་ཟུང་དུ་འབྲེལ་བའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། ཟས་རིགས་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

གཉིས་པ། གཞི་ཁྱོན་རང་བཞིན་གྱི་བསྐྱར་དབུལ་མི་འབྱུང་བར་ཁག་ཐེག་བྱེད་དགོས།

(བརྒྱད)བསྐྱར་དབུལ་སྔོན་འགོག་བྱེད་པའི་ལྟ་བཤེར་དབུལ་སྐྱོར་ནང་རྐྱེན་དོན་འཁྱོལ་བྱེད་དགོས། བསྐྱར་དབུལ་སྔོན་འགོག་བྱེད་པའི་བྱ་བའི་འགན་འཁྲི་ནན་འགེལ་དང་དངོས་སྒྲུབ་བྱས་ཏེ།“འགན་སྲུང་གསུམ”དང་བཏུང་ཆུའི་བདེ་འཇགས་ཀྱི་འགན་སྲུང་གྲུབ་འབྲས་རྒྱུན་མཐུད་སྒོས་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། གནོད་སྐྱོན་ལས་བསྐྱར་དབུལ་འབྱུང་ཉེན་ཡོད་པའི་ཞིང་ཁྱིམ་དེ་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་ཚེ་སྔོན་ལ་རོགས་སྐྱོར་བྱེད་དགོས། ཞིང་སྡེའི་སྨན་བཅོས་འགྲོ་གྲོན་ལྕི་བའི་ནད་པར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་བསྣན་ཏེ། གཏན་འབེབས་ལྟར་དུས་ཐོག་ཏུ་སྨན་བཅོས་འགན་སྲུང་དང་སྐྱོབ་རོགས་སྲིད་ཇུས་དངོས་འབེབས་བྱེད་དགོས། བསྐྱར་དབུལ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་ཡོང་སྒོ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་སྟེགས་བུ་ཕན་ཚུན་མཐུད་སྦྲེལ་ཡོང་བར་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་ཏེ། སྡེ་ཁག་ཕན་ཚུན་བར་ཆ་འཕྲིན་ཕྱོགས་བསྡུས་མཉམ་སྤྱོད་བྱེད་པར་ཤུགས་སྣོན་དགོས། བསྐྱར་དབུལ་སྔོན་འགོག་གི་རོགས་སྐྱོར་སྲིད་ཇུས་དང་ཞིང་སྡེའི་ཡོང་སྒོ་དམའ་བའི་མི་འབོར་གྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མཐུད་སྦྲེལ་བྱེད་པར་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས།

(དགུ)ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་དགོས། རོགས་སྐྱོར་ཐོན་ལས་ཀྱི་རིགས་དབྱེ་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ་དང་། ཁག་ཅིག་སྲ་བརྟན་དུ་གཏོང་བ་དང་ཁག་ཅིག་རིམ་སྤར་བྱེད་པ། ཁག་ཅིག་ལས་གཉེར་བྱེད་པ། ཁག་ཅིག་སྙོམ་སྒྲིག་བྱེད་པ་བཅས་ཀྱིས། ཐོན་ལས་སྤུས་འདེགས་ཕན་འཕར་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་དང་སྐུལ་འདེད་བྱེད་པའི་ཁ་གསབ་མ་དངུལ་དེ་ཐོན་ལས་འཕེལ་རྒྱས་ཀྱི་བསྡུར་ཚད་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བ་རྒྱུན་སྲུང་བྱེད་པའི་ཐད་བཀོལ་ཏེ། མ་དངུལ་ལས་གཞིའི་བྱས་འབྲས་དོ་དམ་ཇེ་དྲག་ཏུ་གཏོང་དགོས། རོགས་སྐྱོར་ལས་གཞིའི་རྒྱུ་ནོར་དོ་དམ་བྱེད་པར་ཤུགས་བསྣན་ཏེ། ཆ་རྐྱེན་དང་མཐུན་པ་དེ་ཞིང་སྡེའི་ཐུན་མོང་རྒྱུ་ནོར་ནང་བཞག་སྟེ་གཅིག་གྱུར་སྒོས་དོ་དམ་བྱེད་དགོས། འཛད་སྤྱོད་རོགས་སྐྱོར་དང་ཞིང་པའི་ཡོང་སྤར་ལ་རོགས་རམ་བྱེད་པའི་འགུལ་སྐྱོད་ཕན་འབྲས་ཇེ་མཐོར་གཏོང་དགོས། བསྐྱར་དབུལ་སྔོན་འགོག་དང་ལས་ཞུགས་འགག་སྒྲོལ་འགུལ་སྐྱོད་ལ་སྐུལ་འདེད་བྱེད་པ་དང་། ཤར་ནུབ་རྒྱུད་ཀྱི་ངལ་རྩོལ་མཉམ་ལས་བྱེད་པའི་རོགས་སྐྱོར་འགན་འཁྲི་དངོས་འབེབས་བྱེད་པ། ལས་ཞུགས་རོགས་སྐྱོར་འཁོར་ཁང་དང་སྤྱི་ཕན་ལས་རྐང་སོགས་ཀྱི་ལམ་བུ་གཅིག་གྱུར་སྒོས་བེད་སྤྱོད་ལེགས་པོ་བྱས་ཏེ། དབུལ་ཐར་དང་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་བརྟན་བརླིང་ཡོང་བར་བྱེད་དགོས།

(བཅུ)གཙོ་གནད་ས་ཁུལ་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་ཐར་རྫོང་གི་ཞིང་འབྲེལ་མ་དངུལ་གཅིག་འདོམས་དང་ཕྱོགས་བསྡུས་ཚོད་ལྟ་སྲིད་ཇུས་དེ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང160ལ་ལེགས་བསྒྱུར་སྙོམ་སྒྲིག་བྱས་ཏེ། ཕྱོགས་བསྡུས་མ་དངུལ་བེད་སྤྱོད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། རྒྱལ་དབང་དངུལ་རྩ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་དངུལ་རྩར་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། སྨན་བཅོས་དང་སློབ་གསོའི་ལས་བྱེད་འཇོན་མིའི“ཚོགས་སྒྲིལ་རྣམ་པའི”རོགས་སྐྱོར་དང་ཚན་རྩལ་ཁྱད་མངགས་ཚོགས་པའི་བདམས་མངགས་རྒྱུན་མཐུད་སྒོས་སྤེལ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་དབུལ་ཐར་ས་ཁུལ་དུ་ཕྱོགས་དགོས། ས་གནས་གཞན་དུ་གནས་སྤོས་པའི་བདེ་འགོད་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། མཁར་གྲོང་དུ་གནས་སྤོས་རྗེས་མི་གྲངས་འཕར་བ་ལས་སྡོད་ཁང་ཐད་དཀའ་ཁག་བྱུང་བའི་ཁྱིམ་ཚང་དེ་ཆ་རྐྱེན་དང་མཐུན་ཚེ་གཅིག་གྱུར་གྱིས་མཁར་གྲོང་སྡོད་ཁང་གི་འགན་སྲུང་ཁྱབ་ཁོངས་སུ་འཇོག་དགོས། འཕེལ་རྒྱས་བྱུང་མེད་པའི་ས་ཁུལ་དུ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ནང་རྐྱེན་འཛུགས་དགོས།

