ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས།(བཞི་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཐུ་བོ་ཆེས་བསྒྱུར།   སྤེལ་དུས། : 2023-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེའུ་གསུམ་པ། སྐྱེ་ཁམས་སྲུང་སྐྱོང་སླར་གསོ།

དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་བསྣན་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་བྱེ་མ་གངས་འཁྱགས་གཅིག་གྱུར་ཅན་གྱི་སྲུང་སྐྱོང་སླར་གསོ་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་སླར་གསོ་གཙོར་འཛིན་པ་དང་རང་བྱུང་སླར་གསོ་དང་མིས་བཟོས་སླར་གསོ་ཟུང་སྦྲེལ་བྱེད་པའི་མ་ལག་བཅོས་སྐྱོང་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་དགུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་དོན་ལ་ཤུགས་བསྣན་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་བཙུགས་པར་མ་ལག་དང་ལྡན་པའི་སྲུང་སྐྱོང་དང་ཁུལ་དབྱེ་རིགས་བཀར་གྱི་དོ་དམ་བྱེད་དགོས་ལ། ཚན་རིག་ལྟར་ཕྱུགས་བཀག་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྩྭ་ས་ཞན་འགྱུར་དང་བརླན་ས་ཞན་འགྱུར། བྱེ་འགྱུར་ཅན་གྱི་ས་ཞིང་བཅོས་སྐྱོང་དང་ས་ཆུ་ནུས་པ་ཤོར་བ་སྔོན་འགོག་གི་ནུས་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། ས་ཞིང་ཞན་འགྱུར་ཚབས་ཆེན་རིགས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། ནན་ཏན་སྒོས་སྐྱེ་ཁམས་བྱེད་ནུས་ལ་གཏོར་བརླག་དང་ཡང་ན་ཧེ་བག་ཅན་གྱི་དོ་དམ་ཚོད་འཛིན་བླང་བྱ་དང་མི་འཚམ་པའི་རིགས་སོ་སོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱ་འགུལ་རིགས་གཏན་འགོག་བྱེད་དགོས།

དོན་ཚན་ཉི་ཤུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཚོ་བོད་མཐོ་སྒང་གི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཚོ་བོད་མཐོ་སྒང་གི་གངས་རི་དང་འཁྱགས་དར། ས་འཁྱགས་བཅས་ཀྱི་སྲུང་སྐྱོང་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། གངས་རི་འཁྱགས་དར་ས་འཁྱགས་བཅས་ཀྱི་བརྟག་བཤེར་ཚད་ལེན་ཉེན་ཟོན་དང་མ་ལག་སྲུང་སྐྱོང་ལ་ཤུགས་སྣོན་དགོས།

མཚོ་བོད་མཐོ་སྒང་གི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རི་རྩེ་འཁྱགས་རིམ་དང་འཁྱགས་ཀླུང་ཆེ་ཤས་དང་གཞི་ཁྱོན་ཆུང་བའི་གངས་འཁྱགས་ཚོགས་སོགས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཞག་སྟེ། གངས་རི་འཁྱགས་དར་གཙོ་བོར་རི་རྒྱ་སྲུང་སྐྱོང་དང་། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་མིས་བཟོས་གཏོར་བརླག་ལ་ནན་ཏན་གྱིས་ཚོད་འཛིན་བྱེད་དགོས།

མཚོ་བོད་མཐོ་སྒང་གི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ས་འཁྱགས་ཁུལ་གྱི་སྲུང་སྐྱོང་ཁྱབ་ཁོངས་བཀར་ཏེ། ལོ་མང་ས་འཁྱགས་ཁུལ་དང་དུས་ཚིགས་རང་བཞིན་གྱི་ས་འཁྱགས་ཁུལ་གྱི་སྲུང་སྐྱོང་ལ་ཤུགས་བསྣན་ནས། ནན་ཏན་གྱིས་ལོ་མང་ས་འཁྱགས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་ལ་ཚོད་འཛིན་བྱེད་པ་དང་། ལོ་མང་ས་འཁྱགས་ཁུལ་གྱི་གྲོང་རྡལ་འཆར་འགོད་དང་འགྲིམ་འགྲུལ། སྦུག་ལམ་སྐུད་པ། གློག་སྐྱེལ་གློག་སྒྱུར་སོགས་གཙོ་གནད་བཟོ་འགོད་ལས་གཞིའི་ཞིབ་བཤེར་ཆོག་མཆན་གཟབ་ནན་ཏུ་གཏོང་དགོས།

མཚོ་བོད་མཐོ་སྒང་གི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གངས་རི་འཁྱགས་དར་ས་འཁྱགས་དང་ཉེ་འཁོར་སྐྱེ་ཁམས་མ་ལག་གི་མཐུན་སྦྱོར་སྲུང་སྐྱོང་སྤེལ་ནས། གངས་རི་འཁྱགས་དར་ས་འཁྱགས་ཀྱི་སྲུང་སྐྱོང་ལ་ཕན་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་འཛིན་བྱེད་དགོས།(མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།