གསུམ་པ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

(བཅུ་གཅིག)གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་སྒོས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་དང་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས། འབྲུ་རིགས་དང་དཔལ་འབྱོར། གཟན་ཆས་བཅས་གཅིག་གྱུར་འཆར་འགོད་དང་། ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས་བཅས་མཉམ་གཉེར། ཐོན་རྫས་དང་ལས་སྣོན། ཕྱིར་འཚོང་བཅས་གཅིག་ཏུ་སྦྲེལ་བ། ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་བྱེད་པའི་དེང་རབས་གྲོང་གསེབ་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་བཙུགས་ཏེ། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་རུ་འཛུགས་དགོས། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་ཆེས་ཆེར་འཕེལ་རྒྱས་གཏོང་བར་སྐུལ་མ་གཏོང་བ་དང་། ས་གནས་ཀྱི་ཁྱད་ལྡན་ཆས་རྟགས་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་དེ་བཟོ་འགོད་དང་མཉམ་འདྲེས་གཏིང་ཟབ་ཡོང་བ་ལག་བསྟར་བྱས་ཏེ། གྲོང་གསེབ་ཡུལ་སྐོར་འདུ་ཁུལ(སྡེ་བ)འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་ནགས་ཚལ་ཁམས་གསོ། ཁམས་གཡེང་སྒར་རྒྱག་སོགས་ལས་རྣམ་གསར་པ་བཏོད་དེ། ཞིང་སྡེའི་དམངས་ཤག་ཚད་ལྡན་གྱིས་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་སྤེལ་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་བྱེད་པ་ཇེ་ལེགས་སུ་བཏང་ནས། ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་གསོ་སྐྱོང་བྱེད་དགོས།

(བཅུ་གཉིས)ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཇེ་ལེགས་དང་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཐོག་མའི་ལས་སྣོན། ཞིབ་ཕྲའི་ལས་སྣོན་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱས་ཏེ། རང་ས་དང་ཉེ་ས་རུ་རིམ་བསྒྱུར་རིམ་འཕར་བྱེད་པར་སྐུལ་སྤེལ་བྱེད་དགོས། ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་སྒྲིག་བཀོད་བསྒྱུར་བཀོད་དང་མཐོར་འདེགས་གཏོང་བར་སྐུལ་སྤེལ་བྱས་ནས། ཁྱབ་ཁོངས་རང་བཞིན་གྱིས་སྔོན་ལ་འཁེང་བ་དང་སྐམ་དུ་འཇུག་པ། གསོག་ཉར་དང་སོས་ཉར་བྱེད་པ། སོས་གཏུབ་དང་ཐུམ་རྒྱག་སོགས་ལས་སྣོན་རགས་རིམ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། རིག་ནུས་ཅན་དང་གཙང་སེལ་ཅན་གྱི་ལས་སྣོན་ཞིབ་མོ་རུ་འཕེལ་རྒྱས་གཏོང་དགོས། བྱང་ཤར་ས་ཁུལ་དུ་སྲན་མ་སོགས་ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་རྡང་ཡོངས་ཀྱི་ལས་སྣོན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཟས་རིགས་དང་གཟན་ཆས་ཐོན་ལས་ཀྱི་ཁྱུ་ཚོགས་བསྐྲུན་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་ཁུལ་གཙོ་བོར་ལས་སྣོན་ཐོན་ལས་གླིང་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས།

(བཅུ་གསུམ)ཞིང་སྡེའི་འཁོར་རྒྱུག་སྤུས་ཚད་མཐོན་པོས་འཕེལ་བར་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་གཏིང་ཟབ་ཀྱིས་སྐུལ་སྤེལ་བྱས་ནས་རྫོང་དང་ཞང་། སྡེ་བ་བཅས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་འགྲུལ་སྐྱེལ་དང་ཟོང་སྐྱེལ། སྦྲགས་སྲིད་བཅས་མཉམ་འདྲེས་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱས་ཏེ། མཉམ་དུ་སྐྱེལ་འདྲེན་བྱེད་པ་ཆེས་ཆེར་འཕེལ་རྒྱས་གཏོང་དགོས། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རར་རིམ་བསྒྱུར་རིམ་སྤར་བྱེད་པར་སྐུལ་སྤེལ་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་འཁྱགས་རྡང་ཟོང་སྐྱེལ་མ་ལག་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་བ་དང་། རྐང་འཛིན་སྐམ་འཁྱགས་སྦྲེལ་རྡང་གི་ཟོང་སྐྱེལ་རྟེན་གཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་ཏེ། རྫོང་ཁོངས་ཐོན་གནས་ཀྱི་སྤྱི་པའི་འཁྱགས་རྡང་ཟོང་སྐྱེལ་སྒྲིག་བཀོད་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་གློག་རྡུལ་ཚོང་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བཟོ་འགོད་ལག་བསྟར་བྱས་ཐོག རྫོང་ཁོངས་ཀྱི་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ནས། ཞིང་སྡེའི་ས་གནས་ཁྱད་ལྡན་ཐོན་རྫས་དྲ་ལམ་ནས་འཚོང་བ་འཕེལ་རྒྱས་གཏོང་དགོས། ཞིང་སྡེའི་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་སྟེ། ཞིང་སྡེའི་རྫུན་རྫུས་ཞན་གསུམ་གྱི་ཐོན་རྫས་རྒྱུན་མཐུད་ཀྱིས་དག་ཐེར་བྱེད་དགོས།

(བཅུ་བཞི)ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བའི་བྱེད་ཐབས་ཤུགས་ཆེར་གཏོང་དགོས། ཞིང་པའི་ཡོང་འཕར་ལ་སྐུལ་སྤེལ་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་རྒྱུན་མཐུད་ཀྱིས་རྒྱ་བསྐྱེད་པ་དང་། ཞིང་ཁྱིམ་གྱིས་ཁྱད་ལྡན་འདེབས་འཛུགས་དང་ལག་བཟོས་ཁང་། ནགས་ལས་དཔལ་འབྱོར་སོགས་ཁྱིམ་ཚང་གིས་གཉེར་བའི་ལས་གཞིར་རྒྱབ་སྐྱོར་བྱེད་དགོས། ཐོན་ལས་འཕེལ་རྒྱས་དེ་ཞིང་ལས་དང་འབྲེལ་ཞིང་ཞིང་ལས་ལ་སྣེ་ཁྲིད་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ། ཞིང་ལས་བདག་གཉེར་གྱི་གཙོ་གཞི་གསར་པ་དང་ཞིང་འབྲེལ་ཁེ་ལས་ཀྱི་རོགས་སྐྱོར་སྲིད་ཇུས་དེ་ཞིང་ཁྱིམ་གྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པ་དང་སྦྲེལ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ངལ་རྩོལ་པ་ཕྱོགས་མང་པོ་ནས་ལས་ཞུགས་བྱེད་པར་སྐུལ་སྤེལ་བྱེད་པ་དང་། ཁྱབ་ཁོངས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད་དང་རྩ་འཛུགས་ཡོད་པའི་ངལ་རྩོལ་པ་ཕྱིར་གཏོང་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ངལ་རྩོལ་པའི་ཆས་རྟགས་ཆེན་མོ་གསོ་སྐྱོང་བྱེད་དགོས། ཞིང་པ་ཞོར་ལས་པའི་ཞབས་ཞུའི་འགན་སྲུང་ཆེད་དམིགས་འགུལ་སྐྱོད་སྤེལ་ཏེ། ཞིང་པ་ཞོར་ལས་པའི་ལས་ཞུགས་འགུལ་རྣམ་ལྟ་ཞིབ་ཇེ་དྲག་ཏུ་གཏོང་དགོས། ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་བྱེད་པའི་གནད་དོན་སྔོན་འགོག་དང་ཉེན་ཟོན་བྱེད་པར་ཤུགས་བསྣན་ཏེ། གླ་ཆ་ཆད་པ་རྩ་བ་ནས་ཐག་གཅོད་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་པ་ཞོར་ལས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ཏེ། མངག་ཐོ་དང་ཕྱོགས་ངེས། ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་རྣམ་པ་ཁྱབ་གདལ་གཏོང་དགོས། ལོ་ན་ཆེ་བའི་ཞིང་པ་ཞོར་ལས་པའི་ལས་ཞུགས་རོགས་སྐྱོར་ལེགས་པོར་བསྒྲུབ་དགོས། གཙོ་གནད་བཟོ་འགོད་ལས་གཞི་དང་ཞིང་ལས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་རྒུད་གསབ་ལས་སྤྲོད་བྱེད་པ་ཁྱབ་གདལ་བཏང་ནས། ངལ་རྩོལ་པའི་གླ་ཆའི་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་དགོས། གླ་གཏོང་དང་མཉམ་ལས་གསར་འབྱེད། མ་རྐང་བཞག་སྟེ་བདག་གཉེར་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་ཞིང་སྡེའི་ཐོན་ཁུངས་དང་མ་རྩ་ལེགས་པོར་སྤྱོད་པར་སྐུལ་འདེད་བྱས་ནས། ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་དགོས།

བཞི་པ། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

(བཅོ་ལྔ)གྲོང་གསེབ་འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་དགོས། གྲོང་གསེབ་ཀྱི་མི་འབོར་འཕེལ་ཕྱོགས་དང་འཚམ་པར་བྱས་ནས། སྡེ་གྲོང་བཀོད་སྒྲིག་དང་ཐོན་ལས་སྒྲིག་གཞི། སྤྱི་པའི་ཞབས་ཞུའི་སྡེབ་སྒྲིག་བཅས་ཇེ་ལེགས་སུ་གཏོང་དགོས། རྫོང་ཁོངས་ཀྱི་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་འཆར་འགོད་ཀྱིས་མཁར་གྲོང་དང་སྡེ་གྲོང་། ཐོན་ལས་གླིང་ཁུལ་སོགས་བར་སྟོང་བཀོད་སྒྲིག་གི་གཅིག་གྱུར་འཆར་འགོད་ལ་ཤུགས་རྒྱག་དགོས། སྡེ་གྲོང་གི་འཆར་འགོད་ལ་རིགས་དགར་ཏེ་སྒྲིག་བཟོ་དང་སྣ་གཅིག་པུར་སྒྲིག་བཟོ་བྱས་ཆོག་ལ། ཞང་དང་གྲོང་རྡལ་ལམ་སྡེ་གྲོང་མང་པོ་གཅིག་ཏུ་བྱས་ཏེ་སྒྲིག་བཟོ་བྱས་ཀྱང་ཆོག སྒྲིག་བཟོ་བྱེད་མི་དགོས་པ་དག་རྫོང་དང་ཞང་རིམ་པའི་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་འཆར་འགོད་ཁྲོད་སྤྱི་འགྲོས་རྩ་སྲོལ་གསལ་པོ་བྱས་ཏེ་དོ་དམ་དང་གཏན་འཁེལ་བྱས་ཆོག སྡེ་གྲོང་འཆར་འགོད་སྒྲིག་བཟོའི་གྲུབ་འབྲས་རང་བཞིན་དང་སྤྱོད་ཆོག་རང་བཞིན། ལག་བསྟར་གཅུན་འདོམས་ནུས་པ་བཅས་ལ་ཤུགས་བརྒྱབ་སྟེ། གྲོང་གསེབ་ཀྱི་བར་སྟོང་ཇུས་འགོད་དང་རྣམ་པ་ཚོད་འཛིན་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། རྨོ་ཞིང་གི་སྤྱིའི་འདེབས་ཚད་ཇེ་ཉུང་དུ་མི་འགྲོ་བ་དང་ཡུན་རིང་གཞི་རྩའི་ས་ཞིང་བཀོད་སྒྲིག་ཧ་ལམ་བརྟན་བརླིང་ཡིན་པའི་སྔོན་འགྲོའི་འོག ས་ཞིང་སྣོན་འཕྲི་དམ་སྦྲེལ་དང་ཁ་གསབ་དོ་མཉམ་སྲིད་ཇུས་ཕྱོགས་བསྡུས་སྒོས་སྤྱད་དེ། བརྟན་བརླིང་རིམ་ལྡན་སྒོས་ཞང་དང་གྲོང་རྡལ་ནི་རྩ་བའི་སྡེ་ཚན་ཡིན་པའི་ཁྱབ་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། ཞིང་སྡེའི་བེད་མེད་ས་ཞིང་ལེགས་པོར་སྤྱད་དེ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས་ཐད་ས་ཞིང་བེད་སྤྱོད་པར་འགན་སྲུང་བྱེད་དགོས།

(བཅུ་དྲུག)ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བསྒྱུར་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་མཐའ་འཁྱོལ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་འཚོ་བའི་ཁྲོད་ཀྱི་བཙོག་ཆུ་དང་གད་སྙིགས་བཅོས་སྐྱོང་དང་ཞིང་སྡེའི་སྤྱོད་ཁང་ལེགས་བསྒྱུར་ལ་སྐུལ་སྤེལ་བྱས་ཏེ། ཞིང་པ་ནང་དུ་ཞུགས་པ་དང་ཡུན་རིང་དོ་དམ་ཚོད་འཛིན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་འཚོ་བའི་ཁྲོད་ཀྱི་གད་སྙིགས་རིགས་དབྱེ་དང་བསྡུ་སྐྱེལ་གྱི་ཐག་གཅོད་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་བསྐྱར་སྐྱེད་ཐོན་ཁུངས་ཕྱིར་བསྡུ་དང་བེད་སྤྱོད་ཚད་འཐུས་ཚང་དུ་གཏོང་དགོས། རིགས་དབྱེ་རིམ་དགར་སྒོས་འཚོ་བའི་བཙོག་ཆུ་ལེགས་བསྒྱུར་བྱེད་པར་སྐུལ་སྤེལ་བྱས་ནས། ཞིང་སྡེའི་མི་གཙང་བའི་ཆུའི་འགུལ་རྣམ་ཞིབ་བཤེར་དང་མགོ་ཁུངས་བཅོས་སྐྱོང་ལ་ཤུགས་རྒྱག་དགོས། དབུས་ནུབ་རྒྱུད་ས་ཁུལ་དུ་ཁྱིམ་ཚང་ལ་སྤྱོད་ཁང་ལས་རྒྱུ་བརྟན་བརླིང་སྒོས་སྐུལ་སྤེལ་བྱས་ཏེ། ཞིང་ཁྱིམ་རང་འཐད་བྱུང་བ་བརྒྱུད་ཚད་གཞི་ལྟར་སྤྱོད་ཁང་ལེགས་བསྒྱུར་བྱེད་པ་དང་སྲིད་གཞུང་གིས་ཞིབ་བཤེར་ཚད་དང་མཐུན་རྗེས་ཁྱིམ་ཚང་ལ་གསབ་དངུལ་སྟེར་བའི་ཁ་གསབ་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། ཞིང་སྡེའི་སྐྱེ་ལྡན་འཚོ་བའི་གད་སྙིགས་དང་བཙོག་རྫས། ཞིང་ལས་ཐོན་སྐྱེད་བཅས་ཀྱི་སྐྱེ་ལྡན་དོར་རྫས་ཐོན་ཁུངས་ཅན་གྱིས་ཐག་གཅོད་དང་བེད་སྤྱོད་པར་མཐུན་སྦྱོར་གྱིས་སྐུལ་སྤེལ་བྱེད་དགོས།

(བཅུ་བདུན)ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་སྐོང་བར་སྐུལ་སྤེལ་བྱེད་དགོས། ས་ཆ་སོ་སོའི་དངོས་ཡོད་དང་ཞིང་པའི་དགོས་མཁོར་གཞིགས་ཏེ། ཀུན་ལ་ཕན་པའི་དོན་དག་རེ་རེ་བཞིན་སྒྲུབ་ཅིང་རེ་རེ་བཞིན་འགྲུབ་དགོས། ཞིང་སྡེའི་ཆུ་འདོན་བཟོ་འགོད་མ་ལག་འཐུས་ཚང་དུ་བཏང་སྟེ། ཆ་རྐྱེན་ལྡན་པར་གྲོང་ཁྱེར་དང་ཞང་གྲོང་གི་ཆུ་འདོན་གཞི་གཅིག་ཅན་དང་གཅིག་བསྡུས་ཆུ་འདོན་གཞི་ཁྱོན་ཅན་དུ་བསྒྱུར་བ་དང་། གནས་སྐབས་སུ་ཆ་རྐྱེན་མི་ལྡན་པར་ཆུ་འདོན་བཟོ་འགོད་ཆུང་གྲས་ཚད་ལྡན་ཅན་འཛུགས་སྐྲུན་དང་བསྒྱུར་བཅོས་བྱེད་པར་ཤུགས་རྒྱག་དགོས་ལ། ཆེད་ལས་ཅན་གྱི་དོ་དམ་ལྟ་སྲུང་ལ་ཤུགས་བསྣན་ཏེ། ཞིང་སྡེའི་ཆུ་འདོན་ཆུ་སྤུས་མཐོར་འདེགས་གཏོང་བའི་ཆེད་དམིགས་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཞིང་སྡེའི་གློག་དྲ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་འགོད་སྐུལ་སྤེལ་བྱེད་དགོས། ཞིང་སྡེའི་ཡོངས་ཁྱབ་རྣམ་པའི་ནུས་ཁུངས་གསར་པ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། སྡེ་བ་དང་གྲོང་རྡལ་གཙོ་བོའི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་ས་དང་གློག་སྤོར་སའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས།“བཟང་བ་བཞི་ཡི་ཞིང་སྡེའི་ལམ”གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བྱེད་པ་དང་། འགྲིམ་འགྲུལ་དོ་དམ་དང་བདེ་འཇགས་འགོག་སྲུང་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་གཞུང་ལམ་དང་ཟམ་པའི་བདེ་འཇགས་ཀྱི“ཉེན་སེལ”འགུལ་སྐྱོད་མགྱོགས་མྱུར་གྱིས་ལག་བསྟར་བྱེད་དགོས། ཞིང་སྡེའི་ཉེན་ཁང་ལེགས་སྒྱུར་དང་ཞིང་སྡེའི་ཁང་པའི་ཡོམ་འགོག་ལེགས་བསྒྱུར་བྱ་བ་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཞིང་སྡེའི་ཁང་པའི་བདེ་འཇགས་ཉེན་སེལ་ཞིབ་བཤེར་དང་དག་ཐེར་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་གཏོང་བའི་འགུལ་སྐྱོད་རྒྱུན་མཐུད་ཀྱིས་ལག་བསྟར་བྱེད་པ་དང་། ཤེས་ལྡན་ཞིང་ལས་འཕེལ་རྒྱས་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི“ཨང་ཀིའི་འགལ་རྐྱེན”ཇེ་ཆུང་དུ་གཏོང་དགོས། ཤེས་ལྡན་རྒྱང་སྒྲོག་གི་གྲོང་གསེབ་བཟོ་འགོད་ལག་བསྟར་བྱེད་དགོས། ཆ་རྐྱེན་ལྡན་པའི་ཞིང་ཆེན་གྱིས་ཁྱབ་ཁོངས་རང་བཞིན་གྱི་གཞི་གྲངས་ཆེན་མོའི་སྟེགས་བུ་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་པར་སྐུལ་མ་བཏང་སྟེ། ཞིང་ལས་ཐོན་སྐྱེད་བདག་གཉེར་དང་ཞིང་སྡེའི་སྤྱི་ཚོགས་དོ་དམ་སོགས་ཞིང་འབྲེལ་ཆ་འཕྲིན་མཐུན་སྦྱོར་གྱིས་མཉམ་སྤྱོད་བྱེད་པར་ཤུགས་རྒྱག་དགོས།

(བཅོ་བརྒྱད)ཞིང་སྡེའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་པའི་སློབ་གསོའི་ཞབས་ཞུའི་མཁོ་འདོན་ཇེ་ལེགས་སུ་གཏོང་བ་དང་། ཞག་སྡོད་སློབ་གྲྭའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ངེས་པར་དགོས་པའི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་ལེགས་པོར་སྒྲུབ་པ་བཅས་བྱེད་དགོས། རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མ་འཕེལ་རྒྱས་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་དགོས། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་གི་ཞབས་ཞུ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གྲོང་གསེབ་སྨན་པའི་ཁྲོད་ལས་གཉེར(ལས་རོགས)སྨན་པའི་ཐོབ་ཐང་ཡོད་པའི་མི་སྣའི་བསྡུར་ཚད་བརྟན་བརླིང་གིས་མཐོར་འདེགས་གཏོང་དགོས། གྲོང་གསེབ་ཀྱི་འགོས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་དགོས། རྫོང་ཁོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩ་དེ་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སྤྱོད་པའི་བསྡུར་ཚད་རིམ་བཞིན་མཐོར་འདེགས་གཏོང་བ་དང་། སྡེ་བའི་འཕྲོད་བསྟེན་ཁང་དེ་མྱུར་དུ་སྨན་བཅོས་འགན་སྲུང་གི་གཏན་འཁེལ་དོ་དམ་ཁྲོད་འཇོག་དགོས། ཞིང་སྡེའི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཡུལ་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་བྱེད་པ། ཞིང་སྡེའི་རྒན་རྒོན་ལ་ཟ་མ་སྟེར་བ་དང་རོགས་རེས་བྱེད་པའི་ཞབས་ཞུ་འཕེལ་རྒྱས་དང་སྐུལ་མ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་སྲུང་གི“མང་པོ་སྤྲོད་ན་མང་པོ་ཐོབ་པ་དང་སྤྲོད་ཡུན་རིང་ན་མང་པོ་ཐོབ་པའི”སྐུལ་སློང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཕྲུ་གུ་སྐྱེ་བར་རྒྱབ་སྐྱོར་དང་ཕྲུ་གུ་དམར་འབྱར་གྱི་གཉོར་སྐྱོང་ཞབས་ཞུ་ལ་ཤུགས་བསྣན་ཏེ། འཁྱར་འགྲིམས་བྱིས་པ་དང་གཞིས་སྲུང་བྱིས་པ། བུད་མེད། རྒན་རྒོན། དབང་བོ་སྐྱོན་ཅན་སོགས་ལ་ཐུགས་ཁུར་དང་དོ་ཁུར་བྱེད་པའི་ཞབས་ཞུ་ལེགས་པོར་བསྒྲུབ་དགོས། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་གྱི་སྤྱི་པའི་ཞབས་ཞུ་ནུས་པ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་དགོས།

(བཅུ་དགུ)ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ལས་དང་ཞིང་སྡེ་ཡི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ངང་ལེགས་པོར་བརྒྱབ་སྟེ། གྲོང་གསེབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལ་གཞི་གཅིག་ཏུ་སྐུལ་འདེད་བྱེད་དགོས། ལུད་རྫས་དང་ཞིང་སྨན་འབོར་འཕྲི་ནུས་མཐོ་ཡོང་བར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། འདེབས་འཛུགས་གསོ་སྤེལ་གྱི་འཁོར་སྐྱོད་རྣམ་པ་ཁྱབ་སྤེལ་གཏོང་དགོས། རྫོང་ཧྲིལ་པོས་ཞིང་ལས་ཀྱི་གནས་ངེས་མེད་ནས་ཐོན་པའི་སྦགས་བཙོག་ཕྱོགས་བསྡུས་འགོག་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། རྨོ་འདེབས་ས་རྒྱུའི་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་འབྱུང་ཁུངས་ལ་ཞིབ་བཤེར་དང་ལེགས་བཅོས་བྱེད་པར་ཤུགས་སྣོན་དགོས། ཟས་སྤྱོད་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་སྤུས་ཚད་བདེ་འཇགས་ཚོད་འཛིན་དང་ཐོན་རྫས་ཀྱི་ཞིབ་དཔྱད་ཚད་ལེན་ལ་ཤུགས་སྣོན་པ་དང་།“ཞིང་ས་ནས་གསོལ་ཅོག”བར་གྱི་གོ་རིམ་ཡོངས་ཀྱི་ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། ཕྱུགས་སྤྱོད་དུག་སྲིན་འགོག་སྨན་གྱི་བེད་སྤྱོད་ཚད་ཇེ་ཉུང་དུ་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས། སྲོག་ཆགས་ཀྱི་ནད་རིགས་དང་མི་ཕྱུགས་གཉིས་ཀར་འབྱུང་བའི་འགོས་ནད་ཆེ་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་དགོས། ལོ་བཅུའི་རིང་ལ་འབྲི་ཆུའི་ནང་ཉ་འཛིན་མི་ཆོག་པའི་ཕན་འབྲས་རྒྱུན་མཐུད་སྒོས་བརྟན་པོར་གཏོང་དགོས། འབྲི་ཆུའི་སྟོད་དབུས་བཞུར་རྒྱུན་གྱི་སྐས་ཞིང་གི་ས་ཆུ་ཤོར་བའི་བཅོས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་བཞུར་རྒྱུན་གྱི་ཆུ་ལ་ཚད་མཐོའི་གྲོན་ཆུང་དང་ཚོད་འཛིན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། ཆུ་རྒྱུན་གཅིག་འབྲེལ་དང་ཆུ་ཁུངས་གསོ་སྐྱོང་། ས་ཆུ་བརྟན་སྲུང་བཅས་ལ་སྐུལ་འདེད་གཏོང་བ་དང་། གཙང་བོ་དང་མཚེའུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པ། ས་འོག་གི་ཆུ་ཚད་བརྒལ་སྔོག་འདོན་བྱེད་པའི་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ཐང་རྒོད་ཅན་དུ་འགྱུར་བར་ཕྱོགས་བསྡུས་འགོག་བཅོས་བྱེད་པར་ཤུགས་སྣོན་པ་དང་།“རྩྭ་འོད་མཉམ་གསོ”ཡི་ཐབས་ལམ་འཚོལ་ཞིབ་བྱེད་དགོས།“བྱང་གསུམ”བཟོ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ཤུགས་ཆེན་པོས་ལེགས་པོར་རྒྱག་པ་དང་། ཐབས་ལམ་དང་རྣམ་པ་མང་པོས་ཞིང་པ་མང་ཚོགས་རྩ་འཛུགས་བྱས་ནས་ལས་གཞིའི་འཛུགས་སྐྲུན་ལ་ཟབ་ཞུགས་བྱེད་པར་སྐུལ་སློང་བྱེད་དགོས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་དང་བྱ་དགའི་སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་། ཚད་བརྒལ་ཕྱུགས་འཚོའི་ཚོད་འཛིན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་ལ་ཤུགས་སྣོན་དགོས། གནའ་སྡོང་དང་སྡོང་བོ་མིང་གྲགས་ཅན་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་དགོས།

(ཉི་ཤུ)རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྫོང་མཁར་གྱི་ཕྱོགས་བསྡུས་ཐེག་ཁུར་ནུས་པ་དང་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བ། རྫོང་ཞང་སྡེ་གསུམ་གྱི་བྱེད་ནུས་སྦྲེལ་མཐུད་དང་ཕན་ཚུན་གསབ་པ། ཐོན་ཁུངས་ཀྱི་གྲུབ་ཆ་སྡེབ་སྒྲིག་ལེགས་པོ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་ཐོན་ལས་སྒྲིག་གཞི་དང་བར་སྟོང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང། རྫོང་མཁར་ལྟེ་བ་ཡིན་པ་དང་མཁར་གྲོང་ཆུང་བ་གནས་མཚམས་ཡིན་པའི་རྫོང་ཁོངས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་དང་། རྫོང་ཁོངས་ཀྱི་ལས་ཞུགས་ཤོང་ཚད་རྒྱ་བསྐྱེད་དགོས། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་གཞི་གཅིག་ཅན་དང་གཅིག་འདུས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རེས་སྐོར་གསར་པའི་ཞིང་ལས་གནས་སྤོར་མི་གྲངས་གྲོང་ཁྱེར་སྡོད་དམངས་ཅན་དུ་འགྱུར་བའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་རྫོང(གྲོང་ཁྱེར། ཆུས)གིས་མཁར་གྲོང་གི་རྒྱུན་སྡོད་མི་གྲངས་ཡོངས་རྫོགས་སྡོད་ཁང་འགན་སྲུང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་འཇོག་པར་སྐུལ་མ་བྱེད་དགོས།

ལྔ་པ། གྲོང་གསེབ་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་དགོས།

(ཉེར་གཅིག)ཏང་གི་འཛུགས་སྐྲུན་ནན་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་ཁྲིད་ཕྱོགས་མངོན་གསལ་ནན་འཛིན་བྱེད་པ་རྒྱུན་འཁྱོངས་དང་། རྫོང་རིམ་པའི་ཏང་ཨུས་ཞང་ནན་འཛིན་བྱེད་པར་བརྟེན་ནས་སྡེ་བར་སྐུལ་འདེད་གཏོང་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། རྫོང་དང་ཞང་དང་སྡེ་བ་བཅས་རིམ་པ་གསུམ་གྱིས་མཉམ་འབྲེལ་སྒོས་སྔོན་ཐོན་བརྩོན་ལེན་དང་རྗེས་ལུས་དག་ཐེར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཁག་གིས་གྲོང་གསེབ་དར་སྤེལ་ནན་འཛིན་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་། ཞང་དང་གྲོང་རྡལ་གྱི་ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་ཡོངས་ལ་ཁེབས་པའི་གསོ་སྦྱོང་དང་ཞིང་སྡེའི་ཏང་ཡོན་ཏང་གི་སློབ་གྲྭར་སོང་ནས་གཅིག་བསྡུས་རེས་སྐོར་གསོ་སྦྱོང་སྤེལ་དགོས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཇེ་ལེགས་ཇེ་རྒྱས་སུ་གཏོང་བ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་སྡེ་བ་རིམ་པའི་རྩ་འཛུགས་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། སྡེ་བ་རིམ་པའི་གྲོས་མོལ་གྲོས་ཞིབ་ཀྱི་དཀར་ཆག་ལམ་ལུགས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྡེ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འདེམས་སྐྱོང་དང་དོ་དམ་བེད་སྤྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་མི་སྣའི་རྗེས་གྲབས་སྟོབས་ཤུགས་གསོ་སྦྱོང་དང་གསོག་ཉར་བྱེད་པའི་ལོ་གསུམ་འགུལ་སྐྱོད་ལག་བསྟར་བཅས་བྱེད་དགོས། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་ཚན་ཆུང་གི་འདེམས་མངགས་དོ་དམ་ཇེ་ལེགས་སུ་གཏོང་དགོས། གཞི་རིམ་ལྟ་ཞིབ་སྒྲིག་བཤེར་སྟོབས་ཤུགས་སྔར་ལས་ཧྲག་སྡེབ་བྱེད་པ་དང་། གཞི་རིམ་གྱི་ལྟ་ཞིབ་མ་ལག་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་སྤྱོད་ངན་དང་རུལ་སུངས་གནད་དོན་ཆེད་དམིགས་བཅོས་སྐྱོང་བྱེད་ཤུགས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་དགོས། ཞང་དང་གྲོང་རྡལ་གྱིས་རྫོང་ཐད་གཏོགས་སྡེ་ཁག་གི་མངགས་སྡོད་སྒྲིག་གཞི་དང་མི་སྣའི་དོ་དམ་འགན་འཁྲི་ལ་ཤུགས་སྣོན་པ་དང་། སྒྲིག་ཁོངས་ཐོན་ཁུངས་དེ་ཞང་དང་གྲོང་རྡལ་ལ་ཕྱོགས་པའི་ཤུགས་ཚད་ཆེ་རུ་གཏོང་བ། རྫོང་ཡན་གྱི་ལས་ཁུངས་ཀྱིས་སྤྱིར་བཏང་ཞང་དང་གྲོང་རྡལ་ནས་ལས་བྱེད་མི་སྣ་གཡར་སྤོར་བྱེད་མི་ཆོག་པ།“གཞི་རིམ་སྲིད་གཞུང་གིས་བརྡ་བརྒྱབ་ན་འབྲེལ་ཡོད་ལས་ཁུངས་དུས་ལྟར་འབྱོར་བ”སོགས་ཀྱི་བྱེད་ཐབས་ཁྱབ་སྤེལ་བྱེད་པ་དང་། གོང་རིམ་སྡེ་ཁག་གི་གཞི་རིམ་དང་འབྲེལ་བའི་བྱ་བའི་ནང་ཞུགས་པའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་དང་། གཞི་རིམ་གྱི་འགན་འཁྲི་རྩིས་ཐོ་དང་ལས་དོན་རྩིས་ཐོ་འཐུས་ཚང་དུ་གཏོང་བ།“མཛོ་ཁལ་ལུག་གིས་འཁུར་བ”སོགས་གཞི་རིམ་བཅོས་སྐྱོང་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།

(ཉེར་གཉིས)གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས། རྨོ་འདེབས་རིག་གནས་དང་དེང་རབས་རིག་གནས་གྲུབ་ཆ་ནུས་ལྡན་མཉམ་འབྲེལ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་དེང་རབས་རིག་གནས་ཀྱི་གྲོང་གསེབ་ལེའུ་འབྲི་དགོས། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལེགས་བཅོས་དང་གསར་གཏོད་བྱེད་པ་དང་། དུས་རབས་གསར་པའི་རིག་གནས་ལག་ལེན་དེ་གྲོང་སྡེ་དང་ཁྲོམ་ཚོགས་སོགས་ཀྱི་མཇུག་སྣེ་ལ་བསྲིང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་སྤུས་ལེགས་རིག་གནས་ཐོན་ཁུངས་དེ་གཞི་རིམ་དུ་བསྲིང་བར་སྐུལ་སྤེལ་བྱེད་པ། ཕན་ནུས་ལྡན་པའི་ཞབས་ཞུའི་མཁོ་འདོན་ཇེ་མང་དུ་གཏོང་བ་བཅས་བྱེད་དགོས། ཏང་གི་གསུང་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། གྲོང་གསེབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གཏོང་བར་ཤུགས་སྣོན་དགོས། ཞིང་སྡེའི་རིག་གནས་ཤུལ་བཞག་དང་ཞིང་སྡེའི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་ལེགས་སྒྲིག་དང་སྲུང་སྐྱོབ་བེད་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་སྡེའི་རིག་རྫས་སྲུང་སྐྱོང་བཟོ་འགོད་ལག་བསྟར་བྱེད་དགོས། སྲོལ་རྒྱུན་སྡེ་བ་གཅིག་བསྡུས་མུ་འབྲེལ་སྒོས་སྲུང་སྐྱོབ་དང་བེད་སྤྱོད་དཔེ་སྟོན་བྱེད་དགོས། ཞིང་པ་གཙོ་བོ་ཡིན་པ་རྒྱུན་འཁྱོངས་དང“སྡེ་བའིBA”ལྒང་ལི་འགྲན་སྡུར་དང་སྡེ་བའི་རྐང་རྩེད་སྤོ་ལོ་འགྲན་སྡུར། སྡེ་བའི་དགོང་ཚོགས་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་དང་ལུས་རྩལ་བྱ་འགུལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

(ཉེར་གསུམ)ཞིང་སྡེའི་ལུགས་སྲོལ་ངན་པ་བསྒྱུར་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། འདྲེན་འགོག་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ་དང་། ལུགས་སྲོལ་ངན་པ་བསྒྱུར་བ་ནན་འཛིན་བྱེད་པའི་ཐབས་ལམ་གསར་གཏོད་དང་། སྡེ་དམངས་ཀྱི་རང་སྐྱོང་ནུས་པ་འདོན་སྤེལ། སྡེ་སྲོལ་དམངས་ཆིངས་ཀྱི་སྐུལ་སློང་དང་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སློང་རྟེན་མཐོན་པོ་དང་རྒྱས་སྤྲོས་རྒྱས་གཤོམ། གང་འདོད་དུ་དུར་སྦས་བྱེད་པ་སོགས་ཀྱི་གནད་དོན་མངོན་གསལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས། ས་གནས་སོ་སོས་ཞིང་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་ར་བ་བེད་སྤྱོད་པར་སྐུལ་མ་བཏང་སྟེ། ཞིང་པས་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ལ་ཕན་བདེ་རང་བཞིན་གྱི་སྤྱི་ཚོགས་ཞབས་ཞུ་མཁོ་འདོན་དང་། ཞིང་སྡེ་ཡི་ངོ་སྲུང་འགན་འཁུར་ཇེ་ཡང་དུ་གཏོང་དགོས། གཉེན་དོན་གསར་སྒྲུབ་དང་འདས་དོན་སླ་སྒྲུབ། རྒན་བཀུར་གཞོན་བྱམས་སོགས་ཚོད་འཛིན་རང་བཞིན་གྱི་ཚད་ལྡན་དང་སྐུལ་སློང་རང་བཞིན་གྱི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་དམ་བཅའ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དྲང་ཕྱོགས་ལ་ཁྲིད་སྟོན་སྐུལ་སློང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྩིས་ཐོ་ལམ་ལུགས་དང་བསགས་གྲངས་ལམ་ལུགས་སོགས་ཕན་ནུས་ལྡན་པའི་བྱེད་ཐབས་ཁྱབ་སྤེལ་བྱེད་དགོས།

(ཉེར་བཞི)བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། འགལ་བ་དང་རྩོད་གཞིའི་འབྱུང་ཁུངས་སྔོན་འགོག་དང་གྲལ་བཤེར་སྔོན་བརྡ། སྣ་མང་འགལ་སེལ་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།“སྡེ་བའི་བཙན་བདག”རྒྱུན་མཐུད་ངང་འགོག་སྲུང་དང་བཅོས་སྐྱོང་བྱེད་པ། ཞིང་སྡེའི་ཆོས་ལུགས་ནག་ཚོགས་སྟོབས་ཤུགས་དང་དེའི“སྲུང་གདུགས”ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ཞིང་སྡེའི་རྒྱན་སྐུག་ཁྲིམས་འགལ་གྱི་ཉེས་གསོག་ཆེད་དོན་འགུལ་སྐྱོད་ལ་རྒྱུན་མཐུད་ངང་རྡུང་རྡེག་དང་བཅོས་སྐྱོང་བྱེད་པ་དང་། དྲ་ལམ་མགོ་སྐོར་གྱི་དོགས་ཟོན་དྲིལ་སྒྲོག་ལ་ཤུགས་སྣོན་དགོས། ཞིང་སྡེའི་འགྲོ་ལམ་འགྲིམ་འགྲུལ་དང་རླངས་འབར། མེ་འགོག་མེ་གསོད། ཉ་གྲུ་སོགས་མངའ་ཁོངས་གཙོ་བོའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་བཅོས་སྐྱོང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་གནོད་འགོག་གནོད་འཕྲིའི་བཟོ་འགོད་དང་མཁོ་བསྟུན་དོ་དམ་ཆ་འཕྲིན་ཅན། སྤྱི་པའི་མེ་འགོག་མེ་གསོད་སྒྲིག་ཆས་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ། གནོད་འགོག་ཉེན་གཡོལ་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ནུས་པ་མཐོར་འདེགས་གཏོང་དགོས། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཞིང་པའི་བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

དྲུག་པ། ཏང་གིས“ཞིང་གསུམ་བྱ་བར”ཁྱོན་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་དགོས།

(ཉེར་ལྔ)ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་པའི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།“ཞིང་གསུམ”གནད་དོན་ཐག་གཅོད་བཟང་པོ་བྱེད་པ་དེ་ཏང་ཡོངས་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་དང་། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ།“ཞིང་གསུམ”བྱ་བའི་སྒྲིག་སྲོལ་ནང་རྐྱེན་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ། གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་འཛིན་པའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། གཙོ་རྒོལ་ཁ་ཕྱོགས་གསལ་པོར་བྱེད་པ། རྩ་འཛུགས་ཀྱི་སྐུལ་འདེད་ཏན་ཏིག་ཡོང་བ་བཅས་བྱེད་དགོས། ཏང་ཨུའི་ཞིང་སྡེ་བྱ་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་གཅིག་གྱུར་གྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དགོས། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས“གཞི་རིམ་དུ་བསྐྱོད་པ་བཞི”ཡི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཞིང་པ་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱས་པའི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ལ་འབྲེལ་བ་ཡོད་པའི་རིགས་སོ་སོའི་ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་བྱ་བ་ཇེ་ལེགས་སུ་གཏོང་བ་དང་། དངོས་ཡོད་ཕན་འབྲས་འབུར་དུ་ཐོན་པར་བྱེད་པ། སྡེབ་སྒྲིག་བྱེད་ཐུབ་པ་དག་སྡེབ་སྒྲིག་བྱེད་པ་དང་སྟབས་བདེ་བཟོ་ཐུབ་པ་དག་སྟབས་བདེ་བཟོས་ནས།གཞི་རིམ་གྱི་རྒྱུགས་ལེན་དང་ཞིབ་བཤེར་དང་ལེན་བྱེད་པའི་འགན་ཁུར་ཇེ་ཡང་དུ་གཏོང་དགོས། གཏན་འཁེལ་ལྟར་གྲོང་གསེབ་དར་སྤེལ་ལ་གཟེངས་བསྟོད་སྐུལ་སློང་བྱས་ནས། དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གྱི་གཏམ་རྒྱུད་བཟང་པོར་བཤད་དགོས།

(ཉེར་དྲུག)ཞིང་སྡེ་བཅོས་བསྒྱུར་གསར་སྐྲུན་ལ་ཤུགས་སྣོན་དགོས། ཚད་མཐའ་བརྟན་པོར་སྲུང་བའི་སྔོན་འགྲོའི་འོག ས་ཁུལ་སོ་སོས་ལག་ལེན་ཉམས་ཞིབ་དང་ལམ་ལུགས་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་བ་དང་། བཅོས་བསྒྱུར་བྱེད་ཐབས་ཀྱིས་འདུས་གྲུབ་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་དང་སྒུལ་ཤུགས་སྐུལ་སྤེལ་བཅས་བྱེད་དགོས། སྐོར་ཐེངས་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་བསྐྱར་དུ་ལོ30ཇེ་རིང་ལ་གཏོང་བའི་ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་སྤེལ་དགོས། ས་ཞིང་འཁོར་སྐྱོད་རིན་གོང་གྲུབ་ཚུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འཁོར་སྐྱོད་འགྲོ་གྲོན་ལུགས་མཐུན་མིན་པར་འཕར་བ་གཏན་འགོག་བྱེད་པའི་ཕན་ཡོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་བསྒྱུར་བརྟན་བརླིང་ངང་སྐུལ་སྤེལ་བྱེད་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པ་དང་། རྣམ་པ་གསར་པའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱས་ཏེ། ཞིང་སྡེའི་ཐུན་མོང་བདག་གཉེར་གྱི་ཉེན་ཁ་ཚོད་འཛིན་ནན་མོ་བྱེད་དགོས། ཐུན་མོང་རྒྱུ་ནོར་དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཚན་ཆུང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་མིང་ཐོག་ཏུ་ཐོ་འགོད་བྱེད་སྐབས་དཔྱ་ཁྲལ་མེད་པ་དང་ཉུང་དུ་གཏོང་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་བསྒྱུར་དང་ཞིང་ལས་ཀྱི་ཆུའི་རིན་གོང་ཕྱོགས་བསྡུས་བཅོས་བསྒྱུར། ས་རྒོད་གསར་སྤེལ་བཅོས་བསྒྱུར།མཁོ་ཚོང་མཉམ་ལས་ཁང་ཕྱོགས་བསྡུས་བཅོས་བསྒྱུར་བཅས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས།

(ཉེར་བདུན)གྲོང་གསེབ་དར་སྤེལ་གྱི་སྣ་མང་ཅན་གྱི་དངུལ་གཏོང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་ལས་དང་ཞིང་སྡེ་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཁྲོད་བཞག་ནས་དམིགས་བསལ་གྱིས་འགན་སྲུང་བྱེད་པའི་ཁྱབ་ཁོངས་ནང་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་མ་དངུལ་གཏོང་བ་དང་མ་དངུལ་རུབ་བསྡུ་བྱེད་པའི་ནང་རྐྱེན་གསར་སྐྲུན་བྱས་ཏེ། དངུལ་གཏོང་དང་གྲོང་གསེབ་དར་སྤེལ་གྱི་དམིགས་འབེན་ལས་འགན་ཕན་ཚུན་འཕྲོད་མཐུན་ཡོང་བར་ཁག་ཐེག་བྱེད་དགོས། ས་ཞིང་བཤུག་སྤྲོད་ཡོང་འབབ་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་དགོས། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སོགས་སྲིད་ཇུས་ལག་ཆ་ཚད་ལྡན་ངང་བཀོལ་སྤྱོད་བཟང་པོ་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་བཟོ་འགོད་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཡིད་རྟོན་དངུལ་བུན་ལས་སྒོ་ཡིས་རྫོང་ཁོངས་གཙོ་བོ་ཡིན་པའི་དངུལ་རྩ་ལས་ཁུངས་ལ་དངུལ་ལོར་སྲིད་ཇུས་ཀྱིས་གནད་ཁེལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང། དངུལ་ཁང་ཆེ་བ་དང་འབྲིང་བས་“ཞིང་གསུམ”དངུལ་རྩ་ཞབས་ཞུ་ཆེད་ལས་རང་བཞིན་གྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་དངུལ་རྩ་ལས་ཁུངས་འབྲིང་ཆུང་གིས་ཞིང་ལས་དང་ཁེ་ལས་ཆུང་བར་རོགས་སྐྱོར་བྱེད་པའི་གནས་མཚམས་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་ཡིད་རྟོན་ཁང་བཅོས་བསྒྱུར་གྱི་ཉེན་ཁ་སེལ་བར་ཞིང་ཆེན་དང་རིགས་བགར་ནས་སྐུལ་འདེད་བྱེད་དགོས། འབྲུ་རིགས་བདེ་འཇགས་དང་འདེབས་འཛུགས་ལས་རིགས་དར་སྤེལ་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོའི་ཡིད་རྟོན་དངུལ་བུན་གྱི་ཞབས་ཞུའི་རྣམ་པ་གསར་སྐྲུན་དང་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་གྲངས་འཛིན་ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་བ་དང་། ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས། རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་འགན་ལེན་མ་ལག་དང་སྲིད་གཞུང་དངུལ་གཏོང་ཐེབས་རྩ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ནོར་སྲིད་དངུལ་རྩའི་གཞོགས་འདེགས་མཉམ་འབྲེལ་ཤུགས་དྲག་ཏུ་གཏོང་བ་དང་། ས་གནས་སྲིད་གཞུང་གི་མི་མངོན་པའི་བུ་ལོན་གསར་དུ་ཁ་སྣོན་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཚད་གཞི་མཐོ་བའི་ཞིང་ས་དང་སྒྲིག་བཀོད་ཞིང་ལས་འཛུགས་སྐྲུན་སོགས་ཞིང་ལས་ཁྱབ་ཁོངས་ལ་འབྲེལ་བའི་དངུལ་བུན་སྐྱེད་ཀ་བྱ་དགའ་དང་ཁ་གསབ་བྱེད་པའི་ཚོད་ལྟ་སྤེལ་དགོས། སྤྱི་ཚོགས་ཀྱི་མ་རྩ་དེ་ཞིང་ལས་དང་ཞིང་སྡེར་གཏོང་བར་སྐུལ་མ་བཏང་ནས། དངུལ་གཏོང་བདག་གཉེར་ཁྲོད་ལུགས་མཐུན་མིན་པའི་བྱ་སྤྱོད་སྔོན་འགོག་དང་ཡོ་བསྲང་ནུས་ལྡན་བྱེད་དགོས། ཞིང་འབྲེལ་མ་དངུལ་ལས་གཞིར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། མ་དངུལ་གཡོ་ལེན་དང་ལྐོག་ལེན་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རྩད་གཅོད་ནན་མོ་བྱེད་དགོས།

(ཉེར་བརྒྱད)གྲོང་གསེབ་འཇོན་མིའི་དཔུང་སྡེ་རྒྱ་ཆེར་གཏོང་དགོས། གྲོང་གསེབ་དར་སྤེལ་གྱི་འཇོན་མིའི་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱེད་པ་དང་། གྲོང་གསེབ་ཀྱི་རང་ས་གནས་ཀྱི་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ། གྲོང་ཁྱེར་གྱི་ལས་རིགས་སོ་སོའི་ཆེད་ལས་ལག་རྩལ་འཇོན་མི་ཞིང་གྲོང་དུ་ཡོང་ནས་ཞབས་ཞུ་སྒྲུབ་པར་གོ་རིམ་ཡོད་པའི་སྒོ་ནས་ཁྲིད་སྟོན་བྱེད་པ། ཞིང་གྲོང་མང་ཚོགས་ཀྱི་ཕྱོགས་བསྡུས་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་བཅས་བྱེད་དགོས། ཞིང་ལས་ཚན་རྩལ་འཇོན་མི་དང་ཞིང་སྡེའི་རྩལ་ནུས་མཐོན་པོའི་འཇོན་མི་སྐྱེད་སྲིང་དང་བཀོལ་བར་ཤུགས་སྣོན་པ་དང་། གདེང་འཇོག་སྐུལ་སློང་ནང་རྐྱེན་དང་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གསོའི་ཞིང་ལས་ཚན་རྩལ་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་ལས་དང་ནགས་ཚལ། ཆུ་བེད་རིགས་སྐོར་གྱི་ཆེད་ལས་འཇོན་མི་དཀོན་པོ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ། མཐོ་རིམ་སློབ་གྲྭ་དཀྱུས་མ་དང་ཆེད་ལས་ལས་རིགས་ལག་རྩལ་སློབ་གྲྭ། ཞིང་ལས་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་པར་སློབ་གསོ་གཏོང་བ་དང་གསབ་སྦྱོང་བྱེད་པའི་ཕན་འབྲས་མཐོར་འདེགས་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་མི་སྣ་དེ“རྫོང་གིས་དོ་དམ་དང་ཞང་གིས་བཀོལ་སྤྱོད། ཞང་གིས་གདན་ཞུ་དང་སྡེ་བས་བཀོལ་སྤྱོད”བྱེད་པ་ཁྱབ་གདལ་གཏོང་བ། དགེ་རྒན་ནི“རྫོང་གིས་དོ་དམ་དང་སློབ་གྲྭས་གདན་ཞུ”བྱེད་པའི་བཅོས་བསྒྱུར་ལག་བསྟར་བྱེད་དགོས། ཚན་རྩལ་ར་བ་ཆུང་ཆུང་གི་རྣམ་པ་ཁྱབ་གདལ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གླིང་དང་མཐོ་རིམ་སློབ་གྲྭའི་ཆེད་མཁས་དགེ་རྒན་གྱིས་ཞིང་ལས་དང་ཞིང་སྡེར་ཞབས་ཞུ་བྱེད་པར་སྐུལ་སློང་བཅས་བྱེད་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡིད་ཆེས་བརྟན་པོ་དང་ནུས་ཤུགས་ཡོད་རྒུ་འདོན་པ། དཀའ་སྒྲུབ་དངོས་སྒྲུབ་བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པ་དང་། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་དམིགས་འབེན་ཕྱོགས་སུ་ཏན་ཏིག་གིས་མདུན་དུ་སྐྱོད་དགོས། །


 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།